གཡུ་དྲུག་དཀར། རྡ་ས།
ཕ་ཡུལ་ནི་འགྲོ་མི་ཀུན་པོར་བདོ་བའི་སེམས་ཀྱི་ལོག་མལ་གཅིག་པུ་རུ་སོང་། ཕ་ཡུལ་དང་ཁད་དུ་ཆད་པ་ནས་སེམས་པ་ལོང་ལོང་ངེར་ཆགས་ས་གཏད་ས་ཞིག་ཡེ་ནས་མེད་པར། གོམ་པ་རེ་རེའི་བར་ནས་ཀྱང་སེམས་ལ་བརྡབ་གསིག་གྲངས་མེད་ཤོར་བཞིན་མི་ཡུལ་གྱི་སྡུག་མཐའ་རུ་ལྷུང་འགྲོ།
ཕ་ཡུལ། ཨ་་་་ཕ་ཡུལ། ཁྱོད་ཡོད་པས་ད་གཟོད་བདག་ལ་སེམས་པ་འདི་གྲུབ་ལ། ཁྱོད་ཡོད་པས་ད་གཟོད་བདག་ལ་ལུས་པོ་འདི་ཐོགས་པ་རེད་པས། བདག་གི་སེམས་པ་དང་ཁྱད་དུ་མེད་པའི་ཕ་ཡུལ། བདག་གི་ལུས་པོ་དང་ཁྱད་དུ་མེད་པའི་ཕ་ཡུལ། བདག་གི་མིག་གིས་མཐོང་བའི་ལྟད་མོ་ཐོག་མ་དེ་ཁྱོད་ཡིན། བདག་གི་སྣ་ཡིས་ཚོར་བའི་དྲི་ངད་ཐོག་མ་དེ་ཁྱོད་ཡིན། བདག་གི་རྣ་བས་ཐོས་པའི་སྒྲ་དབྱངས་ཐོག་མ་དེ་ཁྱོད་དང་། བདག་གི་ལྕེ་ཡིས་མྱངས་པའི་རོ་མཆོག་ཐོག་མ་དེ་ཁྱོད་ཡིན་ལ། བདག་གི་ཡིད་ཀྱིས་ཤེས་པའི་འཇིག་རྟེན་ཐོག་མ་དེའང་ཁྱེད་ཡིན། ཕ་ཡུལ། བདག་གི་མགོ་ཐོག་གི་གནམ་ནས་རྐང་འོག་གི་ས་བར་གྱི་ཡོད་ཚད་ཁྱོད་ལས་གཞན་ཅི་ཞིག
ཕ་ཡུལ། ཨ་་་་་་་་་་་ཕ་ཡུལ། བདག་གི་ྐླད་པའི་གཡོན་ངོས་གཡས་ངོས་ལ་འབྱར་བའི་ཤེས་བྱ་འགོ་མ། བདག་གི་སེམས་ཀྱི་མེ་ལོང་ནང་དུ་གསལ་བའི་གཟུགས་སྣང་འགོ་མ། བདག་གི་རྟོག་པའི་ཡོལ་ངོས་ལ་འཆར་བའི་གྲོང་ཁྱེར་འགོ་མ། བདག་གི་རྨི་ལམ་གྱི་གཞི་འཛིན་འགོ་མ། བདག་གི་ངུ་ངག་དང་དགོད་སྒྲའི་དབྱངས་རྟ་འགོ་མ་སྟེ། བདག་གི་ཡོད་ཚད་ཀྱི་འགོ་ཕ་ཡུལ་ནས་བརྩམས་པ་ཡིན་པས།
བདག་གི་སྙན་ངག་ཀྱང་ཁྱོད་ཀྱི་རྣམ་པ་འབྲི་བ་དང་ཁྱོད་ཀྱི་དྲན་གདུང་བརྗོད་པ་ལས་འགོ་བརྩམས་པ་ཡིན་ཏེ། བདག་གི་སྙན་ངག་འདིའང་ཁྱོད་དང་རིང་དུ་གྱེས་པའི་སྡུག་ཡུས་ཀྱིས་བཙུར་བའི་ཡིད་གཟུགས་ཀྱི་རི་གྲོང་ཞིག བདག་གི་སྙན་དག་འདིའང་ཁྱོད་དང་ལྷན་དུ་གནས་པའི་སེམས་ཀྱི་དབྱངས་འགྲོས་ཤིག བདག་གི་སྙན་ངག་འདིའང་ཁྱོད་ལ་དགའ་བ་དང་བསྟོད་པའི་ཐིགས་རིས་ཤིག བདག་གི་སྙན་ངག་འདིའང་ས་མཐའ་ནས་ནམ་ཡང་ཡིད་ལ་འཁོར་བའི་ཕ་ཡུལ་གྱི་གཟུགས་སྣང་གསོན་པོའོ།།
