གོ་འཇོ་བསོད་ནམས་ནོར་བུ།
2012 ང་རང་དགོན་ལ་ཐོས་བསམ་བྱེད་ཁུལ་ངང་ཡབ་རྗེ་བཀའ་དྲིན་ཅན་གྱིས་གནང་བའི་འབྲས་དང་རྡ་ལི་ཉིན་བཞིན་གཅིན་སྐྱག་ལ་བསྒྱུར་ཏེ། རང་ཤག་ཆུང་ཆུང་དེ་ནས་རྐང་རྐྱོང་ལག་རྐྱོང་གིས་འཛིན་གྲྭའི་ཐེམ་བུ་རེ་རེར་བཙན་གྱིས་བརྒལ་བཞིན་པའི་ལོ་མཇུག་དེར། གྲོགས་ལམ་བཟང་གིས་རྡ་སར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཚོགས་འདུ་སྐོང་ཡོད་ལུགས་དང་། དེའི་སྐབས་སྤྲོ་ཚིགས་ཆོས་གྲགས་ཀྱིས་དེ་སྔོན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པས་འཐུས་ཤོར་གཏོང་སྟངས་དང་། གཙོ་བོར་ཚོགས་གཙོ་མཆོག་གིས་མ་འཇོན་པ་ཞབས་འདྲེན་བཞག་པ་བཅས་ཁ་ཐུག་ཚོགས་གཙོ་ཡོད་སར་སྐྱོན་བརྗོད་ཀྱི་མཛུབ་མོ་ཀེར་བཞིན་བསམ་ཚུལ་དང་གཏམ་བཤད་གནང་ཞིང་། སྐབས་དེའི་རྒྱུན་ལས་བརྗེ་ལེན་སྐབས་ཁོང་ཉིད་ཚོགས་མི་ཚོས་མཐུན་ཚོགས་ཀྱི་ཚོགས་གཞོན་བདམས་སོང་ཟེར་བ་ནི་ང་ལ་ཁོང་གི་མཚན་ཐོས་པ་ཐེངས་དང་པོ་ཡིན། དེའི་ཚེ། ང་རང་མཐུན་ཚོགས་ཀྱི་ཚོགས་མི་ཞིག་གི་མིང་ཐོ་ནང་འཚང་མ་ཐག་པ་ཡིན་ཙང་། ཁོང་གིས་མ་འོངས་པར་མཐུན་ཚོགས་ཀྱི་ངོ་བོ་དེ་སྔར་བཞིན་མིང་ཆེ་ཡང་དོན་བྱེད་མི་ནུས་པའི་ཚོགས་པ་ཅི་འདྲ་ཞིག་ལ་བསྒྱུར་གྱི་ཡོད་ན་སྙམ་པའི་དོགས་པ་ཞིག་དང་བཅས་ཁོང་ལ་དོ་སྣང་སླེབས་མགོ་ཚུགས་པ་མ་ཟད། སྤྲོ་ཚིགས་ཆོས་གྲགས་ཟེར་བ་དེ་ནི་སེམས་ལ་དྲན་ཚད་བཤད་ཕོད་མཁན་ཞིག་དང་། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་གསར་པ་ཞིག་ཡིན་པ་ངོ་འཕྲོད་བྱུང་།
2013 སྔ་འགྱུར་མཐོ་སློབ་ཆེན་མོའི་འཛིན་གྲྭ་དགུ་པའི་གྲལ་མཐར་ཨུ་ཚུགས་ཀྱིས་འཚང་སྟེ་ཏིང་ཏིང་དང་དགེ་སྐོས་སོགས་ལ་གཡོལ་གང་ཐུབ་ཀྱིས་མི་ཚེའི་རང་དབང་མི་ཡུལ་ནས་འཚོལ་བའི་ཉི་མ་ཞིག་ལ། གྲོགས་བཀྲ་ཤིས་དོན་འགྲུབ་དང་མཉམ་ཁ་བརྡ་བྱེད་སྐབས། སྤྲོ་ཚིགས་ཆོས་གྲགས་དང་འཇུ་བསྟན་སྐྱོང་གཉིས་སྨོན་ལམ་ཚིག་མཛོད་ལས་དོན་ཆེད་དགོན་ལ་སླེབ་འདུག་ཟེར་བ་ནི་ངའི་རྣ་བར་ཁོང་གི་མིང་གོ་ཐེངས་གཉིས་པ་ཡིན། སྐབས་དེར་བདག་གིས། སྤྲོ་ཚིགས་ཆོས་གྲགས་ནི་སྨོན་ལམ་བོད་ཀྱི་ཚིག་མཛོད་རྩོམ་སྒྲིག་ཁང་གི་དྲུང་ཆེ་ཞིག་ཡིན་པ་ཤེས་རྟོགས་བྱུང་བའི་ཁར། ད་ཐེངས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དགོན་ལ་ཡོང་ཡོད་པས་ཅི་འདྲ་ཞིག་འདུག་ལྟ་དགོས་སྙམ་སྟེ་ཐུག་རྒྱུའི་འདུན་པ་བཅང་ཡང་སྐལ་བ་མ་བྱུང་། ཏག་ཏག་དུས་ཚོད་དེ་འདྲ་ཡར་མར་ཞིག་ལ། བདག་གིས་ཁ་བརྡ་དྲ་བར་མིག་ཉུལ་ཐེངས་ཤིག་བྱེད་དུས་སྤྲོ་ཚིགས་ཆོས་གྲགས་མདོ་སྨད་སྤྱི་འཐུས་ཀྱི་འོས་ལངས་པ་མཐོང་བྱུང་ལ། ད་དུང་ན་གཞོན་གྲུང་ཤ་དོད་པའི་ཁོང་གི་པར་ཞིག་དང་ངོ་སྤྲོད་ལོ་རྒྱུས་སྦྲགས་མ་ཞིག་ཡོད་པ་བཀླགས་པས་སྔར་དང་མ་འདྲ་བར་དོ་སྣང་དང་ཞིབ་འཇུག་ཇེ་ཆེར་གྱུར་ཏེ། ཁོང་ནི་འོད་སྟོང་འབར་བའི་མདུན་ལམ་ཅན་གྱི་བོད་ཨ་མདོའི་ན་གཞོན་ཤེས་ཡོན་པའི་དཔུང་སྡེ་ཞིག་ཡིན་པ་གཞི་ནས་རྒྱུས་ལོན་བྱུང་།
2014 འཛིན་རིམ་གྱི་ལ་མོ་ཐོད་ཀྱིས་བརྒལ་ནས་རི་བོ་རྡོ་ལ་རྡ་རིའི་རྐང་པའི་སྒང་རེ་ཞིག་ངལ་གསོའི་མགོ་བོ་བསྙེས་ཏེ་སྡོད་སྡོད་དུས། གྲོགས་པོ་ཞིག་གི་དེབ་སྟེགས་ལས་《བོད་རིག་པ་ཞིབ་འཇུག》ཟེར་བའི་དེབ་ཅིག་མཐོང་། ག་ལེར་དེབ་དེའི་ཕྱིའི་ངོ་གདོང་དང་ནང་གི་དོན་སྙིང་དག་ལ་རིམ་གྱིས་མིག་བཤེར་ཐེངས་ཤིག་བྱས་པར།《ལོ་རྒྱུས་རིག་པར་ཞིབ་འཇུག་བྱེད་སྟངས》ཟེར་བའི་ཁོང་གི་རྩོམ་ཞིག་དང་དེབ་དེ་སྤྱིའི་རྩོམ་སྒྲིག་འགན་འཛིན་པ་སྤྲོ་ཚིགས་ཆོས་གྲགས་ལགས་ཡིན་པ་དང་། ཁོང་ཉིད་བོད་དང་བོད་ཀྱི་ལོ་རྒྱུས་ལ་དགའ་ཞེན་དང་མཁྱེན་རྒྱ་ཡངས་པའི་བོད་ཀྱི་ལོ་རྒྱུས་སྨྲ་བའི་མགྲིན་ཚབ་པ་ཞིག་ཀྱང་ཡིན་པ་ངེས་ཏེ། ངས་དེ་དང་ཡུན་མི་རིང་བར་ཕྱི་ཟླ་དྲུག་བདུན་ཡར་མར་ཞིག་ལ་ཁོང་དང་རྡ་ས་ནས་ངོ་དེབ་ནང་དམིགས་བསལ་འབྲེལ་བ་བཟོས་ཤིང་། གདང་ལ་རི་བོའི་དུས་དེབ་ནང་དགོད་རྒྱུའི་རྩོམ་ཡིག་ཅིག་གནང་རོགས་ཞེས་བསྐུལ་མ་བྱེད་སྐབས། ཁོང་གི་ངོ་དེབ་སྒང་རྒྱལ་སྤྱིའི་པེན་གྱི་ཚོགས་འདུའི་ནང་གསུང་བཤད་ཀྱིས་བོད་དོན་གྲོས་ཆོད་བཞག་པ་དང་ཕྱི་རྒྱལ་ཁག་ལ་སྤྲོ་འཁྱམ་བྱེད་བཞིན་པའི་པར་རྫིག་པོ་ཁ་ཤས་མཐོང་བས། ཁོང་ནི་ངོ་མ་ཡིད་སྨོན་ཤོར་བའི་གཤོག་ཟུང་གཉིས་ལྡན་གྱི་དེང་རབས་བོད་ཀྱི་ཕོ་གཞོན་ངར་མ་ཞིག་ཡིན་པ་ཡང་ཧ་གོ་བཅུག་བྱུང་།
