བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། (ཨ་རི། རྒྱལ་གཤེན་ཞང་བོད་སློབ་གཉེར་ཁང་།)
བདུད་བྷེ་ལགས། ཁྱོད་ཀྱིས་མི་ལོ་སུམ་ཅུའི་གོང་ནས་བཟུང་བོད་གངས་ཅན་པའི་ལས་དབང་དམར་ནག་དབྱངས་སྙན་པི་ཝཾ་གི་རྒྱུད་དུ་བསྡེབས་ཏེ་གླུ་རུ་བླངས་ཞིང་། མདོ་དབུས་ཁམས་གསུམ་ལ་སྙན་པའི་གྲགས་པ་གནམ་སྔོན་མོའི་འབྲུག་སྒྲ་བཞིན་ཁྱབ། མཐུན་སྒྲིལ་གྱི་སེམས་ཚོར་དྭངས་མོ་ས་དོག་མོའི་ཆུ་རྒྱུན་བཞིན་བཞུར་ཏེ་ཆོལ་གསུམ་གྱི་ལུས་སེམས་གཉིས་ཀ་གཅིག་ཏུ་སྦངས་པར་བྱས། ཁྱོད་ཀྱི་རྡུང་ལེན་ཐོག་མ་⟨རྨ་ཆུའི་ཟམ་བསྟོད།⟩ཀྱིས་རྨ་ཀློང་ཕྱུག་མོའི་འགྲམ་པར་འཚོ་བའི་འབྲོག་པ་རྒན་གཞོན་ཚོར་དབྱངས་སྙན་ཁུ་བྱུག་སྔོན་མོའི་གྲེ་འགྱུར་ནམ་ཟླ་དུས་བཞིར་གྲགས་པའི་དགའ་བ་དང་དུང་བ་སྙིང་ཁར་བསྐྱིལ་ཞིང་། མདོ་སྨད་དུ་ཆེས་མཚན་སྙན་ཆེ་བའི་བླ་མ་ཨ་ལགས་གུང་ཐང་ཚང་གིས་བསྟོད་སྔགས་གནམ་སར་མི་ཤོང་བ་རེ་ཁྱེད་ལ་གནང་རབས་ཀྱང་ཐོས། དགུན་གཞུང་དེར་ཁྱོད་ཀྱི་རྡུང་ལེན་གཉིས་པ་⟨རི་དྭགས་སྐྱོ་གླུ་⟩མདོ་སྨད་དུ་གྲགས་སྐབས་ད་ཆར་དགུང་ན་བརྒྱད་ཅུར་ཉེ་བའི་ངའི་ཨ་མ་བྱང་སེམས་ཅན་ལ་རི་དྭགས་མ་བུ་གཉིས་ཀྱི་ལས་དབང་ཐབས་སྡུག་དེས་མིག་ཆུ་དབང་མེད་དུ་བསླངས་ཞིང་། མ་ཏྲི་ཡིག་བརྒྱད་ཀྱི་ཕྲེང་སྐོར་བརྒྱ་ཕྲག་མང་པོ་ཡང་དང་སྐྱར་དུ་བསྐོར་བར་བྱས།
ང་ལྷོ་རུ་མ་འཕུར་བའི་ཉིན་ཤས་སྔོན་དུ་ཁྱོད་ཀྱི་རྡུང་ལེན་གསུམ་པ་⟨བན་སེར་མོ་དབུས་ལ་འགྲོ་ནི་ཚོ།⟩ཞེས་པའི་སྒྲ་ཐག་དེ་སླེབས་སོང་། ངའི་ཨ་མས་ཡང་ཡང་ཉན་བཞིན་ཁྱོད་ཀྱང་འདི་ལྟར་འགྲོ་དགོས་པ་རེད་ཅེས་མིག་ནས་མཆི་མ་འཐོར་བ་ད་དུང་ངའི་ཡིད་ལ་ལྷང་ངེར་དྲན། གང་ལྟར་ཁྱོད་ཀྱི་གླུ་ངག་གིས་ངེད་མ་བུ་གཉིས་ལའང་བརྗེད་དུ་མེད་པའི་བག་ཆགས་གསོན་པོ་རེ་བསྐྲུན་ཡོད། འོན་ཀྱང་སྐབས་དེར་ཁྱོད་ཨ་མདོའི་ཡུལ་གྱི་རྡུང་ལེན་པ་ཙམ་ལས་མདོ་དབུས་ཁམས་གསུམ་ལ་མིང་དུ་གྲགས་པའི་གླུ་བ་ཞིག་ཡིན་པ་ངས་རྟོགས་མེད། ང་ལྷོ་ཕྱོགས་ནགས་ལ་འབྱོར་བའི་ཕྱི་དྲོ་ཞིག་ལ་ངའི་ཁྱིམ་མཚེས་ཁམས་སྡེ་དགེ་ནས་ཡིན་པ་ཨ་ཁུ་བསོད་རྒྱམ་གྱིས་ཁྱོད་ཀྱི་རྡུང་ལེན་ཞིག་ལ་ཉན་བཞིན་གླུ་འདི་དག་གིས་ས་མཐའ་ནས་ཕ་ཡུལ་དྲན་པའི་རྨངས་པ་སེལ་རབས་ཟེར། ཁོང་གིས་མུ་མཐུད་དེ་གླུ་བ་བདུད་བྷེ་ཁམས་ཕྱོགས་སུའང་གྲགས་ཆེ་ལ་ལྷག་པར་བདུད་བྷེའི་རྡུང་ལེན་ལ་ཁམས་ཀྱི་ཞིང་འབྲོག་མི་མང་ཚོ་ཧ་ཅང་དགའ་རབས་ཟེར། གོང་དུ་བཤད་པ་དེ་ངས་བདུད་བྷེ་རྙེད་པའི་ལོ་རྒྱུས་དང་ཡིད་ལ་བགོས་པའི་བག་ཆགས་སྤྱི་བཤད་ཙམ་ཡིན།
