དོལ་སྨྱོན།
ཁང་ཆུང་འདི་ནི་རི་ཡི་རྩེ་ན་ཡོད།།
རི་ནི་བདག་གི་སེམས་པ་འཚོ་ས་ཡིན།།
ལས་དང་སྐལ་བ་ཞིག་གི་མིང་ཐོག་ནས།།
བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།
ཁང་ཆུང་འདི་ནི་ནགས་ཀྱི་དཀྱིལ་ན་ཡོད།།
ནགས་ནི་བདག་གི་མིག་ཟུང་ཅེར་ས་ཡིན།།
དུས་ཀྱི་ཆོ་འཕྲུལ་ཞིག་གི་ཀྱོག་མཚམས་ནས།།
བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།
ཁང་ཆུང་འདི་ནི་གཙང་པོའི་འགྲམ་ན་ཡོད།།
རླབས་ནི་བདག་གི་ཞེ་སེམས་གཏད་ས་ཡིན།།
མི་རྟག་འགྱུར་བ་ཞིག་གི་ཆོས་ཉིད་ནས།།
བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།
ཁང་ཆུང་འདི་ན་ཡིད་ཀྱི་སྣང་བརྙན་ཡོད།།
ཞལ་རས་སྒོར་སྒོར་ཞིག་གི་སྣང་བརྙན་ཡོད།།
ཞེན་ཆགས་རི་མོ་སེམས་སུ་དཀྱིལ་བྱས་ནས།།
བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།
ཁང་ཆུང་འདི་ན་ཚིག་གི་ལྷས་མ་ཡོད།།
བརྡ་དང་ཐ་སྙད་སྟོང་གི་ལྷས་མ་ཡོད།།
སྙན་པའི་གྲེ་འགྱུར་མགྲིན་པར་དཀྱིལ་བྱས་ནས།།
བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།
ཁང་ཆུང་འདི་ན་མ་བྲིས་རི་མོ་ཡོད།།
བདེ་སྡུག་ཆགས་སྡང་སྟོང་གི་རི་མོ་ཡོད།།
ལས་ཀྱི་ཁུར་པོ་ཕྲག་པར་བཀལ་བྱས་ནས།།
བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།
རྔམ་བརྗིད་རི་བོའི་ཚོགས་དག་བདེ་བར་བཞུགས།།
ནགས་དང་ལྗོན་པའི་ཚོགས་དག་བདེ་བར་བཞུགས།།
ཉེ་རིང་གྲོགས་ཀྱི་ཚོགས་དག་བདེ་བར་བཞུགས།།
བདག་ནི་ཁང་ཆུང་འདི་དང་བྲལ་ནས་འགྲོ།།
༠༥-༠༨-༢༠༡༥།