ཀླུ་སྨྱོན།
ཁོ་བོའི་དལ་རྟེན་མེ་ཏོག་ཆུང་ངུ་བྱམས་ལྡན་ཨ་མའི་དབྱིག་འཛིན་སྤོར། །
ཞིམ་མངར་ནུ་ཞོའི་ཟིལ་བ་འཐུང་ཞོར་དྭངས་གཙང་མཚེའུ་ལྟར་མཛེས་པའི། །
འདྲེན་བྱེད་གདངས་ཏེ་འཇིག་རྟེན་འདི་ལ་ཐོག་མའི་མིག་ཞགས་འཕེན་པའི་དུས། །
འཁྱར་འཁྱོར་གོམ་ཁ་དལ་བུར་སྒྱུར་བའི་བེའུ་ཞིག་གི་གཟུགས་བརྙན་མཐོང་།
དབྱར་གསུམ་འཇའ་ཚོན་མེ་ཏོག་བརྡལ་བའི་ལྗང་སྣུམ་གཡུ་ཡི་སྤང་ཐང་ནས། །
ང་དང་བགྲང་བྱའི་ན་ཚོད་མཉམ་པའི་ཡིད་འོང་བེའུ་ནག་ཆུང་དེས། །
ཞིམ་མངར་ནུ་བཅུད་ལྷན་ཅིག་འཐུང་བཞིན་འཁྱར་འཁྱོར་གོམ་པའི་རི་མོ་ནི། །
རྨ་རྒྱལ་ལྷུན་པོའི་འདབས་ཀ་དང་ནི་རྨ་ཀླུང་སྔོན་མོའི་ངོགས་སུ་ཕབས། །
དགུན་གསུམ་ཁ་བ་དཀར་པོའི་མེ་ཏོག་སྤྲིན་ནག་འཁྲིགས་པའི་ལྡིང་ཁང་ནས། །
ཕ་ཡུལ་འཛིན་མའི་རི་ཀླུང་མེད་པར་དལ་བ་དལ་བུར་ཟགས་པ་ན། །
ང་ཡི་རྩེད་གྲོགས་བེའུ་དེ་ཡང་བྱམས་ལྡན་འབྲི་མོའི་ལུས་དྲོད་ཀྱིས། །
གྲང་རེག་མཚོན་རྩེ་ལུས་ལ་མ་ཟུག་རྨི་ལམ་དུ་ཡང་ང་རང་འབོད། །
ལོ་ཟླའི་ཕྲེང་བ་རིམ་གྱིས་འདས་ནས་བེའུ་ཁོ་ཡང་ནར་སོན་ཏེ། །
སྤྲིན་ནག་ཚོམ་བུ་ས་ལ་ལྷུང་འདྲའི་འབྲོང་གཡག་དག་གི་གྲལ་དུ་ཚུད། །
བདག་ཀྱང་གཡུ་སྦྲ་སྨུག་པོར་གྱེས་ཏེ་དབྱངས་གསལ་སོ་བཞིའི་འཇིག་རྟེན་དུ། །
བྱམས་ལྡན་ཕ་མའི་སྨོན་འདུན་ཁྱེར་ནས་ཕུགས་བསམ་ཀློང་དུ་ཡུད་ཀྱིས་ཆས། །
ཤེས་རིག་མེ་ཏོག་སྡུག་གུར་བཀྲ་བའི་སློབ་གྲྭའི་སྐྱེད་ཚལ་ཉམས་དགའ་བར། །
གཙུག་ལག་སྦྲང་རྩིའི་བཅུད་ལ་རོལ་བའི་བློ་གསལ་རྐང་དྲུག་ཁྱུ་དང་ལྷན། །
རིག་བྱེད་དབྱངས་སྙན་སྒྲོག་པའི་དུས་སུ་རྨིག་རྗེས་གོར་མོས་གངས་འདབས་སུ། །
ཚེ་སྲོག་ཅིག་གི་གཏམ་རྒྱུད་འབྲི་བའི་ནེའུ་ལྡང་གང་དེ་ཡང་ཡང་དྲན། །
ཀ་མད་སུམ་ཅུ་དབྱངས་སུ་གྱེར་བཞིན་ཁོ་བོ་ཡུལ་ལ་ལོག་ཐེངས་རེར། །
གཡུ་ཡི་ལོ་འདབ་ཕང་ཕུང་དུད་པའི་སྤང་ཐང་གོར་མོའི་ཟུར་ཞིག་ན། །
