ཁྱུང་ནག
ཁྱེའུ་ཆུང་ཆུང་ཞིག་ངོས་འཛིན་གནང་མ་ཐག་གྲོངས་སོང
བིས་མདོའི་མགོན་པོ་ཚེ་བརྟན་ཡར་ཁྲིད་ཤོག་ཟེར
ཉི་མ་ལྷ་ས་ན་འོས་སྤྲུལ་མང་པོའི་སྟག་སེང་འགྱིང་འདུག་ཟེར
གོ་མན་ཏང་དང གུང་བྲན་ཏང་གིས
ཡང་ན་ཆིངས་ཡིག་དོན་ཚན་བཅུ་བདུན་གྱིས
ཁྱེད་རང་སེང་ཁྲིའི་སྟེང་དུ་བཞག་ཅིང
ཐམས་ཅད་མཁྱེན་པས་རྒྱང་རིང་ནས་ཁྱེད་ལ་བཀའ་ཡིག་བསྩལ
རང་ཚུགས་རི་རབ་འདྲ་བ་དགུང་གྲངས ༡༡ ནས་ཡོད་ཟེར་ལ
དགུང་གྲངས་སོན་མཚམས་ནས་གུང་བྲན་བོད་དུ་གདན་འདྲེན་ཡང་ཞུས་སོང་ཟེར
ལྷ་སའི་བར་སྐོར་ནས་པོ་ཏཱ་ལ་བརྒྱུད
བཀྲ་ཤིས་ལྷུན་པོར་ཞལ་གསར་བསྒྱུར་སྐབས
འཁོར་ཚོགས་རྒྱ་མཚོ་ཡིན་ནམ སྤྲུལ་སྐུའི་མཁྱེན་རླབས་ཡིན་ན
གང་ལྟར་ཉི་ཟླ་གཉིས་ཀའི་མཇལ་འཛོམས་དེ་དེ་ལྟར་བྱུང་སོང་ཟེར
བཀྲས་མཐོང་འཇིགས་མེད་ཀྱི་རྒྱབ་གཏོད་ཡིན་ན་འདྲ་ལ
ཀ་ཤོད་མགོ་གཉིས་མ་སོགས་བཀའ་ཡི་འཁོར་བསྒྱུར་ཚོའི་གདོན་འཕྲུལ་ཡིན་ནའང་འདྲ
བར་དེ་ནས་ཁྱེད་རང་ཆོས་གྲོགས་དམ་པ་དང་རིང་དུ་རིང་དུ་གྱུར་འདུག
བོད་ཀྱི་བྲང་གཞུང་རྒྱ་མིའི་ཁ་ནང་དུ་ཚུད་སྐབས
ནེ་རོའི་སྲིད་གཞུང་གིས་ཁྱེད་ཀྱང་གདན་འདྲེན་ཞུས་ནས
ཤར་གྱི་སྟག་སེང་ཁ་སྤྲོད་བྱུང་བ་དེར་ཁྱེད་རང་ཤིན་ཏུ་དགྱེས་པར་གོ
ཡིན་ནའང། གནའ་སྔ་མོ་ནས་བདེ་སར་སོང་ཟིན་པ་ཚོས
རྒྱ་གར་གྱི་གནས་བསྐོར་ཀྱང་ཚ་ག་ཚུག་གེ་བཟོས་སྐད་དང
ཁྱེད་ཀྱི་སྲིད་བློན་དམ་པའི་བཀའ་བཀོད་གཉིས་ཀྱིས
ཁྱེད་རང་ཕྱིར་ཕ་ཡུལ་དུ་ལོག་ཚད་སྔ་གི་ཟེར
བྲང་གཞུང་མ་ཚད་མགོ་ཡང་ཟོས་ཚར་དུས
ཆོས་གྲོགས་དམ་པས་ཁྱེད་ལ་ཕྱག་འཕྲིན་ཞིག་བསྐུར་འདུག་མོད
ཁྱེད་ལ་ལག་སོན་བྱུང་མིན་ད་ནི་ཅི་ལྟར་ཤེས
དེ་ནས་བཟུང ཕྱི་གླིང་ནས་ཁ་པར་རེ་བཏང་བ་མ་གཏོགས
༧ཐམས་ཅད་མཁྱེན་པར་འབོད་པ་ཁྱེད་རང་གཅིག་ཀྱང་མཇལ་མི་འདུག
ཉི་ཟླ་ཁ་ཁར་ཕྱིན་ནས
གངས་རིའི་ཐལ་རྡུལ་དྲག་ཆར་ཡོད་ཚད་ཁྱེད་ཀྱི་མགོ་ཐོག་ཏུ་བབས་ནས
ནང་གི་ཕ་དང་སྒོ་ཡི་འདོག་ཁྱི་ཚུན་ཆད་ ཁྱེད་ཉིད་ཁོ་ནས་གནང་སྟེ
ཀྲུང་ནན་ཧའེ་དཔོན་པོ་ཚོའི་ཞལ་རས་འཚོ་བཞིན
བས་མཐའ་ན་ལྷགས་པའི་དྭ་ཕྲུག་ཚོའི་བདེ་སྐྱིད་ཀྱང་ཁྱེད་ཀྱིས་གཉོར་བཞིན
ཤར་ནས་ནུབ་དང ནུབ་ནས་ཤར་དུ་ཡང་ཡང་རྒྱུགས་པས
ཐམས་ཅད་བཙོང་པའི་” ཚོང་བ་རྒྱག་པ”འང་ཁྱེད་ལ་ཐོགས་པ་མིན་ནམ
མར་མེའི་འོད་དང་རྔུལ་ཆུའི་ཀློང་ནས
ས་ཡ་དྲུག་གི་བདེ་སྡུག་རི་མོར་བྲིས་ཤིང
ཡར་ལ་ཞུམ་ཞུམ་གྱིས་ཨེ་འགྲིག་སྟོན་སྐབས
ཨ་མདོའི་མཁས་ཆེན་དེས་ཁྱེད་ལ་གཤེ་གཤེ་འང་བཏང་འདུག་ག
རེ་བ་རི་བོ་ལྟར་བཞག་པའི་ཁྱེད་ཀྱི་བརྩེ་བའི་སྲིད་བློན་མཆོག་ལ
