ཅོག་རོང་གི་མྱི་ནས།
ཚིག་བཟང་ཡང་སྙན་ངག་ལ་དོན་གྱིས་སྟོངས་ན་རྒན་མོ་རྒས་གཉེར་ཅན་ལ་གོས་བཟང་གིས་གཡོགས་པའི་ཚུལ་ཙམ་ལས་མ་འདས། གནམ་ས་ན་གོས་ཀྱིས་མ་གཡོགས་པའི་གཞོན་ནུ་མར་སྙིང་ཁུངས་རིས་པའི་གཏིང་ནས་དགའ་ཞེན་ལྡན་པའི་བདག་གིས་རང་ཉིད་བསྟོད་པའི་སྙན་ངག་འབྲི་བར་བྱ་ཡི་ཉོན།
སྲོལ་འབྱེད་སྒོ་འབྱེད་མང་ན་ཡང་།།
ཚང་མ་ཤིང་སྒོ་ཤིང་རྟ་རེད།།
ལྕགས་སྒོ་ལྕགས་སྲོལ་འབྱེད་མཁན་ཞིག།
ད་ལྟ་ཨ་རིའི་ཡུལ་ན་ཡོད།།
མི་དག་དགའ་ན་འབུ་ལའང་བསྟོད།།
མ་དགའ་ཕ་མ་ཡིན་ཡང་དམོད།།
རང་ལུས་དལ་འབྱོར་རླབས་པོ་ཆེར།།
ཅུང་ཙམ་བསྟོད་ན་ཅིས་མི་འཚལ།།
ས་ཡི་དཀྱིལ་འཁོར་དབང་བསྒྱུར་བའི།།
ཆེན་པོ་བོད་ཀྱི་སྟོབས་འབྱོར་གྱི།།
རྣམ་ཐར་ཉམས་པའི་རྒྱུ་རྐྱེན་གཅིག།
རང་ཉིད་མ་བསྟད་མ་གུས་ཡིན།།
ལོ་ནི་ཕལ་ཆེར་བཞི་ཅུར་སླེབས།།
ལྷ་མིའི་གོ་འཕང་ངས་མ་བརྙེས།།
དབུལ་ཞིང་ཕོངས་པའི་བདག་ཉིད་ལ།།
དང་པོ་སྐྱབས་འགྲོ་ཕྱག་གསུམ་འབུལ།།
སྐྱེས་དུས་སྔོན་གྱི་ལས་མི་དྲན།།
རིག་གནས་བཅུ་པོར་ཡང་བསྐྱར་སྦྱང་།།
སྦྱངས་བ་མཐར་དུ་ཕྱིན་པའི་རྟགས།།
གཞལ་ཐབས་བྲལ་བ་ཉམས་རེ་དགའ།།
བྱིས་པ་དག་ལ་བརྡ་སྤྲོད་བསླབས།།
ཁྲིམས་ཁང་ནང་ནས་རྒྱ་ཁྲིམས་བརྩད།།
རྒྱ་མགོ་བོད་མགོ་གཉའ་ནས་མནན།།
དེ་འདྲའི་སྐྱེས་བུ་ཡ་མཚན་ང་།།
རྒྱུ་སྐར་མང་པའི་མཁའ་ལམ་ན།།
འོད་གསལ་ཉི་མ་ལྟ་བུ་མེད།།
ས་སྟེང་ས་འོག་ས་བླ་ན།།
རྒྱ་ཡིག་བོད་ཡིག་ང་འདྲ་མེད།།
རྒྱ་སྐད་བོད་སྐད་སྨྲ་དགའ་དག།
བདག་གི་གམ་དུ་སླེབས་ཙ་ན།།
གཡོ་སྒྱུ་ཆེ་བའི་རི་དཱགས་འགའ།།
གློ་བུར་སེང་གེར་འཕྲད་བཞིན་འཇིགས།།
དངུལ་ཁང་ནང་ན་ཨ་སྒོར་སྟོང་ཐམ་པ།།