ང་ཡི་བརྩེ་བའི་གཡག་རོག་གང་དེས་གནམ་རུའི་དབྱིབས་ཀྱི་རྭ་ཅོ་ཟུང་། །
དབྱར་གྱི་དགའ་མའི་མགྲིན་པར་འཁྱུད་དེ་སྙིང་གཏམ་གང་ཞིག་ཤུབ་བུར་ཟློ། །
དམར་སེར་འོད་ཀྱི་གཟེགས་མ་འགྱེད་པའི་ཉིན་བྱེད་ཆུ་ལྷར་མནལ་བའི་དུས། །
ང་ཡི་འཇིགས་མེད་སྤོབས་པ་མངའ་བའི་གཡག་རོག་དེ་ཡི་རྭ་བར་ནས། །
དུང་ཟླ་དཀར་པོས་མཁའ་ལམ་གཤགས་ཚེ་རྒྱུ་སྐར་འབུམ་གྱི་མིག་ཟུང་ལས། །
མངར་ལ་སྐྱུར་བའི་གཏམ་རྒྱུད་ཅིག་གི་ཐོག་མའི་བརྗོད་བྱ་འོད་དུ་འཚེར། །
བརྒྱད་གཉིས་ལང་ཚོའི་མེ་ཏོག་ཕྲེང་བ་ང་ཡི་མགུལ་བར་དཔྱངས་པའི་དུས། །
གནག་སྣུམ་སྐྲ་ལོ་ས་རུ་བསྙིལ་ནས་ངུར་སྨྲིག་ཤམ་བུ་ལེགས་བསྒོས་ཏེ། །
ལུང་རིགས་ཤེལ་དཀར་རྒྱུད་མང་འཁྲོལ་བའི་ཞི་བའི་ནགས་ཀླུང་སྙེག་པའི་དུས། །
གཡག་རོག་གང་དེའི་ངུར་སྐད་སྙན་མོས་ང་ལ་བརྗེད་དཀའི་སྐྱེལ་མ་བྱས། །
སྡོམ་བཞིའི་རང་སྒྲ་ཕྱོགས་སུ་མཆེད་པའི་ཐར་པའི་ཁང་བཟང་ཉམས་དགའ་བར། །
བཤད་སྒྲུབ་མེ་ཏོག་ཟས་སུ་སྤྱོད་པའི་མཆེད་གྲོགས་སྦྲང་རྩིའི་བུ་དག་དང་། །
ལྷན་ཅིག་ལུང་རིགས་འཕུར་ལྡིང་རོལ་རྩེད་ཉིན་མཚན་བསྣོལ་བའི་ཆོ་གར་བཤམས། །
རབ་དཀར་ཁ་བའི་འདབ་མ་འབུམ་ཕྲག་ནོར་འཛིན་གཞི་རུ་འཐོར་བའི་དུས། །
གྲང་རེག་མཚོན་གྱི་སོ་ཁ་རྣོན་པོ་ང་ཡི་སྲོག་ལ་གཟན་པའི་ཚུལ། །
དྲིན་ལྡན་ཕ་མ་གཉིས་ཀྱིས་གཟིགས་ཏེ་ཉི་ཟེར་དྲོད་ཀྱིས་བསྐམས་པ་ཡི། །
གནག་ཕྱུགས་ལྕི་བ་དོ་བོར་བྱས་ཏེ་གཡག་རོག་ཁོ་ལ་བཀལ་ནས་འོངས། །
དབྱར་གསུམ་ནོར་འཛིན་དགའ་མའི་རྐེད་སྐབས་གཡུ་མདོག་ལང་ཚོས་འཁྱུད་པ་ན། །
བྱམས་ལྡན་ཨ་མས་འབྲི་མོ་བཞོས་ཏེ་དཀར་གསུམ་བདུད་རྩིས་གཏམས་པ་ཡི། །
དབྱིབས་ལེགས་གསོམ་དཀར་འོ་ཟོ་ཆུང་ཆུང་གཡག་རོག་དེ་ལ་བཀལ་བྱས་ཏེ། །
ང་ཡི་ཕྱི་སྒོའི་གམ་དུ་བསླེབས་པ་སོར་མོ་བཅུ་ཡིས་ཇི་ལྟར་བགྲང་། །