ཡིག་འབྲུ་ཁྲི་བདུན་གྱི་སྨྲེ་སྔགས་ལྷང་ལྷང་བཏོན་ཡང
འགྲུབ་རྒྱུ་དོན་དག་ལྟ་ཞོག མི་དགོས་གཅར་རྡུང་རེག་སྟེ
ལྕགས་སྒྲོག་གིས་བསྡམས་ཤིང་ བསྡམས་ཀྱིན་འཐེན་ཀྱིན
ཚོང་པ་རྒྱག་པའི་སྐུ་ཤའི་ནང་དུ་ལྕགས་སྒྲོག་རང་བྱོན་བབས་འདུག་ཟེར
ལྕགས་སྒྲོག་དང་མུ་གེ མུན་ནག་གི་ཁྲོད་ནས
ལོ་ངོ་བཅུ་ཕྲག་དལ་གྱིས་འདས་སྐབས
ཏིན་རྒན་མི་ཐུང་གིས་དཀར་འདོན་ཁ་ཡག་བཤད་ཀྱང
ཆེན་པོ་རྒྱ་ནག་གི་སྐད་ཡིག་ནང་བྱུན་ཆུད་པ་ཞིག་ལས་ཁྱེད་ལ་ཅི་ཞིག་ཐོབ་སོང
སྤྱན་ཟུང་གྲིམ་རིག་རིག ཐུགས་རེ་གནམ་མཐར་བསྐྱངས་ནས
མགོན་མེད་བོད་ལ་གང་དྲག་ཅི་དྲག་བསམས་ནའང
ཁྱེད་ལ་ཡུན་རིང་དུ་བཞུགས་ཁོམ་མེད་སུ་ཡིས་ཤེས་སམ
༨༦ ལོར་ཁྱེད་སྲོང་བཙན་སྒམ་པོའི་གཉེན་ཚང་ལ་ཆིབས་བསྒྱུར་གནང་འདུག
མི་ལོ་ཉེར་བདུན་རྗེས་ཀྱི་དེ་རིང
ཁ་འཐོར་ཚོས ཁྱེད་
བལ་ཡུལ་དུ་ཕེབས་སྐབས་སྐུ་ངལ་བཟོ་མཁན་ཞིག་ཡོད་པ་ཚོར་ཞིང
སུས་བཟོས་པ་བཤད་སྟངས་མང་ནས་མགོ་ཉོག་བསྡད་ཡོད
ཁ་འཐོར་ཚོར་བཤད་རྒྱུ་གཏམ་རྒྱུ་མང་བ
ཐའེ་ཝན་བཀའ་བློན་ལས་ཁུངས་ནས་འགོ་ཚུགས་ཟིན་ཡང
༧ཐམས་ཅད་མཁྱེན་པས་ག་དུས་ཡིན་ཡང
ཁྱེད་ཉིད་དྲན་ནས་མིག་ཆུ་ཤམ་ཤམ་བཞུར་གྱི་འདུག་གདའ
དེ་རིང་རྒྱ་སྲང་བཞི་མདོ་ནས
ཁྱེད་ཀྱི་རྣམ་རྟོག་འཛིན་མཁན་བྱིས་པ་དེའི་འཁྲུངས་སྐར་རོལ་བ་ཡིན
ང་དང་བྱེས་ཀྱི་བཀྲ་ཤིས་ལྷུན་པོ
ད་དུང་ཁྱེད་ལ་དགའ་བའི་ང་འདྲའི་འཁྱམ་པོ་ཚོ
དེ་རིང་ཁྱེད་ཀྱི་ཡང་སྲིད་བདག་མེད་འདི་དང་མཉམ་
མཆོད་མེ་སྐོང་བུ་གང་བཞག་ནས་དགོད་བཞིན
ངུ་བཞིན་ཡོད་ཡ
ཚོང་པ་རྒྱག་པ་ལགས།
ད་དུང་ང་ཁྱེད་ལ་བཤད་རྒྱུ་མང་ཡ
ངའི་པ་ལགས། ཚོང་པ་རྒྱག་པ་ལགས
I Miss You
༢༠༡༢། ༤། ༢༥། ཉིན།
རྒྱ་གར་འཕགས་ཡུལ་བྱང་ཕྱོགས་མངའ་སྡེའི་ཁོངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས།
རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་༢༠༡༢ ༤ ༢༥ ལ་གཞི་ཆགས་མི་དམངས་རྣམས་དང་འབྲི་གུང་བཀའ་རྒྱུད་ཀྱི་གྲྭ་བཙུན་སོགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ཉེར་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་ཡིན་ཡང་། རྒྱ་དམར་གྱི་བཙན་འོག་ཏུ་སྡུག་བསྔལ་མྱོང་དང་མྱོང་བཞིན་ཡོད་པ་འདིར་མྱང་ངན་མཚོན་ཆེད་མར་མེའི་ཁྲོམ་བསྐོར་བསྐྱོད་བཞིན་པ།།
༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ཉེར་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། །
ཡག་པོ་རེད་