ཉལ་ཁྲི་ཐོག་ཏུ་ཆུང་མ་བསམ་ཤེས་ཤིག།
ཀླད་པ་ནང་ན་བདག་ཉིད་ཁོ་ན་བཀང་།།
འདི་ལས་ལྷག་པའི་ནོར་བུ་སུ་ལ་ཡོད།།
སེང་གེ་ཐང་ན་རྒྱུ་བ་བཞིན།།
བདག་གི་སེམས་ནི་དོགས་སྐྲག་བྲལ།།
རྣལ་འབྱོར་བ་ལ་མི་མངའ་བའི།།
ཉམས་སྣྣང་དེ་འདྲ་ང་ལ་གདའ།།
སྟོང་ཉིད་ཆུ་རྙོག་དཀྲུགས་དཀྲུགས་ནས།།
ཕན་བདེའི་མར་ལོ་འབྱུང་ལ་རེ།།
ཀྱེ་མ་བྱུང་འདས་བོད་མཁས་རྣམས།།
ཕྱིན་ཅི་ལོག་ལ་ཡུན་རིང་ཞུགས།།
བླ་མ་ཐམས་ཅད་བཙོན་དུ་བཅུག།
མཁས་པ་ཇི་སྙེད་བྲན་དུ་བཀོལ།།
དུང་ཕྱུར་བདུན་མྱི་རྐང་བས་མནན།།
གཙོ་འཛིན་མའོ་ཡི་བདག་ཉིད་ཡིན།།
རང་གྲོལ་མཁས་ཀྱང་སྔ་ནས་བཞུད།།
ཞོགས་དུང་དཔའ་ཡང་ཡོན་ཏན་མེད།།
ཚ་བ་མདའ་སྨྱུག་འཇའ་ལྟར་ཡལ།།
ལེགས་བཤད་འདི་སྤེལ་བདག་ཁོ་ན།།
གཞན་ལ་བསྟོད་པའི་དུས་རབས་ཡལ།།
རང་ཉིད་བསྟོད་པའི་སྐྱ་རེངས་ཤར།།
རང་རང་བཙན་ན་རང་བཙན་ཡིན།།
བདག་ཉིད་གཙོ་ན་མང་གཙོ་ཡིན།།
ཁ་བརྡ་བུམ་པ་འདྲ་མོ་ནང་།།
བདག་ཉིད་རྒྱ་མཚོ་ག་ལ་གཤོངས།།
སྐོམ་པས་མནར་བའི་སྤུན་ཟླ་ཚོར།།
གདུང་སེལ་བདུད་རྩི་འདི་ཙམ་སྦྱིན།།
བདག་ལ་བསྟོད་པ་གཞན་ཡོད་ན།།
འཛུམ་དང་མེ་ཏོག་དམ་པས་བསུ།།
བདག་ལ་སྨད་པ་གཅིག་ཡོད་ན།།
གནའ་ཤི་ད་འགྱེལ་ཕ་ཁུ་ཡོ།།
སློབ་དཔོན་པད་མས་མཆེ་བ་གཙིགས།།
སེང་ཆེན་ནོར་བུ་རྟ་ལ་བཅིབས།།
ཅིང་གུར་རྒྱལ་བོ་གཡུལ་ངོར་སླེབས།།
ཀི་ཀི་སོ་སོ་བདག་རྒྱལ་ལོ།།
བསམ་གྱིས་མི་ཁྱབ་སྙན་ངག་ལ།།
བརྗོད་ལས་འདས་པའི་བརྗོད་བྱ་མང་།།
གཟུར་གནས་དཔའ་བོའི་སྤྱོད་ཡུལ་ལས།།
བྱིས་བློ་དག་གི་གཞལ་བྱ་མིན།།
སུམ་རྟགས་མཁན་པོས་སྐྱོན་མ་བཙལ།།
སྙན་ངག་ཅན་པོས་སྒྲོ་མ་འདོགས།།
