གངས་དཀར་སེམས།
ཁྱོད་ཀྱི་དཀར་གསལ་ཟླ་བའི་ངོ་ཐོག་གི
ལྷག་བསམ་ཟོལ་མེད་ཀྱི་འཛུམ་ཆུང་དེ་མཐོང་ཐེངས་རེར།
སྙིང་བཙིར་བྱེད་སེམས་སྡུག་དང་རེ་ཐག་ཆད་པའི་ཡིད་མུག་དེས།
ངའི་དབུགས་ཀྱི་རྒྱུ་བ་གཅོད་བྱེད་སྡར་མ་ཞིག་དང་མཚུངས་ཤིང་།
དགེ་བར་རེ་ལྟོས་བྱེད་སྟངས་རྨི་ལམ་དེ་རྨང་ནས་ཞིག་འགོ་བརྩམས།
སྙིང་རྗེ་འོས་པའི་ཁྱོད་དང་འབྲེལ་བའི་སྐྱོ་གར་དེ།
སྦས་ཀྱང་མ་འཁོག་པའི་ཉི་ཟེར་ཇི་བཞིན།
མུན་ནག་གིས་བདེན་པའི་ངོ་རིས་གཡོག་མ་ཐུབ་པར།
བཀག་ཀྱང་མ་ཁོགས་པའི་མི་གཤིས་ཀྱི་སྐྱུག་བྲོ་བའི་གདུག་རྩུབ་དེ།
འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་མདུན་ནས།
སླར་ཡང་གསལ་ཐིང་ངེར་ཐེངས་ཤིག་དམར་རྗེན་དུ་གཤམ་དང་མཚུངས།
བུ་མོ་གཞན་ལྟར་ཁྱོད་ལ་ཕ་མས་གནང་བའི་ལང་ཚོ་དང་།
སྒེར་གྱིས་བརྩོན་པའི་ཤེས་བྱ་རིག་རྩལ།
བརྩེ་དུང་དྭངས་མ་ཞིག་ལ་རེ་བའི་རྨི་ལམ།
མཛེས་སྡུག་ལྡན་པའི་མི་ཚེའི་ཕུག་བསམ་དང་།
ལས་ལ་བརྩོན་པའི་སེམས་ཤུགས།
མ་འོངས་ལ་ཕྱོགས་པའི་འདུན་མ་སོགས་ཅི་ཙམ་ཡོད་མྱོང་ངམ།
ཁྱོད་བུ་ཕྲུག་གཉིས་ཀྱི་ཨ་མ་བྱས་མྱོང་མཁན་ཡིན་འདུག་ལ།
ཁྱོ་གའི་ངོ་གསོས་མྱོང་བའི་སྡུག་རུས་ཅན་གྱི་བུད་མེད་ཅིག་ཡིན་ཚོད་འདུག
སྡུག་ལས་དེར་གཡོལ་ཕྱིར་ཕ་ཁྱིམ་ཏུ་ཕྱིར་ལོག་རྗེས་ཀྱང་།
ཁྱོད་ཨ་ཕར་ཞབས་ཞུ་སྒྲུབ་མཁན་བུ་མོ་ཞིག་དང་།
ཕ་ཁྱིམ་གྱི་ཀ་བ་ལྟར་ལང་ནས་དཀའ་བསྐྱེད་ཅི་ཙམ་བྱས།
ད་དུང་རང་དབང་ལྡན་པའི་ཕྱེ་མ་ལེབ་ལྟ་བུའི་འཕུར་ལྡིང་གི་ཕུག་བསམ།
བྱིའུ་ཆུང་འཇོན་མོ་འདྲ་བའི་ངག་གི་འགྱུར་ཁུག་གིས།
རང་གཞན་གཉིས་ཀྱི་ལུས་སེམས་ལ།
བདེ་བ་དང་སྣང་སྐྱིད་ཅི་ཙམ་བསྐྲུན་མྱོང་།
མེ་ཏོག་གི་བསྟོད་ཚིག་དང་།
འཇའ་རིས་ཀྱི་སྨོན་ཚིག་ཅི་ཙམ་གྱིས་ཁྱོད་ལ་ཡིད་སྨོན་གྱི་ཆར་པ་གཏོར་མྱོང་།
