རེབ་ཐོག་མདའ།
སྐྲ་རྩེ་ལ་བབས་པའི་ཁ་བ་དཀར་བོ་དེ།།
ངོ་གདོང་ན་སྨིན་བཞིན་པའི་གཉེར་རུས་སྟུག་པོ་དེ།།
ལོ་ཟླ་འདིས་ཧྲག་བར་ནས
སུ་ཞིག་གི་བདག་ལ་སྤྲད་པས་འཚོ་བ་ཞིག་གི་ཁ་དོག་ཡིན་ལ
བདག་གིས་མི་ལོ་དུ་མར་བྲིས་པའི་མི་ཚེ་ཞིག་གི་ཡོད་ཚད་ཡིན
ལོ་ངོ་བཅུ སྦྲ་ནག་གི་གཏམ་རྒྱུད་བོར་བའི་ལོ་ངོ་བཅུ
བདག་གིས ལོ་ངོ་འདི་དག
ཕ་ཡུལ་ཞིག་གི་ངོ་གདོང
སེམས་ཀྱི་ཟབ་སར་འབྲི་བཞིན
ཨ་མའི་ཡིག་དྲུག་གི་དབྱངས་རྟ་གསོན་པོ་དེ་ཐེངས་གཅིག་གོ་ན་བསམ་ཡོད་ལ
ཨ་ཕའི་རེ་སྒུག་སེམས་པ་དེར་ངལ་གསོ་ཐེངས་གཅིག་སྤྲད་ན་བསམ་ཡོད
མེ་ཏོག་བཞད་ཐེངས་རེར ཁ་བ་འབབ་ཐེངས་རེར
བདག་གིས ཕ་ཡུལ་ཞིག་གི་རི་ཆུ་ནགས་གསུམ་མིག་གིས་འཚོ་བཞིན
གཡང་དཀར་ལུག་གི་འབབ་སྒྲ་དང་
འབྲོ་མོ་བཞོ་དབྱངས་ལ་ཉན་བསམ་ལ
རླུང་བུ་ལྡིང་ཐེངས་རེར ལོ་མ་ཟགས་ཐེངས་རེར
བདག་གིས་ཕ་མ་ཞིག་གི་བརྕེ་བའི་དྲོད་ཁོལ་སེམས་ཀྱིས་རུམ་བཞིན
ཕ་ཡུལ་ལྟ་བུའི་ཕ་ཡུལ་གཞན་ཞིག་རྟོགས་བཟོ་བྱ་ན་བསམ་ཡོད
ད་དུང་
དུས་བཞིས་ནམ་ཟླ་ཀློང་ན
ལྷབ་ལྷུབ་ཏུ་གཡོ་བཞིན་པའི་དར་ལྕོག་ཟད་པོ་དེ
རི་ཁ་ན་ཉག་ཁ་ན་སུ་ཞིག་གི་ལས་དབང་སྲུང་བཞིན་པའི་ལ་རྕེ་ཞུགས་རོ་དེ
དེ་དག་རེ་རེ
ལོ་ངོ་བཅུའི་ཁུག་སོ་ན་རྒས་ཀྱིན་པའི་བདག་གི་སྐྲ་ལོ་དང་འདྲ་ལ
ལོ་ངོ་བཅུའི་སོ་ཁ་ན་ཟད་བཞིན་པའི་བདག་གི་ལང་ཚོ་དང་འདྲ་བས
ཕ་ཡུལ་ལ་ཕྱི་མིག་ལྟ་བཞིན ཕ་ཡུལ་ལ་ཐེངས་གཅིག་ཉན་ན་འདོད་ཨང་
ཕ་ཡུལ
ཁེར་རྐྱང་གི་འགྲུལ་བཞུད་པ་ཞིག་གི་སེམས་ཁོངས་ན
ཉི་མ་དང་ཟླ་བ་འབྲེལ་མཚམས་ན་བོར་བཞིན་པའི་བྱིས་དུས་ཀྱི་རྨི་ལམ་ཞིག