རེབ་ཐོག་མདའ།
ཞོགས་པའི་སྐྱ་རེངས་མལ་དུ་བསྐྱུར་དེ་རི་ཆེན་གོམ་པས་ཐད་ཀྱིས་བཅད།།
མགོ་སེར་བུ་མོའི་འཛུམ་ཆུང་འཐུང་བཞིན་ཁ་བརྡའི་སྣེ་མོ་བརྩེ་བས་གླན།།
ཉི་མའི་འོད་ཐིག་གདོང་ལ་ཕོག་པས་རྔུལ་ཆུའི་ཐིགས་པ་སྐྲ་རྩེར་ལྷུང་།།
དབྱར་གྱི་ཞོགས་པའི་དུད་སྤྲིན་ཀློང་ན་རྡ་སའི་ཁོར་ཡུག་ཁུ་སིམ་གདའ།།
ཁུ་བྱུག་གསུང་དབྱངས་རྒྱང་ནས་མཆེད་པས་སེམས་ཀྱི་ཟབ་སར་བདེ་སྣང་ཅིག །
བསིལ་རླུང་འཇམ་པོ་དལ་གྱིས་ལྡིང་བས་ལུས་ཀྱི་ཚ་གདུང་རེ་ཞིག་འཇགས།།
ལྗང་མདོག་གྱོན་པའི་རི་ལུང་འདི་ན་ང་དང་མགོ་སེར་བུ་མོ་གཉིས།།
ལམ་ཆུང་བརྒྱུད་དེ་རི་ལ་ཆས་པས་ཞོགས་པའི་མགྲོན་པོ་ཐོག་མ་ཉིད།།
ཕར་ཁའི་གངས་ཀྱི་རི་བོ་མཐོང་དུས་དྲན་གདུང་སེམས་ལ་ཨ་མ་ཤར།།
མར་ཁའི་གཙང་བོའི་ཤག་སྒྲ་ཐོས་དུས་བྱིས་དུས་རྩེད་རོགས་ན་ཟླ་དྲན།།
དབྱར་ཟླ་དྲུག་པའི་ཚ་གདུག་རུམ་པའི་ས་མཐའི་སྡེ་ཡི་གྲུ་འདི་ནས།།
སྦྲ་ནག་སྨུག་པོའི་ཕ་གཞིས་འབོད་པའི་མཐོ་སྒང་རི་བོ་ལྷག་ཏུ་དྲན།།
དབྱིན་ཇི་བུ་མོ་ཁུ་སིམ་ཀློང་ན་བདག་རྗེས་བསྙེགས་ཏེ་སླེབས་ན་ཡང་།།
བདག་གི་བསམ་གཞིགས་སྣེ་མོའི་བཏེགས་པས་ཕ་ཡུལ་ཞིག་གི་ལོ་ཟླ་དེ།།
དུས་བཞིའི་ངོགས་སུ་སེམས་ལ་བབས་པའི་བརྩེ་བའི་རིན་ཐང་གསོན་པོ་ཞིག།།
ས་མཐའི་ཀློང་ནས་སྙིང་ལ་བརྐོས་པས་བརྗེད་མེད་དྲན་ཤིང་ལྗི་མོ་ཞིག།
ངལ་གསོའི་སྣེ་མོ་ཚིག་གིས་མནན་ཏེ་དུངས་བའི་ཚོར་བ་ཕྱིར་ལ་བཏོན།།
དབྱིན་མོ་སྤྲོ་བའི་འཛུམ་ཆུང་མངོན་བཞིན་བདག་ལ་ཚིམ་པའི་འོ་ཞིག་སྤྲད།།
ནགས་ཀླུང་སྟུག་པོའི་ཚིང་ཚིང་ཀློང་ན་སྐད་སྙན་སྒྲོག་པའི་བྱ་ཚོགས་ཀྱང་།།
འདོད་ལྡན་ཟུང་གི་ཆགས་པའི་སྒྲ་ཡིས་རེ་ཞིག་ལྐུགས་པའི་ཚུལ་དུ་ལུས།།
