གཟི་མིག་གསུམ་པ།
ཨ་ཕའི་རིགས་རྒྱུད་གངས་ལས་ཆད་ཅིང་གངས་ཀྱི་རྩེ་མོ་མཐོ་ཙམ་ཡོད།།
ཕ་བཟང་རུས་པ་སེར་བོ་གསེར་ཡིན་གསེར་ལ་ད་བར་ལྷད་མ་ཞུགས།།
མ་བཟང་རྒྱུད་པ་དཀར་བོ་དུང་ཡིན་དུང་གི་ཁ་དོག་འགྱུར་མ་མྱོང་།།
རིགས་རུས་མཆེད་ཁུངས་གཙང་ཞིང་བཙུན་པས་མང་བོ་མི་བཤད་ཚང་མས་ཤེས།།
རུས་ཆེན་ལྡོང་གི་རིགས་སུ་གཏོགས་པའི་རུ་སྡེ་ཞིག་གི་གདོང་རྒྱུད་ཡིན།།
དཔའ་མཛངས་རྟུད་ཕོད་བློ་གྲོས་ཅན་གྱི་མེས་པོ་ཞིག་གི་ཁྱིམ་རྒྱུད་ཡིན།།
བན་ཤུལ་བླ་མ་ནག་པོ་ཟེར་བའི་དཔའ་རྒོད་ཅིག་གི་བུ་རྒྱུད་ཡིན།།
བླ་ནག་བྱ་བྲལ་དམ་ཆོས་ཟེར་བའི་མི་ཆེན་ཞིག་གི་ཚ་རྒྱུད་ཡིན།།
ཡབ་ཆེན་ལྷན་སྐྱེས་ཤེས་རབ་རྣོ་བས་སྦྱངས་པ་ཉུང་ཡང་ཤེས་པ་མང་།།
སྡེ་བའི་རྒན་གཞོན་ཚོགས་པའི་ཁྲོད་ན་རྩིས་ལ་མཁས་པ་ཁོ་ལས་མེད།།
རྒྱ་བོད་ལོ་རྒྱུས་བློ་ནས་འཆད་ཅིང་བུ་རབས་ཚ་རྒྱུད་འདེད་ལ་མཁས།།
འཇིག་རྟེན་དར་ལུགས་ཆུ་རུ་བཞུར་ཞིང་ས་གནས་གནས་ཚུལ་ལག་མཐིལ་ཡིན།།
རྒྱུན་འདོན་ཆོ་ག་ཆོས་སྤྱོད་ཕྱོགས་ལ་བན་ཕྲུག་ཅིག་གིས་དོ་ལེ་མིན།།
རྒྱུན་སྤྱོད་ཐ་སྙད་རིག་གནས་སྐོར་ནས་སློབ་ཆེན་པ་ཚོ་ངོ་ཚར་གཏོད།།
རྒྱུན་མཐོང་ཆམ་ནད་མགོ་གཟེར་བཅོ་བར་རྐང་རྗེན་སྨན་པའི་ཡན་ཞིག་མཁས།།
རྒྱུན་ལྡན་འཚོ་བའི་ཉམས་མྱོང་སྣ་ཚོགས་གནའ་མྱི་རྒན་པོའི་མང་ཞིག་ཡོད།།
ལུས་སྟོབས་ཆེ་བས་འཇུ་རེས་བྱས་ཚེ་ན་མཉམ་ཁྲོད་ན་དོ་ཟླ་དཀོན།།
ཁྱིམ་གྱི་ཕ་མར་ཁ་ལན་མི་སློག་ངག་སྒོ་འཇམ་ཞིང་བརྩི་བཀུར་ལྡན།།
ཕྱི་ཡི་མི་ལ་ངན་སེམས་མི་བཅངས་འབྲེལ་འདྲིས་བཟང་ཞིང་རོགས་འདེགས་བྱེད།།
ན་སོ་གཞོན་དུས་གསར་བུ་ཡག་ཅེས་དེང་སྐབས་ད་དུང་ཨ་མས་གླེང་།།