དེ་ལྟར་ལོ་ཟླའི་ཕྲེང་བ་རིང་མོ་སྐྱིད་སྡུག་རིང་ཐུང་མི་སྙོམས་པའི། །
ཉིན་ཞག་སོར་རྩེར་དལ་བུར་ཟད་དེ་གཡག་རྒོད་གང་དེའི་ལང་ཚོ་ནི། །
འོད་ཀྱི་སྐྲ་ལོ་ཀུན་ནས་བྱི་བའི་ཉི་མ་དམར་པོའི་རྗེས་སུ་སོང་། །
སྣང་ཚུལ་འདི་ཡིས་བདག་གི་མིག་མཐར་བརྗོད་བྱ་ཟབ་པའི་བརླན་ཞིག་བསྐྱིལ། །
མངར་ལ་སྐྱུར་བའི་སྙན་ངག་ཚོམ་བུ་རྒུན་ཆང་དམར་པོའི་རོ་མངར་ཅན། །
ཁོ་བོའི་རྣམ་དཔྱོད་ལྕེ་རྩེར་སིམ་སྟེ་སྟོང་འཇགས་གངས་རིའི་འདབས་ཀ་རུ། །
ཁྲག་དང་མཆི་མའི་མཚོ་མོ་ཞིག་དང་རོ་དང་རུས་པའི་རི་བོ་ཞིག །
བསླུ་བྲིད་སྨག་གི་ཡོལ་བས་མནན་པ་གྱི་ནར་ལུས་པའི་རྐྱེན་གང་རྟོགས། །
གཡག་རོག་འབུམ་གྱི་ཟེ་བས་བཏེགས་པའི་བརྗེད་དུ་ཕངས་པའི་ལོ་རྒྱུས་ཤིག །
ཡིག་དྲུག་དམར་པོའི་ཁ་རིས་མཛེས་པའི་གངས་དཀར་ལྷུན་པོའི་ཐམ་ཀ་ཡིས། །
རྒྱུ་སྐར་འབུམ་གྱི་གཟི་བྱིན་བསྣོལ་བའི་སྟོང་པའི་ཁམས་འདིར་མནན་གྱུར་པས། །
རླུང་རྟ་ཡར་འཕུར་ཁ་བ་མར་འབབ་རྨི་ལམ་ཞིག་གི་སྔོན་འགྲོར་བྱས། །
དེ་ལྟའི་བསམ་གཞིག་རིང་མོར་འཇུས་ནས་དགུན་གསུམ་ནམ་ཟླ་འཁྱག་པོ་ཞིག །
ཁ་བ་དཀར་པོའི་སྐྱེས་དང་བཅས་ཏེ་གཡག་རོག་བགྲེས་པོའི་རྭ་རྩེ་རུ། །
ཉིན་ཞག་བརྒྱ་དང་བརྒྱད་ཀྱི་ཕྲེང་བར་བར་མེད་རྩེན་པའི་མཇུག་ཐོགས་སུ། །
སྙིང་གྲོགས་གང་དེའི་གོམ་འགྲོས་འཁྱོར་ཏེ་ནོར་འཛིན་པང་དུ་དལ་བུར་འགྱེལ། །
ཉིན་དེར་བྱ་རྒྱལ་རྒོད་པོའི་ཁྱུ་ཚོགས་ཁ་བར་འགྲོགས་ཏེ་ས་གཞིར་བབས། །
འཁྱག་རླུང་ངར་མའི་ཤུར་སྒྲའི་ཁྲོད་དུ་ཁྭ་ཏའི་ཆོ་ངེ་རྣ་བར་གཟན། །
གཡག་རོག་ཅིག་གི་ཟུངས་ཁྲག་དྲོན་མོས་གངས་དང་ཁ་བའི་གླེགས་བུའི་ངོར། །
བསྲུབ་མེད་ལོ་རྒྱུས་གཟི་བརྗིད་འབར་བ་ཕྱི་རབས་དྲན་པའི་རྟེན་དུ་བཀོད། །
གཡག་རོག་དེ་ཡི་དཔྲལ་རུས་ངོས་སུ་ཡིག་དྲུག་སྣུམ་པོས་རྒྱས་བཏབ་སྟེ། །
ཁོ་བོ་སྡོད་སའི་དབེན་དགོན་དེ་ཡི་མ་ཎི་འཁོར་ལོའི་ཁང་པར་དཔྱངས། །
