རྔ་བ་ཀུན་བཟང་།
གྲང་རྒྱུ་མེད་པའི་གནམ་གཤིས་ལེགས་པོ་ཞིག་ལ། ཆར་པ་སིམ་སིམ་ཞིག་ཆད་མེད་དུ་བབས་ཀྱང་། རབ་མཛེས་འཚིག་ཇ་ཁང་ཁྱེད།། མི་འགྱུར་སྔར་བཞི་བཞུགས་དུས།། ཀུན་བཟང་དེ་རིང་ཡོང་བ།། ནོར་བའི་སྣང་བ་མི་འདུག། ཞེས་པའི་ཚིག་འདི་དབང་མེད་ལ་ཤོར། ཞོར་ལ་ཚངས་དབྱངས་ཀྱི་མགུར་གླུ་“དབུས་ཀྱི་རི་རྒྱལ་ལྷུན་པོ། ། མི་འགྱུར་བརྟན་པོར་བཞུགས་དང་། ། ཉི་མ་ཟླ་བའི་འཁོར་ཕྱོགས། ། ནོར་ཡོང་བསམ་པ་མི་འདུག །” ཞེས་པའི་ཚིག་འདི་ཡང་ཚོར་སྣང་དེ་འདྲ་ཞིག་གི་དུས་ལ་ཤོར་ཡོད་ནི་རེད་མོད་ཡུམ།
ཀློག་པ་པོ་ལགས། གཤམ་ལ་ངའི་རྒྱུ་མངའ་ཆེ་བའི་འཚིག་ཇ་ཁང་དེ་ངོ་སྤྲོད་ཞིག་བྱེད་ན་ཆོག་གམ། འཚང་ཁ་ཤིག་ཤིག་གི་ཡོང་སའི་འཚིག་ཇ་ཁང་འདི་ཆུ་བོ་གངྒའི་འགྲམ་གྱི་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་གི་སྒོ་ཆེན་གྱི་གཡས་ཕྱོགས་ན་ཡོད་པའི་གྲགས་ཙན་རོ་མ་“Roma”ཞེས་པའི་ཟ་ཁང་གི་ཐོག་རྩེག་གཉིས་པ་ལ་ཡོད། འཚིག་ཇ་ཁང་གི་མིང་ངོ་མ་ལ་ཞེས་བྲིས་ཡོད་ཀྱང་། ངས་མིང་འདིའི་གོང་ལ་མཚན་མོ་ཞེས་ཚིག་གཅིག་གསར་དུ་སྣོད་ན་ཧ་ཅང་འཚམས་པར་མཐོང་། རྒྱུ་མཚན་རྗེས་ལ་བཤད། གང་ལྟར་མིང་འདི་འཚིག་ཇ་ཁང་གི་སྒོ་ཁ་ན་གློག་དམར་སྔོན་གཉིས་འབྲེལ་ཐོག་བྲིས་ཡོད། ཁྱེད་རང་གཟུགས་རིང་ན་ནང་ལ་འགྲོ་ཁ་གཟབ་གཟབ་གནང་དགོས།
བྲོ་བ་ཞིམ་པའི་འཚིག་ཇ་ཁང་འདིའི་ནང་གི་བཀོད་པ་ལ་མཚོན་ན། ཁྱེད་ནང་ལ་འཛུལ་མ་ཐག། མིག་ལམ་ན་མཐོང་ཡོང་བ་ནི་དུས་རབས་བརྒྱ་བཅུའི་འཕྲུལ་རྟ་ཞིག་སྒྱུ་རྩལ་གྱི་རི་མོ་སྣ་ཚོགས་བྲིས་པའི་གྱང་རྩ་ལ་གཤམ་ཡོད། ཁ་དོག་སེར་པོ་ཡིན། བཟོ་ལྟ་ཆུང་། བྱིས་པ་ལོ་བཅུ་ཅན་དང་བུད་མེད་གཟུགས་ཐུང་ཞིག་གི་ཞོན་ན་ཏག་ཏག་ཡོད་ནི་འདྲ་ཞིག་རེད།
