ལོ་མ་རྒྱལ།
གངས་དཀར་ཏི་སེ་ལྟ་བུའི་བརྩམས་སྒྲུང་ཞིག་གི་ཆེད་དུ།
མཚོ་མོ་མ་པང་ལྟ་བུའི་མེ་ལོང་ཞིག་གི་ཆེད་དུ།
ཁྱུང་བོ་སྤུང་ཟད་ལྟ་བུའི་སྨྱུག་གུ་ཞིག་གི་ཆེད་དུ།
བདག་ནི་འོ་ལྡེ་སྤུ་རྒྱལ་ལྟར་སྤུ་བོ་ནས་ཡར་ཀློང་ལ་ཆས།
རི་དང་ལུང་བ་བརྒལ། ཆུ་དང་གཙང་བོ་བཅད།
ཚོ་བ་དང་ཚོ་བ་ལ་མདུང་གིས་འཐབ། གྲི་ཡིས་འཁྲུག ཤེད་ཀྱིས་བསྐྱོད།
ཡར་ཀླུང་ནི་བོད་ཁ་གཡག་དྲུག་གི་གནས་ཏེ། བོད་ཟེར་བ་ཡང་དེའོ།
བཙན་པོ་ནི་འོ་ལྡེ་སྤུ་རྒྱལ་ཏེ། སྤུ་རྒྱལ་ཟེར་བ་ཡང་དེའོ།
བརྩམས་སྒྲུང་ནི་བརྩམས་ནས་གྲུབ་པ་སྟེ། རྩོམ་ཟེར་བ་ཡང་དེའོ།
བདག་གིས་དེ་ལྟར་བརྩམས་སྒྲུང་འབྲི་མགོ་བརྩམས།
ཡར་ཀླུང་གི་རྒྱལ་ཁམས་རྒྱ་བསྐྱེད་ཚུལ་གྱིས་བརྩམས་སྒྲུང་བྲིས།
ཁྱུང་བོ་སྤུང་ཟད་ཀྱིས་རྗེ་མར་མུན་གྱི་མགོ་བོ་བཅད་དེ།
གཙང་གི་ཁྱིམ་དུད་ཉིས་ཁྲི་རྗེ་ལ་ཕུལ་བའི་གཡོ་ཡི་ཆ་དང་།
མགར་སྟོང་བཙན་ཡུལ་ཟུང་གིས་ཟུ་ཙེ་ཡི་ཇུས་ངན་ཚོར་ཏེ།
སྲོང་བཙན་གྱི་སྐུ་བསྐྱབས་པའི་མཛངས་པའི་ཆ།
བློན་པོ་རྣམས་ཕན་ཚུན་ལ་ཕྲག་དོག་གིས་མེ་ལྕེ་འབར་ཏེ།
དུག་གིས་ནང་དམེ་དང་གཡོ་ངན་བཤམས་པའི་ཆ།
འབངས་བློན་དང་མངའ་ཁོངས་བཙན་པོར་གློ་བ་རིངས་ཏེ།
གནམ་རི་སྲོང་བཙན་དུག་གིས་བཀུམས་པ་སོགས།
བདག་གི་བརྩམས་སྒྲུང་གི་ནམ་མཁའ་དང་རི་ལུང་ནས།
རྒོད་འཕུར་འཕུར་དང་འབྲོང་གཤར་གཤར་གྱིས་མངོན་ཡོད།
དེ་ནི་བདག་གིས་བརྩམས་སྒྲུང་འབྲི་སྐབས་ཚེགས་ཆེ་བའི་སྐབས་སོ།
སྐབས་དེ་ནི་ང་རང་བསམ་གཞིགས་ཀྱི་འོབས་སུ་ལྟུང་བའི་སྐབས་ཀྱང་ཡིན།
བདག་གིས་ད་དུང་མུ་མཐུད་ནས་བརྩམས་སྒྲུང་འབྲི་དགོས།
བདག་ནི་ཆེད་དུ་བརྩམས་སྒྲུང་འབྲི་མཁན་ཞིག་ཏུ་སྐྱེས་ཡོད་པ་ཡང་འདྲ།
བརྩམས་སྒྲུང་གི་བརྗོད་བྱ་ཕུན་སུམ་ཚོགས་པ་དང་གྱ་ནོན་པ་ཞིག་ཡོང་ཆེད།
བརྩམས་སྒྲུང་གི་རྗོད་བྱེད་སྡེབ་ལེགས་པ་དང་རྣ་བར་སྙན་པ་ཞིག་ཡོང་ཆེད།