ཁ་བ་རི་བའི་བླ་སྲོག་བརྒྱུས་པའི་ཡི་གེ་དྲུག་མའི་སྒྲ་དབྱངས་ཁྲོད། །
བརྩེ་བའི་གྲོགས་དེ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་དེ་རུ་ཡུད་ཀྱིས་ཆས། །
ནམ་རྒྱུན་ཤར་རིའི་ཕྲག་གི་ཟླ་གཞོན་དབང་ཕྱོགས་མཁའ་མཐར་དགོད་པའི་དུས། །
སྙིང་གྲོགས་དེ་ཡི་དཔྲལ་རུས་མཐོང་ཚེ་ཁྲག་དང་མཆི་མའི་སྙན་ངག་ཅིག །
ཐོ་རངས་བཞུད་པའི་རྒྱུ་སྐར་ཇི་བཞིན་བསྐལ་པ་འཇིག་པའི་ཐོག་མདའ་བཞིན། །
གངས་རིའི་ལྗོངས་ཀྱི་བར་སྣང་གཤགས་ཏེ་ས་རུ་ཟགས་པ་རྟག་ཏུ་མཐོང་། །
དེ་སྐད་ཁ་བའི་འདབ་མ་འབུམ་ཕྲག་སྡུག་གུར་འབབ་པའི་འཇིག་རྟེན་དུ། །
ཟབ་ཅིང་འཁྱོག་པའི་རྐང་རྗེས་རེ་རེ་འོད་དུ་འཚེར་བའི་གཡག་རོག་ཅིག །
བདག་དང་ལྷན་དུ་དཀའ་ཚེགས་ཆེ་བའི་ལོ་ཟླ་བརྒྱུད་པའི་རབ་བྱེད་འདི། །
ལུམ་བྷི་ནི་ཞེས་གྲགས་པ་རབ་གཡོ་ཆོས་ཀྱི་དགའ་ཚལ་དེ་རུ་བྱས། །
༡༩༩༩ལོའི་ཟླ་༡ཚེས་༡༣ཉིན།
སྙན་ངག་འདི་ཀོ་སྙན་པའི་ཚད་དུ་སྙན་ངག་མཁན་པོ་སྨྱོན་པས་བྱས།།
གཡག་དང་སྦྱར་པའི་གཡག་རྩོམ་འདི་ལ་གཡག་ཕྲུག་དག་ནི་ཁོང་ནས་མགུ།།
སྙན་རྩོམ་སྙན་པའི་དབྱངས་ངག་སྙན་མོ་ཐོས་བྱེད་དབང་པོའི་བཅུད་དུ་སྨིན།
འགྱུར་ཁུགས་དུ་མས་རྒྱན་གོས་གྱོན་པའི་སྙན་ངགས་མཁན་ཚོའི་དབུ་འཛིན་ལགས།
འབྲོག་པའི་ལྕི་བ་དོ་བོ་བཀལ་སའི་བརྩེ་མདངས་ཟབ་པའི་གཡག་ནག་དེ།
དུར་འཇུག་ཟབ་མོའི་ཉེར་ལེན་ལ་རྟེན་ད་ལྟ་དག་ཞིང་འཁོད་པར་ངེས།
ཀླུ་སྨྱོན་ཚང་གི་འཇེབས་ཤིང་སྙན་པའི་ངག་གི་སྦྱོར་བའི་ཉི་མ་གཞོན་ནུའི་ཟེར།
བོད་སྐད་སྦྱངས་པའི་སྙིང་གའི་པད་མའི་ཚལ་ལ་ཕོག་སྟེ་ཕྱོགས་བཅུར་་དྲི་བསུང་ཁྱབ།
ཁོ་བོས་བོད་སྐད་སྲུང་ལ་དམ་བཅའ་རི་རབ་ལྷུན་པོ་རིན་ཆེན་བཞིའི་ངོགས་ལ།
གཏུམ་ཆེན་རྡོ་རྗེ་མེ་འབར་འཕྲོས་པས་དམ་བཅའ་རི་རྒྱལ་་གཟི་བྱིན་རབ་ཏུ་རྒྱས།།
དུས་རྒྱུན་བཞིན་ཚིག་འགའ་རེར་གཞོན་ནུ་རྣམས་ཀྱིས་གཟིགས་མོར་མཐའ་དཔྱད་བགྱིད་པར་གནང་བ་སྩོལ།