ཕ་རྒན་བློ་དང་བཀོད་པ་བཟང་བས་ཁྱིམ་ལ་དཀའ་ངལ་བྱུང་མ་མྱོང་།།
ཕ་རྒན་ལྟ་རྒྱ་ཐོས་རྒྱ་ཆེ་བས་གནའ་དེང་འགྲོ་ལུགས་ནོར་མ་མྱོང་།།
ཕ་རྒན་ཐབས་དང་ཤེས་རབ་འཛོམས་པས་བུ་ཡི་མདུན་ལམ་བརླགས་མ་མྱོང་།།
ཕ་རྒན་སེམས་བཟང་གཤིས་ཀ་དྲང་མོའི་བག་ཆགས་བུ་བཞག་ནས་ཡོད།།
ཁོ་བོ་ཆུང་དུས་ཨ་ཕས་ཁྲིད་དེ་རྫོང་ལ་སོང་བ་བརྗེད་རྒྱུ་མེད།།
གཡག་རྒན་སེར་ཐོར་ཤིང་རྟ་བརྒྱབ་ཏེ་ཉིན་ལམ་ཞིག་ལ་སོང་བའི་མཐར།།
སྔོན་ཆད་གཏན་ནས་མཐོང་མྱོང་མེད་པའི་རྒྱ་གྲོང་ཆེན་པོ་ཞིག་ལ་བསླེབས།།
ལྟད་མོ་མང་བོས་ཡིད་དབང་ཕྲོགས་ཤིང་རྒྱ་ཐུག་བཏུང་བའི་བྲོ་བ་ཞིམ།།
ཨ་ཕ་རྫོང་ལ་འགྲོ་ཐེངས་རེ་རེར་སྒོ་ནས་བསྒུགས་ཤིང་སྔོན་ལ་བརྒྱུགས།།
ནམ་ཞིག་ཉི་འབྲས་ཁུག་ཆུང་གང་དང་ཀ་ར་དབུགས་རྒྱག་ཉོས་འོངས་ཚེ།།
དགའ་སྤྲོ་ཆེན་པོས་བཟའ་ཡང་མ་ཕོད་རུམ་ལ་བཅུག་ནས་ཡུན་རིང་བལྟས།།
མཚམས་རེར་གོན་པ་གསར་བ་ཉོས་ཚེ་ལོ་གསར་ཐོན་རག་བར་དུ་ཉར།།
ཉིན་ཞིག་ཨ་ཕས་ལུག་བལ་བཙོང་རྗེས་ཆུ་ཀུབ་ཆེན་པོ་མགོ་ཙམ་ཉོས།།
ཟོས་ཀྱིན་ཟོས་ཀྱིན་ཧ་ཅང་ཞིམ་པས་ཤུན་ལྤགས་ངོས་ཀྱི་དེ་ཡང་བྲད།།
ནམ་ཞིག་ཨ་ཕས་ཁ་དོག་སྣ་ལྔའི་དབུགས་ཆུ་འགྱིག་ཁུག་མང་བོ་ཞིག།
རུམ་ནས་བླངས་ཏེ་ང་ལ་བྱིན་པས་ནུ་མ་བཞིན་དུ་ནུས་པ་དྲན།།
ཁོ་བོ་ཆུང་དུས་ཨ་ཕའི་འབྲོག་རྩག་ཆེན་པོའི་ནང་དུ་འཛུལ་རྒྱུར་དགའ།།
དེ་དུས་མགོ་ཕིབས་སྦྲ་ལས་མེད་ཀྱང་ཙག་རླུང་གཉིས་ཀར་སྐྲག་དགོས་མེད།།
ཨ་ཕའི་ལག་པ་ཆེ་བས་ཡིན་ནམ་རྩམ་པ་བརྫིས་པ་ཤིན་ཏུ་ཞིམ།།
རྩམ་སྐལ་སྣུམ་པོ་ཡང་ཡང་བསླངས་ཏེ་ཟོས་པའི་བྲོ་བ་ད་དུང་དྲན།།
མཚམས་རེར་ཨ་ཕས་ཆང་རག་བཞེས་དུས་ཞིམ་མམ་སྙམ་ནས་བལྟས་པ་ན།།
ཁོང་གིས་བདག་གི་བསམ་འདུན་མཁྱེན་ཏེ་ཕོར་ཆུང་གང་རེ་བཏུང་དུ་འཇུག།
ཨ་ཕའི་དུ་བ་ལྐོག་ཏུ་ཁྱེར་ཏེ་རང་གིས་འཐེན་བཞིན་གཞན་ལ་བྱིན།།
ཁོང་གིས་ཤེས་ཀྱང་མ་ཤེས་ཁུལ་གྱིས་ང་རང་གཅེས་ལངས་ཐེངས་མང་བཏང་།།
ཐེངས་ཤིག་ཁོ་བོར་ཚ་འཁྲུལ་བྱུང་ནས་ཤི་མིན་གསོན་མིན་གྱུར་བ་ན།།
ཨ་ཕས་ངག་ནས་རྐང་བརྒྱད་གསུང་བཞིན་ཕྱག་གིས་བཀའ་བསྒོ་བྱས་པས་དྲགས།།
ནམ་ཞིག་ཁོ་བོར་ས་མཐའི་ཡུལ་ནས་རྨས་སྐྱོན་ཨེན་ཙམ་བྱུང་བ་ན།།
ཨ་ཕས་བསགས་དངུལ་གང་ཡོད་ཁྱེར་ནས་ལེ་དབར་སུམ་བརྒྱའི་མཚམས་སུ་སླེབས།།
ང་ཡིས་རྒྱལ་ཁམས་བསྐོར་རྒྱུ་ཟེར་ན་ཕ་ཡིས་བཀག་འགོག་བྱས་མ་མྱོང་།།
ཆོས་གྲྭ་སློབ་གྲྭ་གང་དུ་འགྲིམ་ཡང་ཕ་ཡིས་བློ་བཤོལ་རྒྱག་མི་སྲིད།།
བྱ་བ་ཆེ་ཆུང་གང་ལ་འཕྲད་ཀྱང་ཕ་ཡིས་རྒྱབ་སྐྱོར་མི་བྱེད་མེད།།
མདོར་ན་ཁོ་བོའི་མི་ཚེ་རིང་མོར་ཡབ་ཆེན་བཀའ་དྲིན་ཆེན་པོ་ཡིན།།
འཇིག་རྟེན་སྔ་དྲོ་ཕ་ཡི་རེས་ཡིན་བུ་ལ་ཅི་འདོད་སྦྱིན་ནས་འོངས།།
ད་ནི་ཕྱི་དྲོ་བུ་ཡི་རེས་ཡིན་ཕ་རྒན་མི་གསོ་ཁ་རྒྱར་སྟོན།།
ཕ་མའི་དྲིན་ལན་འཇལ་ནས་ཚར་རྒྱུ་ཧ་ཅང་དཀའ་མོ་ཡིན་ན་ཡང་།།
དྲིན་ལན་ལོག་འཇལ་གཏན་ནས་མི་བྱེད་ང་རང་དམ་བཅའ་སྙིང་ན་ཡོད།།
༢༠༡༣.༡.༢༥
གཟི་མིག་གསུམ་པ་ནི་བདག་གི་ནུ་བོ་ཆུང་ཤོས་དེ་ཡིན། རྩོམ་མཚམས་སྦྱོར་བ་ཀླུ་སྨྱོན་ནས།
ཕ་བཟང་གི་བུ་གཉིས།
གཡག་བཟང་གི་ཀོ་མཉེད།
ཁྱེད་རང་སྐལ་ལྡན་རྒྱ་མཚོ་ཡིན་ནམ། རྩོམ་གཤིས་འདི་ངའི་ངོ་མི་ཤེས་ཀི
སྙན་ངག་ཡག་ཀི། བྲོ་བ་ཞིམ་ཀི། ཡག་ཀི་ཡ།
གླུ་སྨྱོན་ཚང་ལ་སྙན་ངག་གི་བརྒྱུད་པ་ཡོད་སིག འདི་ཡང་ཀླུ་སྨྱོན་དང་འདྲ་འདུག