བདག་གི་སྲོང་བཙན་ལྟར་ཞང་ཞུང་ལ་གཉེན་བསྡེབས་ཏེ།
བརྩམས་སྒྲུང་གི་མངའ་ཐང་དང་འཕེལ་ཁ་དགུང་དུ་བསྟད།
བདག་གིས་སྲོང་བཙན་ལྟར་རྒྱ་ནག་ལ་གཉེན་བསྡེབས་ཏེ།
བརྩམས་སྒྲུང་གི་སྒྱུ་རྩལ་དང་བརྗོད་དོན་གཏིང་དུ་བཙུགས།
བདག་གིས་སྲོང་བཙན་ལྟར་བལ་ཡུལ་ལ་གཉེན་བསྡེབས་ཏེ།
བརྩམས་སྒྲུང་གི་དུམ་ཚན་དང་ཡིག་འབྲུ་དག་ལ་ཡང་བྱི་དོར་བྱས།
དེ་ལྟར་བདག་གིས་བརྩམས་སྒྲུང་གི་ཕྱི་ནང་སྔར་བས་ཇེ་རྒྱས་སུ་བསྐྱེད་པ་ཡིན།
དེ་ལྟར་བདག་གིས་བརྩམས་སྒྲུང་གི་ཡི་འབྲུ་སྔར་ལས་ཇེ་མང་དུ་བཏང་བ་ཡིན།
བདག་གི་བརྩམས་སྒྲུང་གི་བརྗོད་བྱ་འུ་དུམ་བཙན་པའི་སྐབས་སུ་བསླེབས་དུས།
བདག་ནི་ཧ་ཅང་ལོ་ན་ཕྲ་བས་བརྩམས་སྒྲུང་ཇི་ལྟར་འབྲི་དགོས་པ་ཡང་མ་ཤེས།
ལྷ་ལུང་དཔལ་རྡོར་གྱིས་རྗེ་བོ་མདའ་ཡིས་བཀུམས་རྗེས།
བདག་གི་བརྩམས་སྒྲུང་གི་གཤོག་པ་ལ་རྨས་ཕོག་པ་ལྟར་ཁ་ཕྱོགས་བསྣོགས།
ཡུམ་བརྟན་གྱི་རྗེས་སུ་འབྲངས་ཏེ་བརྩམས་སྒྲུང་འབྲི་དགོས་སམ།
འོད་སྲུང་གི་རྗེས་སུ་སྙེག་སྟེ་བརྩམས་སྒྲུང་འབྲི་དགོས་སམ།
དེ་ནས་བཟུང་། བདག་གི་བརྩམས་སྒྲུང་གི་སྒལ་ཚིགས་བརླགས་སོང་།
དེ་ནས་བཟུང་། བདག་ནི་ཕ་མ་མེད་པའི་དྭ་ཕྲུག་ཅིག་ཏུ་གྱུར་སོང་།
དེ་ནས་བཟུང་། བདག་ནི་ཡུལ་ལུང་གང་སར་འཁྱམས་ཤིང་མྱུལ།
དེ་ནས་བཟུང་། བདག་གི་མིང་ལ་འཁྱམས་པོ་ཞེས་བརྗོད།
འདི་ནི་བདག་གི་བརྩམས་སྒྲུང་གི་ཁྲོད་ནས་ཉི་མ་མ་ཤར་བའི་སྐབས་དེ་ཡིན།
གྲི་གུམ་ལོ་ངམ་གྱིས་བཀུམས་པ་ཡང་བདག་གི་བརྩམས་སྒྲུང་གི་ཟུར་ཅིག
རུ་ལས་སྐྱེས་ཀྱིས་རོ་སྐྱིན་བླངས་པ་ཡང་བདག་གི་བརྩམས་སྒྲུང་གི་སྣེ་ཞིག
སྲོང་བཙན་གྱི་དབུ་ལ་ལྷ་བཙུགས་པ་ཡང་བདག་གི་བརྩམས་སྒྲུང་གི་ཆ་ཞིག
འུ་དམ་གྱི་དབུ་ལ་རྭ་བསྟད་པ་ཡང་བདག་གི་བརྩམས་སྒྲུང་གི་ངོ་ཞིག
དཔལ་རྡོར་གྱིས་འུ་དུམ་བཀུམས་པ་ཡང་བདག་གི་བརྩམས་སྒྲུང་གི་ཁུག་ཅིག