དེའི་ཚེ་ཁྱོད་ཀྱི་ངོ་ནས་དགའ་བའི་འཛུམ་ཆུང་དང་།
ཡ་ཆུང་དུ་སྤྲོ་སྣང་གི་བསིལ་རླུང་ཅི་ཙམ་ལྡང་མྱོང་།
ཕྱི་དགྲའི་འཁོན་འཛིན་གྱི་མདའ་དང་མདེའུ་ཡིས་ཁྱོད་མ་བཅོམས་ཀྱང་།
མིང་ལ་ཁྱོ་ག་ཅེས་འབོད་མྱོང་བའི་ཁྱིམ་སྒོའི་ནང་གི་རྒྱ་ཁྱི་དེས།
ཁྱོད་ཀྱི་ཚེ་སྲོག་བཅོམ་འདོད་ཡ་ང་བ་དེ་འདྲ་བྱས་འདུག
འཇའ་མཚོན་བཞིན་བཀྲ་མདང་གི་ལང་ཚོ་དེ།
སྐད་ཅིག་ཉིད་དུ་གནག་པའི་སོལ་བའི་ཕུང་པོར་བསྒྱུར།
ཤ་ཁྲག་ལུས་པོར་མེ་ཡིས་ཚ་ཚོད་ཀྱིས་ཚིག་འགོ་བརྩམས་དུས།
ངུ་ངག་དེའི་རེ་ལྟོས་ཀྱི་དབྱངས་རྟ་སུ་ལ་འབོད་ཡོད།
དབུ་སྐྲ་སིང་ལིང་ལྕང་མ་མེ་ལྷར་སྒྲོན་དུས།
ཁྱོད་ཀྱི་སྤུ་ཉག་མ་རེ་རེས་ཚ་དམྱལ་གྱི་སྒོ་ཐེམས་ཅི་ཙམ་བརྒལ།
ཞལ་རས་དཀར་གསལ་ཟླ་བ་བདུད་ཀྱི་ཆོ་འཕྲུལ་ནག་པོར་བསྒྱུར་སྐབས།
ཁྱོད་ཀྱིས་འཇིག་སླ་བའི་མཛེས་སྡུག་དེའི་ཞེན་པ་དང་།
ཞིག་མགྱོགས་པའི་ཕོ་མོའི་འདོད་ཧམ་དེའི་ངོ་གདོང་གསོན་པོ་ཨེ་རྟོགས།
ཀྱེ་མ་ཀྱེ་ཧུད་སྲིང་ཆུང་མ།
མ་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་སྒོམ་མཁན་དང་།
འགྲོ་བ་རིགས་དྲུག་ཡོངས་རྫོགས་ཀྱི་དགེ་བའི་སླད།
སངས་རྒྱས་པའི་ཆོས་ཀྱི་བདུད་རྩི་བཞུགས་སའི་ཕ་ས་མ་གཞིས།
སེམས་བཟང་ཅན་དུ་རློམས་པའི་མི་རིགས་ཡོད་ས།
ཡ་རབས་སྤྱོད་བཟང་ལ་མཁས་ཆེ་བའི་ཁ་བ་རི་པའི་གནས་དེར།
ཉམས་ཆུང་དང་མཛེས་སྡུག་ལ་དགའ་ཞིང་།
རང་དབང་དང་ཚེ་སྲོག་ལ་དུང་བའི།
བུ་མོ་གཞོན་ནུ་མ་ཁྱོད་ལུགས་མཐུན་ངང་འཚོ་མ་ཐུབ།
ཁྱོད་ཀྱི་ཚེ་སྲོག་ལ་ཉེན་ཁའི་རྩུབ་སྤྱོད་སྤེལ་དུས།
སུ་གཅིག་གིས་ཀྱང་ཁྱོད་སྐྱོ་ངལ་དེ་ནས་སྐྱབས་མ་ཐུབ།
འོན་ཀྱང་ད་དུང་ཡང་ཁྱོད་ཀྱི་སྤུན་ཟླ་འགའ་རེས། དོན་རྐྱེན་དེ་ནི་ཁྱོད་ཀྱི་ངན་གཤིས་ཀྱིས་བགྱིས་ལུགས་གླེང་བཞིན་འདུག