འགྱོད་བཤགས་བགྱིད་དོན་སྤུ་ཙམ་མེད།
གུས་ཕྱག་འབུལ་སའང་གཞན་ན་མེད།།
ཅོག་རོང་གི་མྱི་ནས།
ཁྱེད་ཀྱིས་རང་བསྟོད་འདིའི་རྒྱབ་ལྗོངས་ན་གོ་རགྱུ་ཆེན་པོ་ཞིག་འདུག དེ་ཅི་ཞིག་རེད།
བདག་ཉིད་རྒྱ་མཚོ་ག་ལ་ཤོང་ཡིན་གྱི་གཤོངས་མིན།
ཚེ་རིང་ནོར་བུ་ལགས་སུ།
དེའི་རྒྱབ་ལྗོངས་ནི་ང་སྲིད་སྐྱོང་ལ་འདུག་བསམས་ནས་ཡིན།
ལྷ་མིའི་གོ་འཕང་ངས་མ་བརྙེས། མི་ཡིན་བཞིན་དུ་མིའི་གོ་འཕང་མ་ཐོབ་ཅི་ལ་ཟེར།
རང་ཉིད་རང་བསྟོད་ཞོར་དུ་གོ་རྒྱུ་ཞིག་ཡོད་པའི་ཚུལ་དུ་འདུག་ཀྱང་། ཇི་བཞིན་གོ་བ་ཡང་དག་ཞིག་མི་ལོན་པ་ནི་སེམས་ཐག་སྒོར་མོ་རྡོ་རེད།
བདག་ཉིད་བསྟོད་པ་འདི་ལ། ལ་དོན་གྱི་ལ་སྒྲ་མེད་ན་ཚིག་བསྡུས་དྲགས་པ་མིན་ནམ།
སྙན་གོ་རྒྱུ་ཡོད་པ་ཞིག་བྲིས་འདུག ཅོག་རོང་ཞེས་པ་འདི་རུས་མིང་ཡིན་ནམ་ཡང་ན་སྨྱུག་མིང་རེད།ཕྱི་མ་ལྟར་ན་དེ་ཙམ་གོ་རྒྱུ་མེད་པ་འདྲ།རུས་མིང་ལ་ཅོག་རོ་ཞེས་པ་ལོ་རྒྱུས་དང་ད་ལྟའི་ས་མིང་དང་དངོས་ཡོད་འདུག འགྲེལ་བཤད་ཅིག་སྐྱོན་ན་ག་འདྲ་འདུག
སྙན་ངག་དེ་ལ་གོ་རྒྱུ་འདུག།
གོ་རྒྱུ་མ་ཟད་ཚོར་རྒྱུ་འདུག།
ཁ་ཤས་མགོ་རྡོ་འཕངས་ཤག་འདུག།
རྡོ་རིལ་མ་རེད་ཟུར་གསུམ་རེད།།
ཕོ་རབ་འབྲིང་ཀུན་ལ་འཕངས་པ་འདྲ།།
འཕེན་མཁན་ཅོག་རོང་མི་རྒོད་རེད།།
ཕོག་ས་ཡ་ཐོད་བཞི་མདོ་རེད།།
ལས་ཅི་ཞིག་བྱས་པའི་རྣམ་སྨིན་རེད།།ཧཧཧཧ
བདག་ཉིད་གཙོ་ན་མང་གཙོ་ཡིན་། ཞེས་པ་འདི་དྲངས་དོན་ཡིན་ནམ་ངེས་དོན་ཡིིན་། ཕྱི་མ་ལྟར་ན་ཁྱབ་པ་དེ་ཙམ་མི་འདུག་པས་བདག་ཉིད་གཙོ་ན་མང་ཡིན་ཞེས་ཁ་
མཚོན་གཅོད་ནུས་པའི་གདེངས་ཚོད་ཀྱི་རྒྱབ་ལྗོངས་ཇི་ཡིན་ཞིབ་ཕྲ་གསུངས་རོགས་གནང་།
བླ་མ་ཕལ་ཆེར་མཐོན་པོའི་ཁྲི་ལ་རེ།།