ཟླ་11 ཚེས་ 15 ལ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་མང་གཙོ་ལྟེ་གནས་ཁང་གཉིས་མཉམ་འབྲེལ་གྱིས། རྡ་ས་ཀིརྟི་དགོན་པའི་ཚོགས་ཁང་དུ་“རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ“ ཐེངས་ 33 པ་སྲུང་བརྩི་ཞུས་ཏེ་ཕྲན་ཡང་མགྲོན་འབོད་ལྟར་ཚོགས་འདུ་དེར་དགའ་གུས་ཀྱིས་མཉམ་ཞུགས་བྱས། བགྲོ་གླེང་ཚོགས་འདུ་དེའི་མགོ་མཇུག་བར་གསུམ་གྱི་ཆབ་སྲིད་བཙོན་པ་དང་། ཞིབ་འཇུག་པ་མི་སྣ་མང་པོའི་མངར་སྐྱུར་ཁ་སོགས་ཀྱི་བགྲོ་གླེང་དང་སྐད་ཆའི་རོ་བྲོ་མ་ལུས་མྱངས་ཤིང་། སྐབས་དེར་སྤྲོ་ཚིགས་ཆོས་གྲགས་ཀྱི་བབ་ཆགས་ལ་མཐོང་བདེ་བའི་གཟུགས་བྱད་དང་། གསལ་དག་སྒྲོས་གསུམ་གྱི་ཉན་སྤྲོ་བའི་གཏམ་བཤད་དངོས་སུ་ཐོས་ཤིང་། འཚོགས་འདུ་གྲོལ་རྗེས་དྲན་རྟེན་གྱི་པར་ཡང་མཉམ་དུ་བླངས། ལམ་བར་ང་དང་གྲོགས་པོ་ཁོང་གི་ཕྱིའི་རྣམ་འགྱུར་དང་ནང་གི་ཡོན་ཏན་ལ་ཡིད་སྨོན་དང་འགྲམ་ཆུ་ཁོལ་ཞིང་བསྔགས་བརྗོད་མི་ཉུང་བ་འཐེན་དགོས་བྱུང་། ཞག་ཤས་རྗེས་ཁོང་ཉིད་ང་ཚོ་“གདང་ལ་རི་བོ་འགྲན་རྩོམ་གཟེངས་བསྟོད་མཛད་སྒོ”སྐབས་དང་པོར་ཕེབས་ཏེ། ཕན་ཚུན་ལག་འཇུ་དང་འཚམས་འདྲི་ཞུས་རྗེས། ཁོང་གིས་ང་ལ་གུས་ཞབས་དང་སེམས་ཉེའི་ཐོག་《གདང་ལ་རི་བོ》དེབ་ཀྱི་པགས་པ་ཡག་རབས་དང་དེབ་རྟགས་གང་འདྲ་རག་མིན་སྐད་ཆ་དྲིས་པ་རྣམས་ད་དུང་ཡིད་ནས་ཡལ་མི་ཐུབ། དེ་ནས་ངེད་གཉིས་ཁ་པར་དང་སྐད་འཕྲིན་གཉིས་ནང་གྲོགས་པོ་ཆགས་ཤིང་། ཉིན་ཞིག་ཁོང་གིས་ང་ལ་སྐད་འཕྲིན་ནང་དུ་ “ངའི་པར་ཆས་ཡག་པས་ཡིན་ས་རེད། ཁྱེད་ཚོའི་མཛད་སྒོའི་སྐབས་བརྒྱབ་པའི་པར་དཔེ་ཡག་པོ་འདུག “ཟེར་བརྙན་པར་མང་པོ་མཁོ་སྤྲོད་གནང་ཞིང་ཅུང་ཟད་ཀུ་རེ་འདྲེས་མའི་སྐད་ཐུང་དེ་ནི་ཉིན་འདི་དག་རིང་རྣ་བ་བཀབ་ཀྱང་གོ་ཡོང་།
ཚེས་གྲངས་གསལ་པོར་མ་ངེས་ཀྱང་། ཞོགས་པར་རླུང་དང་ལྷགས་པས་རྡ་སའི་ཁོར་ཡུག་འདར་ཆིལ་ཆིལ་བྱེད་ཅིང་། མི་ཚོགས་༧གོང་ས་མཆོག་གི་གསུང་ཆོས་ར་བ་ལས་གྲོལ་བའི་སྐབས་དང་བསྟུན། ང་དང་གྲོགས་ལམ་ཆུང་གཉིས་《གདང་ལ་རི་བོ།》འཚོང་བར་གཙུག་ལག་ཁང་མདུན་ལ་འགྲོ་སྐབས། ཁོང་ཉིད་ཀྱང་ལམ་ཟུར་དེར་སྟོད་གོས་རིང་པོ་ཞིག་གོན་ཏེ་བོད་རིག་པ་ཞིབ་འཇུག་གི་དེབ་སྔ་ཕྱི་གཉིས་འཚོང་བཞིན་པ་དང་སྟབས་འཁེལ་བས། ངས་ཁོང་ལ་རྒྱབ་སྐྱོར་མཚོན་ཆེད་དེབ་ཅིག་བླངས་ཏེ་བླུ་རྩིས་བྱེད་སྐབས། “སྒོར་མོ་མི་དགོས། དེབ་དེ་ཁྱེད་ལ་ཕུལ་ཡ་ཡིན། དེ་ལས་ལོ་རྗེས་མར་རྩོམ་ཞིག་སྤྲད་རོགས“ ཟེར་ཁོང་གིས་དེབ་རིན་མ་བླངས་པས། ངས་ཁོང་ལ་ཞིབ་འཇུག་རྩོམ་ཡིག་ཅིག་བུ་ལོན་ཆད་བསྡད་ཡོད།
