ལྷམ་ཀོག
སྙིང་རྗེ་བྱིན་ཆགས་ཧྲྰི་ཡིག་པདྨའི་འདབ།།
འཛམ་གླིང་མཐའ་དབུས་མེད་པར་གཡོ་བ་ཡི།།
གཞན་ཕན་ཀུན་བཟང་སྟོབས་ལས་འཁྲུངས་པའི་མགོན།།
དེ་རིང་ལན་གཅིག་བདག་གི་སྙིང་ལ་འཁོར།།
གསལ་ལེར་ཧྲིག་གེར་གཟིགས་པའི་ཉམ་ཐག་འགྲོ།།
བྲལ་བའི་སེམས་དང་གཅུན་པའི་སྡུག་ཡུས་ཀྱིས།།
མགོན་པོ་གང་ལ་རེ་བའི་མིག་འབུར་ནི།།
རྡོ་ལ་རི་མོ་བརྐོས་པས་མཚོན་དུ་མེད།།
གང་གི་ཐུགས་བསྐྱེད་མི་ཕྱེད་རྡོ་རྗེ་ཁམས།།
དུས་དང་བསྐལ་བའི་བར་དུ་ཆོད་མིན་པས།།
གདོང་མུན་སྟུག་པོའི་འགྲོ་རྣམས་མ་གྲོལ་བར།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་བ་འདེབས།།
ལས་ཀྱིས་མནར་ཞིང་རྐྱེན་གྱིས་གདུང་བ་ཡི།།
བོད་མི་མཆིས་སོ་ཅོག་གི་སེམས་ཀྱི་ཤུགས།།
གྱེན་དུའཕྱུར་ཞིང་སྤོབས་པས་འགྲེངས་པ་ཡང་།།
ཁྱོད་མཐུ་ཁོ་ནར་ངེས་སོ་བདག་གི་མགོན།།
ཚུལ་འཆོས་ཟོབ་བརྫུས་འཇིག་རྟེན་བསླུ་བྱེད་པའི།།
སྲོག་དབང་བྲལ་བའི་ཤིང་གི་སེང་གེ་དག།
གཞན་གྱི་བྲན་དང་རང་མིའི་གཤེད་གཟུགས་སུ།།
རྟག་པར་ལངས་ཚེ་མིག་ཆུ་སེམས་ལ་བཀུ།།
ཆོས་སྲིད་མཉམ་རུལ་བྱེད་པའི་དུས་ངན་འདིར།།
མགོན་ཁྱེད་ཇི་སྲིད་བར་དུ་འཚོ་བ་དང་།།
བསྟན་དང་བསྟན་འཛིན་སྐྱོང་བའི་དམ་ལྡན་ཚོས།།
མཐུན་རྐྱེན་དུས་སུ་སྒྲུབ་པའི་གྲོགས་མཛོད་ཅིག།
སྔོན་དུས་སྐལ་བ་ཡག་གི་སྐབས་སུ་ཧི་མ་ལ་ཡ་ཟེར་བའི་དྲ་ཚིགས་ཤིག་ཡོད། དྲ་ཚིགས་དེར་བོད་ནང་གིས་གཙོས་ཕྱི་སྡོད་བོད་མི་ཚོས་ཀྱང་རང་རང་གི་ཟིན་བྲིས་ཀྱི་ས་མིག་གཉེར་བཞིན། གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་སམ་དྲ་ཐོག་གི་སློབ་གཉེར་པ་ཚོས་བསམ་ཚུལ་བརྗེས་རེས་དང་འདོད་ཚུལ་སྤེལ་རེས་བྱས་མྱོང་ལ། བརྒྱུད་ལམ་དེ་ང་ཚོ་གཞིས་བྱེས་གཉིས་ཀྱི་རྩོམ་འབྲི་བ་དང་མཆན་པ་ཚོས་ཕན་ཚུན་ངོ་ཤེས་ཤིང་བློ་ཁའང་མཐུན་མྱོང་། ལྷམ་ཀོག་ངེད་གཉིས་ཀྱང་གོང་གི་བརྒྱུད་ལམ་དེ་ནས་ཐུག་ཅིང་ཕན་ཚུན་ལ་བསམ་ཚུལ་སྤེལ་མྱོང་ཡང་ད་ནི་བརྒྱུད་ལམ་གཏན་ནས་བཀག་ཟིན་པས་ན། བསམ་ཚུལ་ཚིག་རེ་གཉིས་ཀྱང་ཞུ་ས་མེད་ལ། ཐ་ན་ཕན་ཚུལ་གྱི་རྩོམ་ཡིག་སྐོག་པའི་སྐལ་བའང་ཧ་ཅང་ཕྲ། དེ་རིང་ཀ་བརྡ་དྲ་ཚིགས་བརྒྱུད་ནས་ཁྱེད་ཀྱི་འཁྲུངས་སྐར་བསུ་བའིསྙན་ཚིག་འདི་བཀླགས་པས་སེམས་སྤྲོ་ཞིང་ཡིད་ལ་དགའ་བདེས་ཁྱབ་སོང་། ཁྱེད་ཀྱི་རྩོམ་རྒྱུན་རིང་ཞིང་ཐུགས་སེམས་བདེ་བར་སྨོན། ད་ངས་འདི་ནས་ཁྱེད་ལ་ཞུ་རྒྱུ་ལ། ཁྱེད་ཀྱི་རྩོམ་ཡིག་འདི་ངེད་རང་དབང་དྲ་བའི་སྟེང་དུ་འགོད་ཆོག་པའི་ཆོག་མཆན་ཞུས་པ་ཡིན་ན་དེ་དོན་བཞིན་བརྒྱུད་འགོད་ཆོག་པར་ཞུ། དེ་བཞིན་དུ་ཁ་བརྡ་ལའང་དྲ་གྲོགས་ལྷམ་ཀོག་གི་རྩོམ་ཡིག་འདི་ངེད་རང་དབང་དྲ་བར་བརྒྱུད་འགོད་བྱེད་ཆོག་པར་ཞུ། ཐུགས་རྗེ་ཆེ།
བསྟན་དང་འགྲོ་བའི་བསམ་དང་སྤྱོད་པ་ཀུན།།
རང་དབང་ཕྲ་མོ་ཙམ་ཡང་འཕྲོག་བྱེད་པའི།།
དམར་པོའི་སྲིད་ཀྱི་འོག་ན་མནར་བཞིན་དུ།།
ཁྱོད་གཙོས་གཞིས་འབངས་དེ་རིང་བདེ་ལེགས་སམ།།
ལྐོག་ན་སེམས་ཀྱིས་རྩ་བའི་བླ་མ་ཆེ།།
རྒྱུན་དུ་དྲན་བཞིན་མཆུ་མས་དགོང་ཁྲུས་ཏེ།།
སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་མཛོད་ཅེས།།
ཡང་ཡང་འབོད་རྣམས་མགོན་དེས་རྗེས་སུ་ཟུངས།།
གདོང་དམར་བོད་མིའི་ལྷ་སྐལ་ཐམས་ཅད་མཁྱེན།།
མཁྱེན་བརྩེའི་ནུས་སྟོབས་ཟླ་མེད་འགྲོ་བའི་མགོན།།
མགོན་མེད་ལུས་ཅན་ཡོངས་ཀྱི་སྐྱབས་གནས་རྗེ།།
རྗེ་བཙུན་ཕྱག་ན་པདྨོ་ཞབས་བརྟན་གསོལ།།
འཛམ་གླིང་འགྲོ་བའི་་ལྷ་སྐལ་ཐམས་ཅད་མཁྱེན།།
མཁྱེན་བརྩེའི་ནུས་སྟོབས་ཟླ་མེད་ཞི་བདེའི་མགོན།།
མགོན་མེད་འགྲོ་བ་འདྲེན་པའི་སྐྱབས་གནས་རྗེ།།
རྗེ་བཙུན་གངས་རིའི་མགོན་པོ་ཞབས་བརྟན་གསོལ།།
རང་དབང་དམར་པོས་བཅོམ་པའི་གངས་ལྗོངས་ནས།།
དབང་མེད་སེམས་ཀྱི་འབོད་སྒྲ་ངག་ནས་དོན།།
དད་བརྟན་འགྱུར་མེད་རང་སྲོག་བློད་གཏང་ཏེ།།
འདི་འདྲའི་གླུ་ཞིག་བྲིས་པར་ངོ་མཚར་ཆེ།།
རྗེསུ་ཡིད་རང་ཞུ།།