དེ་ནས་གཡས་ཕྱོགས་ལ་ལྟ་ན་མི་རྒན་དཔོན་པོ་འགའ་བཞུགས་སའི་འབོལ་སྟེགས་ཆ་ཞིག་ཡོད་ལ་དཀྱིལ་ལ་བཟོ་བཀོད་ལེགས་པའི་ཤིང་གི་ཅོག་ཅེ་ཁ་དོག་ནག་ཙམ་ཅན་ཞིག་ཡོད།འབོལ་སྟེགས་དེའི་ཐོག་ལ་མི་ཆེན་དཔོན་པོ་དང་། གྲགས་ཅན་གྱི་གསར་འགྱུར་བཤད་མཁན་ཡོང་ནས་པར་དང་བརྙན་སོགས་བླངས་ནས་འགྲོ་མཁན་ལས། དལ་དལ་ལྷོད་ལྷོད་ཀྱི་ནམ་ཟླ་ཞིག་ཧ་ལམ་ཤར་གྱི་ཡོད་མེད་ཐེ་ཚོམ་རེད། བྱས་ཙང་། འབོལ་སྟེགས་དེའི་ཐོག་ལ་ཚིག་འདི་འདྲ་ཞིག་མཁོལ“ངན་པ་ཐོག་མར་ཚིག་གིས་འདྲིད།བག་ཕེབས་གྱུར་ན་ཕྱི་ནས་བསླུ།ཉ་པ་ཟས་ཀྱིས་ཁ་བྲིད་ནས།ཉ་རྣམས་གསོད་པར་བྱེད་ལ་ལྟོས།”ཞེས་པའི་ལེགས་བཤད་འདི་དེའི་ཚེ། དེའི་དུས་ཀྱི་འགྲོན་པོ་རྣམས་ལ་བརྡ་ཞིག་ཡིན་པར་འདྲ།
གཡས་ཕྱོགས་ཀྱི་སྒེའུ་ཁུང་འགྲམ་ན་ཤིང་དཀར་སེར་འདྲེས་མའི་ཞབས་སྟེགས་གཉིས་ཅན་གྱི་བཞུགས་ས་ཆ་གཉིས་ཡོད། བཞུགས་ས་འདི་མཐོང་དུས། ཡང་ཚིག་གཅིག་ཡིད་ལ་འཁོར་“སྙིང་གཏམ་ཕ་མར་མ་བཤད། ། ཆུང་འདྲིས་བྱམས་པར་བཤད་པས། ། བྱམས་པ་ཤ་ཕོ་མང་ནས། ། གསང་གཏམ་དགྲ་བོས་གོ་སོང་། །”ཞེས་པའི་མགུར་གླུ་དེ་ཙོག་ཅེ་དེའི་ཐོག་ལ་བྲིས་ན་ཧ་ཅང་ལེགས་པོ་མཐོང་། རྒྱུ་མཚན། ང་ནམ་ཡོང་ན་བསྡད་ས་འདིའི་ཐོག་ལ་སྙིང་གཏམ་མཐའ་མེད་ཞིག་བཤད་པ་མཐོང་ལ། རེ་འགའ་ཡི་མིག་ཆུ་གཏོང་བཞིན། རེ་འགའ་ཡི་བདེ་སྐྱིད་ཀྱི་དགའ་གླུ་ལེན། ཡང་རེ་འགའ་ཡི་མགོ་དང་ལག་པ་ཡང་ཐུག་ནས་ཧ་ལམ་མི་ལོ་མང་པོ་ཁ་བྲལ་དགོས་པའི་དུས་ལ་སླེབས་པ་ལྟར། ཕོར་པ་ནང་གི་འཚིག་ཇ་ཁ་གང་ཡང་མ་འཐུང་བར་ཕན་ཚུལ་གྱི་གདོང་ལ་ལྟ་ནས་ཁྱེད་མེད་ན་ང་མེད་། ང་མེད་ན་ཁྱེད་མེད་ཟེར་བའི་བརྩེ་དུང་གི་ཚོར་ཤུགས་ལས། མདུན་ན་ཡོད་པའི་འཚིག་ཇ་དང་གཡས་གཡོན་ལ་ལྟ་ཁོམ་ཞིག་གང་ན་ཡོད།
དེ་ནས་གཡོན་ཕྱོགས་ལ་བལྟས་ན་ཅོག་ཅེ་ཡང་དབྱིབས་སྒོར་སྒོར་དང་། རེ་རེ་ལ་མི་གསུམ་བཞི་རེ་བཞུགས་ཡོད། དེས་རྐྱེན་པས་ང་ནམ་ཡོང་ན་གཡོན་ཕྱོགས་ལ་མི་མང་བ་དང་། ཡོང་མཁན་ཡང་སློབ་ཆེན་ཤེས་ཡོན་པ་དང་། རྒན་རབས་པ། ནང་མི། གྲོགས་གྲོགས་མོ་སོགས་མཛེས་ལ་ཉམས་དགའ་བའི་རྣམ་པ་ཅན་ཧ་ཅང་མང་། རེད་མོད། ཀློག་པ་པོ་ལགས། ཁྱེད་ལྟ་ན་ང་ཕྱོགས་གང་ལ་བསྡད་དགོས་རེད། འཚིག་ཇ་ཁང་གཅིག་གི་ནང་ལ་འཇིག་རྟེན་སྣ་ཚོགས་མངོན་དུས། སྐབས་མང་པོ་ང་སྡོད་ས་ནོར་མྱོང་ལ། ངས་དྲན་གསལ་ལ་སྐབས་དེར་འཚིག་ཇ་ཁང་གི་མ་གཡོག་ཡོང་ནས་ང་ལ་ལམ་སྟོན་གནང་མྱོང་།
