འཆི་བདག་ཚང་།
རྡུལ་དང་འདྲེས་པའི་འཇིག་རྟེན་རྣམ་བཞག་ལ།།
ཕངས་བའི་ཕྱི་མིག་ཙམ་ཡང་མ་བལྟས་པར།།
དམིགས་པ་འོད་དང་ལྷན་ཅིག་བསྲེས་པ་ཡི།།
བདག་གི་སྟོན་པས་ཐུགས་རྗེ་སྐྱབས་ཀྱིས་ཟུངས།།
དཔུང་བའི་ཤ་རྒོད་དམར་སེར་གོས་ཀྱིས་དཀྲིས།།
ཡིད་ཀྱི་འཕྲོ་འདུ་སྡོམ་གསུམ་ཁྲིམས་ཀྱིས་བསྡམས།།
གསལ་ལ་དྭངས་པའི་འོད་ཅིག་མིན་ན་ཡང་།།
རྙོག་ལ་སྦག་པའི་ཆུ་ཞིག་གདོད་མིན་ནོ།།
ཟང་ཟིང་སྐྲ་ལོའི་རྩེ་མོ་མཚོན་གྱིས་གཏུབས།།
རྒྱ་ཡན་མིག་གི་ལྟ་སྟངས་རྡོག་ལ་གཏད།།
འཇིག་རྟེན་ཕལ་བས་བདག་ལ་འཕྱའ་སྲིད་ཀྱང་།།
སྨྱོས་པའི་མི་ནི་ང་མིན་གཞན་རེད་དོ།།
གང་ལ་འགྲོ་བའི་གདེངས་ཚོད་མ་རྙེད་ཀྱང་།།
འཆི་ལ་ཐུག་པའི་ཉེས་ཁུར་མ་ཕོག་པར།།
མ་བཅོས་འཇིག་རྟེན་འོད་ཀྱི་ས་གཞི་ལ།།
ཟོལ་དང་བྲལ་བ་འཇའ་ཡི་སྐས་བཙུགས་སོ།།
ཡིད་ལ་བྲིས་པའི་ཁས་བླངས་རི་མོ་དེ།།
ཚེ་དང་བསྐལ་བ་ཉིད་དུ་སྙོམ་མོ་ཞེས།།
དམ་བཅའི་བྲག་གི་རི་ལ་བྲིས་ན་ཡང་།།
རྐྱེན་ངན་ཐོག་གིས་ཉེ་བར་གཏོར་ཏེ་ཐལ།།
ཤོག་བུའི་སྟག་ལ་མཐོན་པོའི་མིང་སྦྱར་ཏེ།།
ཚུལ་འཆོས་སེང་གེ་ཡ་ཐོད་མགོར་གྱོན་ནས།།
རྙེད་བཀུར་གདན་ལ་ཆེ་ཆེ་འགྱིང་འགྱིང་བྱས།།
བདག་གི་སྟོན་པས་བདག་ལ་དགོངས་དག་གནོངས།།
བོད་ཀྱི་ཡུལ་དུ་རབ་བྱུང་གྲྭ་བ་ཞེས།།
མཐོ་མཐོས་གཙུག་ཏུ་བཀུར་བའི་བསོད་ནམས་དེ།།
ལོ་ངོ་བཅུ་ཕྲག་ལྷག་ལ་བདག་གིས་ཟོས།།
ནོངས་པ་ཅི་མཆིས་བླ་མེད་སྟོན་པར་འཆགས།།
བླངས་འདས་སོ་དྲུག་གྲངས་འདྲེན་མ་ཤེས་ལ།།
ཉིས་བརྒྱ་ང་གསུམ་གང་ཡིན་མ་རྟོགས་པར།།
གཟན་ཤམ་ལྟེབས་སུ་གཅན་གཟན་ཁུགས་ཉལ་བྱས།།
མ་འདྲིས་འགྲོ་བའི་རྩ་ལག་ཡང་གཅིག་དགོངས།།
སྡོམ་པ་ཇི་ལྟར་གནས་པ་མ་ཤེས་ལ།།
སོར་བྱང་སྔགས་ཀྱི་མཚན་ཉིད་མ་རྟོགས་པར།།
རྩ་བ་བཞི་བོར་མ་འགལ་ཙམ་ཞིག་གིས།།
དཀོར་ནག་ཁྲོ་ཆུ་ལུ་མ་ཐུ་དུམ་བྱས།།
ལུས་པོ་དམར་སེར་རས་ཀྱིས་དཀྲིས་ན་ཡང་།།
སེམས་པ་སྡོམ་གཅུན་ཁྲིམས་ཀྱིས་མ་ཐུབ་པར།།
ཡིད་ཀྱི་མིག་ཟུང་འཁོར་བའི་རི་ལ་ཆགས།།
འདི་ཙམ་གྱིས་ཀྱང་སྟོན་པར་ཞབས་འདྲེན་བྱས།།
ཕྱི་བལྟས་ཐལ་བ་ལས་ཀྱང་འཇམ་ན་ཡང་།།
ནང་དུ་དུག་ལྔའི་མགོ་བོ་མ་ནོན་པར།།