ངོ་མ་ཡིན། སྐྱོ་གནས་དེ་འདྲ་ཐོན་པར་ང་ཧ་ལས་མ་སོང་ལ།
གདུག་རྩུབ་ཅན་གྱི་བྱེད་ལས་ལའང་ང་ཧོན་འཐོར་གྱི་མི་འདུག
དེ་ནི་ངས་རྒྱུ་མཚན་དང་གནས་ལུགས་གཅིག་ཤེས་པས་ཡིན།
གནས་སྟངས་ཅི་ཙམ་འགྱུར་ཡང་།
འཇིག་རྟེན་འདིར་དབང་ཡོད་ཚོ་དཔོན་དང་།
ཉམས་ཆུང་ཚོ་གཡོག་རེད།
ལོངས་སྤྱོད་བྱེད་མཁན་བཙན་པོ་ཚོ་དང་།
སྡུག་ལས་མྱོང་མཁན་དཀྱུས་མ་ཚོ་ཡིན་པས་རེད། དུས་རབས་ཅི་ཙམ་རྗེས་སུ་བསྐྱུར་ཡང་།
གདུག་རྩུབ་དང་དྲག་འགུལ་ཅན་ཚོ་ཁེ་བཟང་ཟ་མཁན་གྱི་བདག་པོ་རེད།
ངོ་ཚ་དང་ཁ་སྐྱེངས་པའི་མཇུག་འབྲས་སུ།
ངས་སླར་ཡང་ཉེན་ཁ་གཞན་ཞིག་གསལ་པོ་མཐོང་བྱུང་།
ང་ངར་ལང་དགོས་དོན་ཕྱོགས་གཅིག་ཀྱང་དེ་ཡིན།
སྡུག་ངལ་གྱི་འཁུར་པོ་ཧ་ཅང་ལྕི་ཞིང་།
ཁྱོད་སྐྱོ་གར་དེའི་ཚོང་ཟོགས་སུ་གྱུར་ཡང་།
ཡ་ང་ཞིང་སྙིང་རྗེ་བྲལ་བའི་གནས་སུ་ལྷུང་ཚར་ཡང་།
དེའི་རྗེས་ཤུལ་དུ་ད་དུང་དུད་འགྲོ་ལས་ལོད་པའི།
བཤན་གཟུགས་ཅན་འགའ་རེའི།
སྙིང་དམར་པོའི་འཕར་ལྡིང་མཚམས་བཞག་ཟིན།
རུལ་ཚར་ཞིང་ཁོག་སྟོང་གི་བན་རོ་དེ་ཚོས།
དོན་རྐྱེན་དེའི་འབྱུང་རྐྱེན་ལ་དཔྱད་པ་བྱེད་རྒྱུའི་ཚབ་ཏུ།
མི་གཤིས་ཀྱི་གཞི་མ་དེ་རྨང་ནས་དོར་ཏེ།
ཁྱོད་ནི་སྐྱོན་ཅན་ཞིག་ལ་ཧུར་ཐག་འགྲེལ་བསམ་པའི།
སྐྱུག་བྲོ་ཞིང་སྡུག་འདྲེའི་སེམས་ཁམས་དེ་དག་ཡིན།
སྐྱོ་གནས་དེའི་རྗེས་ཤུལ་དུ།
ངས་ཀྱང་ཁྱོད་ལ་རོགས་ཕན་ཅིའང་བྱེད་མ་ཐུབ་པར་ལུས།
སེམས་ངལ་ལ་བཟོད་མ་ཐུབ་པའི་རྐྱེན་གྱིས།
ཁ་སྟོང་ཀྱལ་སྟོང་གི་ཡིག་འབྲུ་འདི་དག་ཤོག་ཐོག་ཏུ་ཕབ་ཅིང་།
ངས་གདུང་སེམས་མཉམ་བསྐྱེད་ཀྱི་མཆི་མ་འགས།
ཁྱོད་ལ་སེམས་གསོའི་ཚུལ་དུ་བཏང་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ ཉིན་ཨོ་གླིང་རང་ཤག་ཏུ་བྲིས།