རིག་བྱེད་དབྱངས་སྙན་སྒྲོག་པའི་དུས་སུ་རྨིག་རྗེས་གོར་མོས་གངས་འདབས་སུ། །
ཁ་སྡོམ་པ་ལ་སྒྲོག་དང་། སྐད་ཆེར་འབོད་པ་ལ་སྒྲོགས་ཞེས་གཞུང་དཔེ་དག་བསྟུན་ཏེ་ཁོ་བོས་འདོད། དཔེར་ན་འབྲུག་ལྟར་ཆེར་སྒྲོགས། ཞེས་པ་ལྟ་བུ།
གཡག་རོག་གང་དེའི་ངུར་སྐད་སྙན་མོས་ང་ལ་བརྗེད་དཀའི་སྐྱེལ་མ་བྱས། །འདི་ནང་གི་རོག་དེ་ནག་པའི་དོན་ཡིན་ནམ། བདག་གིས་འདིའི་དོན་ལེགས་པར་མི་ཤེས།
ལུམ་བྷི་ནི་ཞེས་གྲགས་པ་རབ་གཡོ་ཆོས་ཀྱི་དགའ་ཚལ་དེ་རུ་བྱས། །འདི་ནང་གི་ལུམ་བྷི་ནིཞེས་པ་གཞོན་ནུ་དོན་ཀུན་གྲུབ་པ་སྐུ་བལྟམས་པའི་གནས་དེ་ཡིན་ན། བ་ཡི་འོག་ཧ་ཡིག་མེད་ན་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས། ལྷ་མོ་ལུམ་བིའི་ཚལ་དུ་ཆས་པ་ལ། ཞེས་པ་ལྟ་བུའོ།།
ཁྱེད་རྣམ་པ་ཕེབས་པར་དགའ་བསུ་ཞུ་བ་དང་། རྒན་ལ་དྭགས་པའི་དགོངས་གཞི་ཟབ་མོར་གདེང་འཇོག་ཡོད།
རིན་ཆེན་བཞིའི་ངོགས་ལ།
རིན་ཆེན་བཞི་་གང་གང་ཡིན། གསལ་བཤད་ཅིག་ཞུ་དགོས་པར་མཐོང་།
རིན་ཆེན་དང་པོ་བོད་སྐད། གཉིས་པ་ལེགས་སྦྱར། གསུམ་པ་ཧིནད་སྐད། བཞི་པ་ཨིན་སྐད། རེ་རེ་ནས་བདག་ལ་རིག་པ་བྱུང་དང་འབྱུང་བཞིན་པས་དེ་དག་བདག་གི་རིན་པོ་ཆེ་ལགས་སོ།།
རྣ་བའི་བདུད་རྩི་དང་མཚུངས་པའི་སྙན་ཚིག་ལེགས་སྐྱེས་སུ་གནང་བར་དགའ་བསུ་ཞུ།
གཡས་འཁྱིལ་དུང་གི་སྒྲ་དབྱངས་ལས། །
སྙན་པའི་སྙན་རྩོམ་འདི་འདྲ་ཞིག །
ཡུན་རིང་མ་མཇལ་གདུང་ཤུགས་ཀྱིས། །
ཐེངས་འགའ་བཀླགས་ནས་བུད་སོང་ང་། །
སྙན་མོ་ཞེ་དྲག་བྱུང་་་ཐུགས་རྗེ་ཆེ།
ཀླུ་སྨྱོན་ལགས་ཀྱིས་སྙན་ངག་ཡག་པོ་བྲིས་འདུག་ལ་མུ་མཐུད་དེ་སྤེལ་རོགས།
འཛད་མེད་གསང་གཏམ་སྨྲ་ཁྱོད་གང་དུ་བཞུགས།།
ཁྱིམ་གྱི་བཙོན་རྭར་མ་མ་ཚུད་ཁོ་ཐག་ངེས།།
དུས་དང་སེམས་དང་འཆར་སྣང་གང་ལའང་།།
ཁྱོད་ནི་སྔར་གྱི་ཀླུ་སྨྱོན་ཁོ་ནར་སྣང་།།