མིག་མེད་གྲོག་མ་ཁྱུ་དང་ཁྱུ་བྱས་བཟའ་བཏུང་འཚོལ་བར་བྲེལ་བས་འདུར།།
ལྗང་མདོག་གྱོན་པའི་གསར་སྐྱེས་ལྗོན་པས་སྒེག་པའི་ལང་ཚོ་ངོམ་ལ་བྲེལ།།
མཛེས་པའི་མེ་ཏོག་བཞིན་ལ་ཆགས་པའི་གཡུ་སྦྲང་གཞོན་ནུ་མཁྲེང་པའི་སེམས།།
དཀར་དམར་གསར་བཞད་མེ་ཏོག་བྲང་ན་ལུས་སེམས་གཉི་ཀ་འབྱར་ཏེ་འདུག །
སྔོ་བསངས་ནམ་མཁའི་དྭངས་གཙང་བཞིན་དེ་མཛེས་མའི་ལག་གི་མེ་ལོང་བཞིན།།
ཉི་ཟེར་ཕོག་པའི་ཞོགས་པའི་ཡུལ་ལྗོངས་མཐོ་སྒང་བོད་པའི་སྡེ་ཆེན་བཞིན།།
རི་ཆུ་ནགས་གསུམ་དབུས་ན་འཚང་བའི་ཁང་བརྩེགས་མང་པོའི་ཁ་དོག་དེ།།
བྱང་ཕྱོགས་རྡ་སའི་མཛེས་སྡུག་རྣམ་པ་རི་མོ་མཁན་གྱིས་བྲིས་པ་འདྲ།།
ཀྱག་ཀྱོག་ལམ་ཕྲན་དལ་གྱིས་བརྒལ་བས་གངས་རིའི་ངོ་གདོང་མིག་ལ་ཟུག །
གསེར་མདོག་ཉི་མ་ས་གཞིར་འཕྲོས་པས་ས་ཆེན་གོ་ལ་གཉིད་ལས་བསླངས།།
རྫི་བོ་རྒད་པོའི་ལུག་ཁྱུ་རྗེས་ན་མིག་ཟུང་གེམ་གེམ་བདག་ལ་ཤོར།།
བདག་གི་གོམ་པའི་སྣེ་མོ་དེ་ནས་ཕ་ལོའི་ངོ་གདོང་དལ་གྱིས་དྲན།།
གངས་རིའི་ཁ་དོག་ཉི་མས་བཞུས་པའི་བྲག་སྐྱའི་རང་གཤིས་ངོམ་སྟེ་འདུག །
རྒྱུག་ཆུའི་ཤག་སྒྲའི་སྐད་ངན་ཤོར་བ་མྱ་ངན་ཐང་གི་སྲོག་ལྡན་བཞིན།།
དེ་རིང་དབྱིན་མོའི་རེ་བའི་ཆེད་དུ་མཐོན་པོའི་རི་ལ་རྐང་རྗེས་ཕབས།།
དེ་རིང་གངས་རིའི་ཁ་དོག་མཐོང་བས་ཕ་ཡུལ་གངས་དེ་དྲན་ལྷང་ལྷང་།།
དབྱིན་མོ་ངེད་གཉིས་རི་ལ་ཆས་པས་ཚིག་གསུམ་སྨྱུ་གུའི་སྣེ་ལ་བྲིས།།
ནངས་མོ་ཞིག་གི་མཐོང་ཐོས་མྱོང་གསུམ་མ་གསང་དྲང་བོར་ཕབ་ནས་ཡོད།།
སྡེབ་སྦྱོར་ཚིག་གི་མཛེས་པ་མེད་ཀྱང་སེམས་པ་ཞིག་གི་ཁ་དོག་ཡིན།།
ཟབ་མོའི་དོན་གྱི་གོ་བ་མེད་ཀྱང་དེ་རིང་བྱུང་བའི་གཏམ་རྒྱུད་ཡིན།།
ཕྱི་ལོ་༢༠༡༣ ལོའི་ཟླ་༦ ཚེས་༥ ཉིན་རང་ཤག་ནས་བྲིས།