དེ་རིང་ངས་བཤད་འདོད་པ་འདི་ཡིན། ད་ཁྱོད་ངོ་མ་རྒས་འདུག སྐད་ངག་ཀྱང་རྒས་འདུག གོ་ཐོས་ལྟར་ན་ད་ལྟ་སྨན་ཁང་ཞིག་ཏུའང་ཡོད་རབས། མ་གཞི་ཁྱོད་ཀྱིས་ཆང་རག་བཏུང་རྒྱུ་མང་དྲགས་པ་དང་། ཆང་རག་མེད་ན་ཁྱོད་འཚོ་མི་ཐུབ་ཟེར། མཚམས་རེར་སྤོས་ངད་ལྡན་པའི་སྲང་བར་ཅིག་ན་ཉིན་མཚན་དུས་དྲུག་ཏུ་བཟི་ནས་བསྡད་འདུག་ཟེར། ཨ་ཨ། ངས་ནིི་ཁྱོད་སྙིང་ཡང་རྗེ་གི། གཞན་སུ་ལའང་ཡོད་མ་མྱོང་བའི་འཇིགས་མེད་ཀྱི་སྤོབས་པ་དང་། ཆེས་གཟེངས་སུ་ཐོན་པའི་སྐད་ངག་དེས་”མྱུར་དུ་ཕེབས་རོགས། ང་ཚོ་ཚང་མ་སྙིང་རེ་རྗེ། ཟས་ཟོས་ན་བྲོ་བ་མི་འདུག “ཅེས་སེམས་ཀྱི་འདུན་པ་དྲག་པོ་དེ་ལྷོ་ཕྱོགས་ནགས་ལ་གཏོད་ཅིང་མིག་ཆུའི་ཐིགས་པ་རྒྱུན་ལྡན་བཞིན་རྒས་པའི་འགྲམ་ཚོས་ལས་བཞུར་བཞིན་སྒུག་འདུག
བདུད་བྷེ་ལགས། ཁྱོད་སྙིང་རྗེ་གི་ཟེར་དོན། ཁྱོས་སྒུག་སྒུག་པའི་རེ་བ་དང་རྨི་ལམ་གལ་སྲིད་མགྲོན་པོ་ཞིག་ཡིན་ན་ད་དུང་ཐག་རིང་ཐག་རིང་ཞིག་ཏུ་ཡོད་པ་ཁྱོད་ཀྱིས་ཚོར་མི་འདུག གཅིག་བྱས་ན་ཁྱོད་མགྲོན་པོ་དང་མགྲོན་པོའི་ལག་བབ་གང་དུའང་འཕྲད་མི་སྲིད། ངའི་སྣང་ངོར་ཡོད་ཚད་ཐམས་ཅད་སྨིག་སྒྱུ་དང་རྨི་ལམ་ལས་མ་འདས་པའི་རྩེད་མོ་ཞིག་དང་མཚུངས། ཁྱོད་ལྟ་བུའི་བསླད་མེད་ཀྱི་དད་འདུན་ཅན་དང་འཇིགས་མེད་ཀྱི་སྤོབས་པ་ཅན་ཁག་ཅིག་ངུ་ངག་གི་དབྱངས་ལ་འཐིམ་ཞིང་མིག་ཆུའི་རྒྱ་མཚོར་བསྐྱིལ་ནས་མགྲོན་པོ་དང་མགྲོན་པོའི་ལག་ཡོང་གང་ལ་ཡང་མ་ཐུག་པར་འཇིག་རྟེན་གཞན་ཞིག་ཏུ་འགྲོ་དགོས་ཚེ་ཅི་འདྲའི་སེམས་མི་བདེ་བ་ཞིག ཅི་འདྲའི་ཡ་ང་བ་ཞིག མདོར་ན་ང་རང་ཆེས་དགའ་སའི་གླུ་བ་བདུད་བྷེ་ལགས། ངས་ཁྱོད་སྙིང་རྗེ་གི། འོན་ཀྱང་ཅི་ཞིག་བྱ། །
བདུད་བྷེ་ལགས་ཁྱོད་ཀྱི་ངག་གི་འགྱུར་ཁུག་སྙན་མོ་དེ་དང་བག་བྲོ་བའི་ལུས་ཀྱི་རྣམ་འགྱུར་ངས་ནམ་ཡང་དྲན་ད་དུང་དེའི་ག་ལ་ཚད་༼ལོག་ན་ཕེབས་ཤོག་༽ཟེར་བའི་ཁྱོད་ཀྱི་གླུ་གཞས་སྙན་མོ་དེས་ད་ལྟར་ཡང་ངའི་རྣ་བར་སྤྲོ་སྣ་སྦྱིན་བདུད་བྷེ་ལགས་མཆོག་གསུམ་མདུན་ཁྱོད་ནད་ལས་གྲོལ་བའི་སྨོན་ལམ་ནམ་ཡང་ཞུ།སངས་རྒྱས་སྨན་བླས་ཁྱོད་ནད་ལས་གྲོལ་བའི་བྱིན་གྱིས་རླབས། སེམས་ཅན་ནད་པ་ཇི་སྙད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་རྣམས་མ་ལུས་པར། །རྟག་ཏུ་འབྱུང་བ་མེད་པར་ཤོག
གླུ་གཞས་ཕྱིར་ཕེབས་ན་དགའ་ལ་བཅོས་རོགས
བདུད་བེའི་སྐོར་བརྙན་ཐུང་ཞིག
https://www.facebook.com/thenlay.sangpo/videos/1228991997117946/