སེང་གོ་མྱི་ཆེན་གྱིས་མདུང་མོ་ཐབས་གཅིག་གིས་དྭགས་པོ་ཕབ་པ་ཡང་དེའོ།
*སྤུ་ལྡེ་དང་ཧ་རི་གཉིས་ཉང་རྐོང་གཉིས་སུ་སྤྱུགས་ཏེ་བཙན་ལ་བྱོལ་བ་ཡང་དེའོ།
བདག་གིས་ད་དུང་བརྩམས་སྒྲུང་གི་མཇུག་བསྡུས་མེད།
བདག་གིས་ད་དུང་བརྩམས་སྒྲུང་གི་མཇུག་བསྡུས་མི་ཐུབ།
བདག་གིས་ད་དུང་བརྩམས་སྒྲུང་མུ་ནས་འབྲི་དགོས།
བརྩམས་སྒྲུང་གི་རྣམ་ཤེས་ལ་འཐིམས་པའི་ཡིག་འབྲུ་མང་པོ་ད་རུང་གསོན་ཡོད་པའི་ཕྱིར།
བརྩམས་སྒྲུང་གི་རི་ལུང་ན་མྱུལ་བའི་བརྗོད་བྱ་མང་པོ་ད་རུང་གསོན་ཡོད་པའི་ཕྱིར།
བརྩམས་སྒྲུང་གི་ནམ་མཁའ་ན་བསྐྱོད་པའི་སྒྱུ་རྩལ་མང་པོ་ད་རུང་གསོན་ཡོད་པའི་ཕྱིར།
15/01/2015
*མཆན། སྤུ་ལྡེ་དང་ཧ་རི་གཉིས་ནི་གྲི་གུམ་གྱི་སྲས་གཉིས་ཏེ། ལ་ལས་སྲས་གསུམ་ཡོད་པར་ཡང་བརྗོད་མོད། ཡིག་རྙིང་དུ་ཐོན་པ་ལྟར་ན་སྲས་གཉིས་སོ། གཞན་ཡང་ཆོས་འབྱུང་ཁག་དང་། ཏུང་ཧོང་ཡིག་རྙིང་དུ་ཡང་སྲས་ཤ་ཁྱི་དང་ཉ་ཁྱི་ཞེས་ཡོད་ཅིང་། དེ་ཡང་ལོ་ངམ་གྱིས་མཚང་མིང་དུ་བཏགས་པར་གསལ། དེ་ན། གྲི་གུམ་གྱི་སྲས་གཉིས་ཀྱི་མིང་དངོས་ནི་སྤུ་ལྡེ་དང་ཧ་རི་ཞེས་པ་འདི་རེད་སྙམ། ཧ་རི་ལ་ཡང་འབྲི་ཚུལ་གཞན་ཞིག་སྟེ། ཧ་ཁྲི་ཞེས་<< དར་རྒྱས་གསལ་སྒྲོན། >> ་དུ་གསལ།
རྩོམ་ཡག་པོ་འདུག བསམ་བློ་གཏོང་སྟངས་གསར་པ་རེད། རྗེས་སུ་ཡི་རངས་ཡོད།
བརྩམས་སྒྲུང་རང་རེད་(མ་ཕང་)མ་ཕམ་གཡུ་མཚོ་)ཡག་པོ་བྲིས་འདུག་།
རྒྱལ་རབས་ཀློག་མྱོང་མཁན་མིན་ན་གོ་བརྡ་འཕྲོད་ཁག་།
གནམ་གྱི་ཁྲི་བདུན་འཇའ་ལུས་འཐིམས་པ་དང་།
དུག་གི་སྦྱོར་བར་གཉའ་ཁྲི་ཞེད་པ་སོགས།
ཡར་ལུང་ཡུལ་ནས་སྒང་བར་ཁྱབ་པ་སྟེ།
སྒྲུང་གི་སྒོ་མོ་རླུང་གིས་མི་འབྱེད་དམ།
ལོ་མ་རྒྱལ་ཁྱོད་ངོ་མ་ཁ་བྲོ་བཀྲ་ཤིས་དཔེ་སྙན་པོ་བྲིས་འདུག ། ད་དུང་ཆུ་ཆེན་རབ་བརྟན་རྒྱལ་པོ་དང། ཁམས་བེ་རི་རྒྱལ་པོ་གཉིས་ཀྱི་སྐྱིད་སྡུག་གནས་སྟངས་གང་བྱུང་སྐོར་ལའང་རྩོམ་འདི་འདྲ་རེ་བཀའ་དྲིན་ཆེ་བར་ཞུ། །