བཙུན་པ་ཕལ་ཆེར་ཕྱི་མའི་དོན་ལ་རེམ།
མཁས་པ་ཕལ་ཆེར་གསར་གཏོད་ཕྱོགས་སུ་གཞོལ།།
བཟང་པོ་ཕལ་ཆེར་གཞན་དོན་སྒྲུབ་ལ་བརྩོན།།
བླུན་པོ་ཕལ་ཆེར་རང་བསྟོད་འབའ་ཞིག་སྤེལ།།
མཛེས་མ་ཕལ་ཆེར་སྒེག་ཆོས་གཙིགས་ཆེར་འཛིན།།
སྤྲང་པོ་ཕལ་ཆེར་ཕྱུག་པོའི་རྗེས་སུ་རྒྱུག།།
དོན་དུ་རང་རང་ཡུལ་ལ་འཇུག་བྱེད་རེ།།
ཞིབ་ཏུ་བརྟག་ན་ཀུན་སློང་ཁྱད་པར་གྱིས།།
རྣམ་པར་འབྱེད་དམ་ཡང་ན་བྱ་བས་ཕྱེ།།
རགས་ཙམ་དཔྱད་པར་འཚལ་ལོ་དྲྭ་གྲོགས་ཚོ།།
ཅི་ཞིག་བྲིས་ན་འབྲི་ཆོག་ལ།
གང་ཞིག་བརྗོད་ཀྱང་དེ་བས་འགྲིགས།
ཅི་བསམ་གང་དྲན་བཀོད་པ་འདི།
རང་སེམས་ངལ་གསོ་འཐོབ་པའི་ཐབས།
ཅོག་རོང་ཞེས་པ་ནི་ས་མིང་ཡིན་ལ་མདོ་སྨད་ཁྲི་ཀའི་ཡུལ་ཕྱོགས་སུ་ཆགས་ཡོད། བདག་ཉིད་གཙོ་ན་མང་གཙོ་ཡིན་ཞེས་བ་ནི་དྲང་ངེས་གང་རུང་གི་སྒོ་ནས་གོ་ཆོག དེ་གང་ཟག་རེ་རེའི་ཁམས་དང་མོས་པ་དང་སྣོད་ལ་རག་ལས།
འདིར་སྨྲས་པ།།
མ་ཞུགས་མ་ཞུགས་དབྱངས་ཅན་མ།།
བདག་གི་མགྲིན་པར་མ་ཞུགས་རོགས།།
ཡིན་གཅིག་མིན་གཉིས་ཞུགས་ཟེར་ན།།
བདག་གི་ཉལ་སར་ཞུགས་རོགས་མཛོད།།
༤༽མ་ཞུགས་མ་ཞུགས་དབྱངས་ཅན་མ།།
༣༽བདག་གི་མགྲིན་པར་མ་ཞུགས་རོགས།།
༢༽ཡིན་གཅིག་མིན་གཉིས་ཞུགས་ཟེར་ན།།
༡༽བདག་གི་ཉལ་སར་ཞུགས་རོགས་མཛོད།།
ལན་དུ་དབྱངས་མས།
༡༽ཁྱོད་ཀྱི་ཉལ་ས་དྲི་ངན་འདིར། །
༢༽ཞུགས་རོགས་ཨུ་ཚུགས་ཁུངས་མི་འཁྱོལ། །
༣༽ཁྱོད་ཀྱི་མགྲིན་པར་འཁྱུད་འདོད་ཀྱང་། །
༤༽ཚེ་འདིར་ང་གཉིས་ལས་འབྲས་མེད། །
ལན་དུ་ དབྱངས་མས། འདི། དབྱངས་ཅན་མས། ལ་ བཅོས།
མ་ཐོན་མ་ཐོན་དབྱངས་ཅན་མ།།
བདག་གི་མལ་ནས་མ་ཐོན་རོགས།།
དགུན་གྱི་ཁུ་བྱུག་འབྱོར་ནས་ནི།།