ཡང་འཚིག་ཇ་ཁང་འདིའི་གྱང་གི་རི་མོ་ལ་མཚོན་ན། ཆེས་དགའ་བའི་ལོ་མའི་རི་མོ་སྣ་ཚོགས་དང་། བྱ་རིགས། ཤིང་རིགས་སོགས་རང་འབྱུང་གི་མཛེས་པ་སྣ་ཚོགས་ཡོད། ད་དུང་གནམ་ལ་གློག་རིགས་སྣ་ཚོགས་ཀྱི་མཚན་མོའི་སྐར་ཚོགས་ཀྱི་འོད་མདངས་ལྟར་ཕྱོགས་ཡོངས་ནས་སྤྲོད་དུས། ཁྱེད་ལྷ་ཡུལ་ཞིག་ལ་ཡོད་པའི་ཚོར་སྣང་ཡ་མཚན་ཞིག་ཡོང་ནོ་ཁོ་ཐག་ཡིན། ལྷག་པར་ཏུ་དོ་ནུབ་ང་སྡོད་སའི་གྱང་ངོས་སུ་ལོ་མ་ལྗངས་མདོག་ཅན་གྱི་ཤིང་སྡོང་དང་། དེའི་ཐོག་ལ་བྱ་ཚང་དྲོད་སོབ་སོབ་གྱི་རི་མོ་ཞིག་བྲིས་འདུག། ནམ་ཞིག་ལ་བྲིས་མིན་མ་གཡོག་གི་ཀྱང་མི་ཤེས་ཟེར་གི། གང་ལྟར་བྱ་ཚང་འདི་དང་དེའི་ནང་གི་མ་བུ་གཉིས་མཐོང་དུས། སྨྲ་མི་ཤེས་མཁན་གྱི་རི་མོ་ཟེར་བ་ངོ་མ་ཚེ་སྲོག་གི་བདག་པོ་ཡིན་ཟེར་བའི་གཏམ་ལ་བདེན་པ་མཐོང་ལ། སྒྱུ་རྩལ་དང་འཆར་སྣང་གི་འཇིག་རྟེན་ན་ཡོད་ཚད་མཛེས་པ་ཡིན་ཞེས་པའི་གཏམ་ཡང་བདེན་པ་མཐོང་།
དེ་བས་ཀྱང་འཚིག་ཇ་ཁང་གི་ཞབས་ཞུ་བ། ལོ་སུམ་བཅུ་ཅན་གྱི་རྒྱ་གར་ཕོ་གསར་ཞིག་ཡིན། ཁ་ངོ་དེ་ཙམ་མི་ཡག་ཀྱང་། བཅོས་མིན་གྱི་རྣམ་འགྱུར་དང་ཡ་རབས་གུས་ཞབས་ཀྱི་ཆ་ལུགས་དེ་མཐོང་དུས། ཁ་དཔེ་ན། རྩྭ་ཐང་གི་རྒྱན་ཆ་མེ་ཏོག་ཡིན་ཟེར་བ་ལྟར། འཚིག་ཇ་ཁང་འདིའི་རྒྱན་ཆ་ཞབས་ཞུ་བ་རེད།དུས་གསུམ་དབྱེར་མེད་ངང་ ནམ་ཡིན་ན་དགའ་དགའ་སྤྲོད་སྤྲོད་དང་འཛུམ་མུལ་མུལ་གྱིས་འགྲོན་པོ་ཀུན་ལ་ཁ་དྲོད་ངོ་དགའ་ཡི་བསུ་མ་ཞུ་དུས། འཚིག་ཇ་ཁང་འདི་བཟང་པོ་གསུམ་ལྡན་གྱི་འགྲོན་པའི་ལུས་སེམས་གསོ་སའི་ལྷ་ཁང་ལས་ལྷག
བདག་གི་རྒྱུས་མངའ་ཆེ་བའི་འཚིག་ཇ་ཁང་གི་མིང་གི་ཐོག་ལ་མཚན་མོ་ཞེས་མཁོ་དོན་འཚིག་ཇ་ཁང་གི་མཚན་མོའི་ཁོར་ཡུག་འཇམ་ལ། འགྲོན་པོ་ཀུན་ཉི་མ་ནུབ་ཁ་ཡོང་མཁན་ཏག་ཏག་ལས། ཉིན་དཀྱིལ་ལ་ཡོང་མཁན་རེ་གཉིས་ལས་མེད། ད་དུང་མཚན་ལ་མཁའ་དབྱིངས་ཀྱི་སྒྱུ་སྐར་ཁྲི་སྟོང་མང་པོས་འོད་ཆེམ་ཆེམ་དུ་ཁྱེད་ལ་ལྟ་བའི་འཆར་སྣང་ཞིག་འཚིག་ཇ་ཁང་འདི་ནས་བསྐྲུན་ཐུབ།
30/01/2022
Night Flavours cafe