བསམ་བློ་གསར་བ། ལྟ་བ་གསར་བ། འབྲི་སྟངས་གསར་བ། དཔེ་འཇོག་སྟངས་གསར་བ། ལོ་མ་རྒྱལ། མྱིང་ར་གསར་བ། མ་ཕམ་གཡུ་མཚོའི་མིང་གསར་བ་བཟོས་འདུག མ་པང་ལབ་འདུག མ་པང་ཟེར་བའི་མིང་ཚིག་འདི་གསར་བ་བཟོ་དགོས་ས་མ་རེད།
ཡིག་ཆ་རྙིང་པ་ཁག་ཅིག་གི་ནང་་་མ་པང་གཡུ་མཚོ་་་ཞེས་བྲིས་ཡོད་པ་རེད། བོན་པོ་ཚང་ལ་་་མ་པང་རྩ་བའི་ལྷ་ཚོགས་་་ཟེར་བ་དེ་འདྲ་ཡང་འདུག དེར་མ་ཟད་ལ་དྭགས་ལ་ཡང་་་་པང་ཀོང་མཚོའམ་་་སྤང་གོང་མཚོ་་་ཞེས་པ་ཡང་ཡོད། འདི་ལྟར་ཕྱོགས་གང་ནས་བརྟག་ཀྱང་་་མ་པང་་་ཞེས་པ་དེ་རང་དག་པར་སེམས་སོ། །
བརྩམས་སྒྲུང་བཅོས་སྒྲུང་མ་བྱུང་རྫུན། །
རྒྱལ་རབས་འབྱུང་རབས་བྱུང་བའི་སྒྲུང་། །
ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ། །
གྲི་གུམ་སྲས་གསུམ་ཡིན་པར་གྲགས། །
སྤུ་ལྡེ་ཧ་རི་ཧ་ཁྲི་གསུམ། །
རུ་ལས་སྐྱེས་དང་གཞན་གསུམ་མིང་། །
ཡིན་སྲིད་ད་དུང་དཔྱད་གཟབ་གྱིས། །
དྲྭ་གྲོགས་རྣམ་པ་ལགས།
སྟོད་ཞང་ཞུང་རིག་གནས་ཀྱི་མངའ་ཁམས་སུ་་་་མ་པང་མཚོ། པང་ཀོང་མཚོ། ཞེས་མིང་གི་ཆ་འདྲ་བའི་མཚོ་གཉིས་འདུག་ཀྱང་།
བོད་ཡུལ་གྱི་ས་ཆ་གཞན་པ་ཚོར་་་པང་་་མིང་ཅན་གྱི་མཚོ་དང་མཚེའུ་དེ་འདྲ་ཡོད་དམ། །
སྟོད་མ་པང་གཡུ་མཚོ་ལ་རྗེས་སུ་མི་ལ་དང་ན་རོ་བོན་ཆུང་གཉིས་ཁྱོད་ཤི་ང་གསོན་གྱིས་ཐོབ་ཤོར་བྱུང་བའི་ཚེ་ན་མི་ལ་མ་ཕམ་པས་ན་དེ་ལྟར་བཏགས་པར་མི་ལའི་རྣམ་ཐར་འགའ་ཞིག་ནང་དུ་འདུག་དེ་བདེན་མིན་སུས་ཤེས། ཏུན་ཧོང་ཡིག་རྙིང་ནང་དུའང་མ་ཕམ་ཞེས་བྲིས་པ་འདུག་པས་ལོ་དུས་ཀྱི་ཆ་ནས་སྔ་ཕྱིའི་གནམ་ས་རེད
གངས་དཀར་ཏི་སི་དབུ་འཕང་་མཐོ་།
དབུ་འཕང་མཐོ་ལ་བསྐོར་ར་བསྐོར་།
བསྐོར་ར་བསྐོར་མི་སྣང་གསོ་བདེ་།
མ་ཕམ་གཡུ་མཚོ་ཁ་ཞེངས་ཆེ་།
ཉ་ཆུང་གསེར་མིག་སྣང་གསོ་བདེ་།
སྣང་གསོ་བདེ་ལ་བསྐོར་ར་བསྐོར་།
གངས་དཀར་ཏི་སེ་རི་རྒྱལ་འདྲ། །