ཟླ་12 ཚེས་ 14 ལ་རྡ་སའི་རི་ལུང་ཡོད་ཚད་ཆར་པ་དང་སྨུག་རླངས་ཀྱིས་བཏུམ་ཡང་ང་དང་གྲོགས་པོས་མགོ་བོ་གཟན་གྱིས་བཀབ་སྟེ། བོད་ཀྱི་དཔེ་མཛོད་ཁང་དུ་ཚ་ཚ་འུར་འུར་ངང་བོད་ནང་གི་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་སྐུ་གྲོངས་པར་རྗེས་དྲན་བགྲོ་གླེང་འཚོགས་འདུ་ལ་བཅར་བ་སོང་། མཛད་སྒོ་དེ་ནི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་མིང་ཐོག་ནས་གོ་སྒྲིག་ཞུས་འདུག་ཅིང་། སྐབས་དེར་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་རྗེས་དྲན་འཚོགས་འདུ་བགྲོ་གླེང་བྱེད་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་བཤད་དོན། “སྐུ་གཤེགས་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་ལ་མཚོན་ན། ཤེས་ཡོན་སློབ་གསོ། སྐད་ཡིག་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་བོད་ལ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་པས། ང་ཚོའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ངོས་ནས་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་དམིགས་བསལ་འོས་འགན་དང་། ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པས་མཐུན་ཚོགས་ངོས་ནས་རྗེས་དྲན་འཚོགས་འདུ་འདི་བསྐང་བ་ཡིན” ཟེར་། ཁོང་གིས་སྐད་ཆ་བཤད། པར་བླངས། ཐ་མ་འཚོགས་འདུ་དེ་གྲོལ་བ་ནས་བཟུང་། བདག་གི་གྲོགས་པོ་སྤྲོ་ཚིགས་ཆོས་གྲགས་ལགས། ས་སྒང་འདི་ནས་ཉིན་རེར་ཉིན་རེར་ཁ་ཐག་ཇེ་རིང་གིས་དེ་རིང་གཏན་དུ་སླར་འཛོམས་རྒྱུ་མེད་པར་ཁ་གྱེས་ཏེ་བཞུད་སོང་། ཕྱིར་མི་འོང་བ་བཞུད་སོང་།
16 / 2/ 2015
གྲོགས་ཀྱི་བརྩེ་འདང་མཚོན་པའི་རྩོམ་སྙན་མོ་ཞིག་བྲིས་འདུག བཞུད་ཟིན་པ་ཕྱིར་འོང་མེད་པར་བཞུད་སོང་། ན་ཚ་ཞིག་རེད།
བརྒྱུད་རིམ་ཡོད་པའི་ཡག་མོ་ཞིག་བྲིས་གདའ །
ངའི་སྐད་ཆར་ཚ་ཅུང་བཏབ་འདུག་ག