དེ་བས། ཕ་ཡུལ་དང་ཁ་ཐག་རིང་དུ་ཤོར་བ་ནས་དྲན་སྣང་ལོང་ལོང་གི་ཁུར་བོ་ལྕི་མོ་རྒྱབ་ལ་ཁུར་ནས་བདག་གིས་སེམས་ཀྱི་ཁ་དོག་ལྟ་བུའི་སྙན་ངག་དང་རྨི་ལམ་གྱི་ཁྲོད་དུ་ཁྱེད་ཁོ་ན་བཞེངས་བསྐྲུན་བྱེད་པ་ཡིན་ལ། ཕ་ཡུལ་དང་མ་ཤི་གསོན་བྲལ་བྱས་པ་ནས བདག་གི་སྙན་ངག་ནི་བདག་གི་སེམས་ཀྱི་ཕ་ཡུལ་ཡིན། བདག་གི་ཕ་ཡུལ་ནི་བདག་གི་སེམས་ནས་བཞུར་བའི་སྙན་ངག་ཡིན། བདག་གིས་སྙན་ངག་འབྲི་དོན་ཡང་རང་གི་ཕ་ཡུལ་དང་སེམས་པ་གཉིས་གཅིག་ཏུ་གནས་ཆེད་ཡིན་ལ། ཡང་གཅིག་བཤད་ན། བདག་གིས་ཕ་ཡུལ་སེམས་ནས་མི་འབོར་བའི་ཆེད་དུ་ཡིན་ཞིང་། ཕ་ཡུལ་གྱིས་བདག་གི་སེམས་པ་མི་བརྗེད་པའི་ཆེད་དུ་ཡིན།
འདི་ལྟར་ཕ་ཡུལ་ཁད་དུ་ཤོར་བ་ནས་བདག་གི་སེམས་ཁོང་དུ་སྙན་ངག་གི་ལྕགས་མཁར་སྨུག་པོ་ཞིག་ལྷུན་གྱིས་གྲུབ་ཅིང་། བརྗིད་ཆགས་པའི་སེམས་ཀྱི་ལྕགས་རིའི་ནང་ན། བདག་གིས་ཕ་ཡུལ་གྱི་རི་མོ་འབྲི་བཞིན་ཆིག་ལབ་རྒྱག་གིན་སྙན་ངག་འབྲི་བཞིན་ཡོད་ན། སྙན་ངག་གིས་བདག་གི་སེམས་པ་ནེམ་པ་ནི། ཕ་ཡུལ་གྱིས་སེམས་པ་ནེམ་པ་དང་ཅི་ཁྱད། ངའི་སེམས་པ་ཕ་ཡུལ་གྱིས་ནེམ་ཡོད། སེམས་པ་ཕ་ཡུལ་གྱིས་ནེམ་ན། ཁ་སྐམ་ཡང་ཁོག་ཚ་ཡང་། སེམས་པ་ལྷོད་ལ་འབབ་ལ། རུས་རྐང་འཁྱག་ཀྱང་ཤ་ཁྲག་འདར་ཡང་། ལུས་པོ་དྲོད་ལ་བདག་པས། བདག་གིས་ནམ་ཡང་མགྲིན་ངག་ཕྲ་མོ་ལས་ཕ་ཡུལ་གྱི་བདེ་སྡུག་དགོད་སྒྲ་དང་ངུ་ངག་གིས་གླུ་རུ་གྱེར་ཆོག་ཨང་།
བདག་གི་སྙན་ངག་ཁོ་ན་ནི་བདག་ཕ་ཡུལ་དང་ལྷན་དུ་དགོད་ས་ཡིན་ལ། བདག་གི་སྙན་ངག་ཁོ་ན་ནི་བདག་ཕ་ཡུལ་དང་ལྷན་དུ་ངུ་སའོ།།
ཨ་རོ། དེང་སང་སྙན་ངག་བྲིས་ན་མིས་མཐོང་ཆུང་བཏང་གི་འདུག ག་རེ་ཟ། ལས་མེད་ཡིན་ན་ཅིག་ལབ་ཀི་འདུག ཧཧཧཧཧ