ཆུ་འགོ་ཆོས་འགོ་ཀུན་གྱི་འགོ། །
མ་ཕམ་གཡུ་མཚོ་མ་གྲོས་མཚོ། །
ལྷ་བབས་ཀླུ་གནས་གནས་ཀྱི་མཚོ། །
ཏུན་ཧོང་ཡིག་རྙིང་དུ། “འདིར་དྲལ་གྱྀ་སྙན་དུ་གདའ་སྟེ། བཙན་མོ་དེ་ལྟར་ལོག་པར་བགྱྀས་ན༎ ཆབ་སྲིད་ཀྱྀ་དཀྲུགས་མར་འགྱུར་བས་དེ་ལྟེ་བུ་མ་བགྱིད་པར། ལྀག་མྱི་རྷྱ་འྀ་སོ་ནམ་དང་བུ་སྲིད་ཟུང་ཤིག་ཆེས་། སྤུག་གྱིམ་བརྩན་རྨང་ཅུང་བཀའ་སྩལ་ཏེ། མཁར་ཁྱུང་ལུང་དུ་མཆིས་ན། བཙན་མོ་མྱི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང་། མཚོ་མ་པང་དུ་གཤེགས་ནས ༎” ཞེས་དང་ཡང་།“བཙན་མོས། །མགུར་བླངས་བའ༎ ཡུལ་གྱི་སྐལ་པོག་པ༎ ཁྱུང་ལུང་ཎྀ་རྔུལ་མཁར་ཞིག། མུ་སུ་ནི་གཞན་ན་རེ༎ པྱི་བལྟས་ཎྀ་ངམ་དང་བྲག། ནང་བལྟས་ཎྀ་གསེར་དང་དབྱིག། བདགྀ་ནི་གཡར་སྔ་རུ། མཆིས་སུ་ཎྀ་མ་ཐོ་འམ། སྐྱ་མོ་ནི་བསེང་བསེང་མོ། བྲན་གྱྀ་ནི་སྐལ་པོག་པ།། གུ་གེ་ཎྀ་རྐང་པྲན་ཞིག །འཁོལ་དུ་ཎྀ་མ་ཐོ་འམ། གུ་གེ་ཎྀ་བདྲེས་ཤིང་སྡང་།”
ཏུན་ཧོང་ཡིག་རྙིང་འདིར་་་མཚོ་མ་པང་་་་ཞེས་བྲིས་མི་འདུག་གམ་ལགས། །
མཚོ་མ་པང་དག་གམ། མཚོ་མ་ཕམ་དག ལགས།
མཚོ་མོ་མ་པང་ལྟ་བུའི་མེ་ལོང་ཞི ག་གི་ཆེད་དུ་།
མཚོ་མོ་མ་ཕམ་ལྟ་བུའི་མེ་ལོང་་ཞིག་་གི་ཆེད་དུ་།
པང་ནི་མི་གི་པང་རེད་།
ཕམ་ནི་རྒྱལ་ཕམ་གྱི་དོན་ཏེ་མཚོ ་དེའི་ཡོན་ཏན་ལ་ཕམ་ཁ་མེད་པས་ན་མ་ཕམ་
གཡུ་མཚོ་ཟེར་བ་འདོད་དོ་།
རིག་པས་དཔྱད་པ་འཚལ་།
བཙན་པོ་ལ་བཙད་པོ། ལྷ་ས་ལ་ར་ས། བསམ་ཡས་ལ་བྲག་དམར་དུ་བྲིས་པ་བོད་བཙན་པོའི་སྐབས་སུ་བཙུགས་པའི་རྡོ་རིང་དུ་གསལ་བ་བཞིན་ཏུན་ཧོང་ཡི་གེར་མ་ཕམ་ལ་མ་པང་ཞེས་བྲིས་པ་བདེན་དུ་སྲིད་ཀྱང་མ་ཕམ་ནོར། མ་པང་དག་པ་ཡིན་ཞེས་ཐག་གཅོད་དཀའ། གོང་དུ་དཔེ་མཚོན་བཀོད་པ་ལྟར་གནའ་བོའི་མིང་གི་རྗེས་འཇུག་ལ་འགྱུར་བ་ཕྱིན་པ་དང་། མིང་གཞི་འགྱུར་བ། མིང་ཆ་ཚང་གྱུར་པ་དེ་འདྲ་ཡོད་པ་ཡིན།