རིས་གཅོད་གདོན་གྱི་མེ་ལྕེ་ཁོང་དུ་མཆེད།།
ཟོག་པོ་ཁྲམ་པའི་རྣམ་ཐར་ཡང་ཡང་བསྐྱངས།།
ལེགས་ཚོགས་རྩ་བ་དགེ་བའི་མགོན་བསྟེན་ནས།།
དབེན་པའི་རི་ལ་གློ་ཉལ་རྒྱབ་ན་ཡང་།།
ཐོས་བསམ་ཆོས་ཀྱི་ཕྱོགས་ལ་མ་སོང་བར།།
སྟོན་པའི་ཞབས་ལ་ཐ་གུ་ཡང་ཡང་བཏགས།།
ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་སོགས།།
རབ་བྱུང་སྤྱི་ཡི་ལས་སུ་གྲགས་ཆེ་ཡང་།།
གང་ཡང་མ་ནུས་འདུ་ཤེས་གསུམ་པའི་ངང་།།
ཕག་པ་རྩང་བོའི་བརྟུལ་ཞུགས་ཡུན་རིང་ཐལ།།
སེམས་ཅན་ཐམས་ཅད་བདེ་དང་ལྡན་ཤོག་ཅེས།།
ཚུལ་འཆོས་གཉེར་མ་དཔྲལ་བར་བསྡུས་ན་ཡང་།།
སྒེར་གྱི་རྣམ་རྟོག་ཁོང་ནས་མ་སངས་པར།།
གྲོང་སྒོར་འགྲམ་ཆུ་ལྡང་བ་ཨ་ཙ་མ།།
རྒྱ་གར་སྟོན་པས་དེ་འདྲ་མ་གསུངས་པ།།
བོད་ཀྱི་ཡུལ་ན་དུས་དང་དམིགས་བསལ་ཞེས།།
རང་མགོར་གཏོར་མ་བསྐོར་བའི་སྲོལ་ངན་གྱིས།།
སེམས་ལ་དམྱལ་བའི་རྒྱུ་ཚོགས་གྲངས་ཚང་བྱས།།
དམིགས་པ་མེད་པའི་བམ་ཀློག་སྟོང་རྫོགས་དང་།།
དབང་ལུང་མེད་པའི་ཤི་སྔས་ཨ་མཆོད་སོགས།།
རྣམ་འདྲེན་ཆེན་པོའི་གསུང་དང་རྒྱབ་འགལ་བའི།།
ཐར་བའི་སྲོག་རྩ་འགག་པ་མང་ཞིག་བྱས།།
འཇིག་རྟེན་ཕལ་བས་ཚུལ་ལྡན་དགེ་སློང་ཞེས།།
བསྔགས་པའི་རོལ་མོ་ཙམ་ལ་ཞེ་ཆགས་ནས།།
ཁྲམ་ལས་ཞི་མིའི་ཆོས་འཁོར་ལན་མང་བསྐོར།།
ཐུབ་པ་ཆེན་པོའི་འགྲོ་ལུགས་འདི་ཡིན་ལོ།།
ཡུན་རིང་བརྩིས་ཤིང་བསྡམས་པའི་བསླབ་པ་དེ།།
ན་ཆུང་བུ་མོའི་བྲང་ལ་གཞིས་བཏབ་ནས།།
སྔ་གཞུག་མི་མཐོང་འཁོར་བའི་གྲོང་དེ་རུ།།
འཚོ་བའི་མེ་ཏོག་རྐང་གཅིག་བཙུགས་ཟིན་ནོ།།
སྙིགས་མ་མཚོ་ལྟར་བརྡོལ་བའི་རླབས་ངོགས་སུ།།
རབ་བྱུང་བཙུན་པའི་ལས་འདི་ཆེས་དཀའ་བས།།
འཛུམ་གྱིས་མི་སེམས་གསོ་བའི་དྲོད་ཅིག་ལ།།
མི་ཚེ་གཏན་གྱི་རྨི་ལམ་བཅོལ་སོང་ངོ་།།
ཤིན་ཏུ་མནོག་ཆུང་ཕལ་བའི་ངག་གི་གཏམ།།
མང་བར་སྨྲས་ན་སུན་པའི་རྒྱུར་འགྱུར་བས།།
རང་སྐྱོན་སོག་མ་ཕྱར་བའི་སྨྱུ་གུའི་རླུང་།།
བཙན་གྱིས་བཞག་གོ་ཉེས་ཀུན་སྟོན་པར་བཤགས།།
ཅེས་པ་འདི་ནི་རང་གི་རྣམ་རྟོག་ལ་ཤར་ཚུལ་འབའ་ཞིག་ཡི་གེར་བཀོད་པ་ཙམ་དུ་ཟད་མོད། སྟབས་མ་ལེགས་པར་ར་རྫིའི་འུར་རྡོ་ར་མའི་མཇིང་བར་ཕོག་པ་ཡོད་ན་བཟོད་པར་གསོལ་ལོ།།