རང་བསྟོད་འབྲུག་སྒྲ་གྲགས་ཀྱིན་འདུག །
མ་འཛུལ་མ་འཛུལ་སྒྲ་དབྱངས་སྙིང་སྡུག་མ།།
རང་བསྟོད་ཁེངས་དྲི་བྲོ་བའི་རུམ་མ་འཛུལ།།
རང་བསྟོད་དྲེགས་པས་སྦོས་པའི་རུམ་ཞུགས་ན།།
རང་གཞན་མི་གཙང་སྐྱག་གཅིན་སྦགས་པར་ངེས།།
དབྱངས་ཅན་ལྷ་མོ་ད་འཛུལ་ཤིག།
ཅོག་རོང་བུ་དང་མཉམ་ཉལ་མཛོད།།
ཁོང་གི་དྲན་ཆེན་ཀ་བ་དེ།།
ཕོ་གསར་གཞན་ལས་ཤིན་ཏུ་ཆེ།།
སྤྱང་དར་མའི་ཚང་གི་སྒོ་རྩ་ན།
ལུག་མ་མོས་འབོད་སྒྲ་སྒྲོག་ཉིན་མོར།
ང་རྫིའི་སྙིང་གི་ཚ་ཤར་འདིར།
བང་ཁྲ་རིང་མེད་པས་ལེན་པ་རེད།
དམ་ཅན་རྒྱལ་བོའི་ལྕགས་ཚན་ནི།།
འཁོར་འདས་ཀུན་གྱི་སྟེང་དུ་བསྣུན།།
བདག་བསྟོད་མདའ་མོ་འཕྲུལ་འཁོར་འདིས།།
མཁས་བླུན་ངག་གི་སྙིམས་པ་གཏོར།།
ཀརྡོ་གཉེར་ཕྱག་པ’ལགས་སུ།
རྟེན་འབྲེལ་བསྟོད་པ་ལ་ལ་དོན་མེད་པས་བསྡུས་དྲགས་སམ། འཇམ་མགོན་བླ་མར་དྲིས་ཤིག དེ་དང་མཚུངས་པར་བདག་ཉིད་ཅེས་པའི་ཐ་སྙད་འདི་ལ་བསམ་བློ་ཟབ་རྒྱས་ཤིག་ཐོངས།
ལ་དོན་མེད་པའི་བསྡུས་ཚོག ཚིགས་བཅད་མཁོ་ཡིས། ཚིག་ལྷུག་འགོ་བརྗོད་ལ་མིན་ནོ། དེ་མིན་ན་རྗེ་རིན་པོ་ཆེ་ཡི་ཁུངས་ཅིག་དྲོངས་དང་། དེ་ནས་རྩོད་ཆོག་ལགས།
བསྟོད་པར་བྱེད་དང་བསྟོད་བྱ་གཉིས།།
ཐ་དད་ཕྱིར་ན་འཕྲི་བའང་སྣང་།།
བདག་ཉིད་བསྟོད་པར་བསྟོད་བྱ་དང་།།
བསྟོད་བྱེད་ཐ་དད་མེད་པས་ན།།
རྟེན་འབྲེལ་བསྟོད་དང་བདག་བསྟོད་གཉིས།།
དཔེ་དོན་མཚུངས་པ་མ་ཡིན་ཏེ།།
རྟེན་འབྲེལ་ལ་བསྟོད་པ་མ་ཡིན་གྱི།།
རྟེན་འབྲེལ་གསུངས་པོར་བསྟོད་པས་ན།།
བསྟོད་བྱ་བསྟོད་བྱེད་ཐ་དད་པའི།།
བརྟེན་ཅིང་འབྲེལ་འབྱུང་གསུངས་པ་ཡི།།
སྒོ་ནས་བསྟོད་ཕྱིར་དེ་ལྟར་གྲགས།།