—དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཕྱོགས་དུས་རྒྱལ་བ་སྲས་བཅས་དང་།།
ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ།།
གླིང་དཀར་བསྟན་པའི་སྲུང་མ་ཡིས།།
བདུལ་འདུལ་རྡོ་རྗེར་ལམ་སྣ་དྲོངས།།
མཛེས་པ་ཕོ་ཉམས་བརྗིད་པའི་སྐུ།།
སྙན་པ་གངས་ཅན་གླུ་རྒྱལ་གསུང་།།
བྱམས་པ་གངས་ལྗོངས་དགོངས་པའི་ཐུགས།།
གངས་ལྗོངས་ཁུ་བྱུང་བདེ་བར་སྨོན།།
ཆུང་ནས་སྙན་པའི་མགུར་མ་བླངས།།
གཞོན་ནས་ལ་རྒྱའི་དམ་ཚིག་ཅན།།
ཆེ་ནས་བདུད་རྩི་སྨན་གྱིས་དཀྲུངས།།
མྱ་ངན་སྙིང་ནས་བདེ་སྨོན་འདེབས།།
ཕ་སྐད་གཙང་མའི་དབྱངས་རྟ་ཅན།།
ཞིང་འབྲོག་སྐད་རྨོངས་བསལ་བའི་མགོན།།
རྨ་ཀླུང་བྱུག་མོའི་དཔའ་བོ་ཆེ།།
ནམ་ཡང་འཆི་མེད་གླིང་འདིར་བཞུགས།།
གྱ་གྲངས་ཚངས་དབྱངས་སྙན་པར་ཐོས།།
གོ་ལྔར་བྱམས་བརྩེ་གྲོགས་པོར་ཆགས།།
ཉེར་གཅིག་ཐུགས་དམ་མ་རལ་བའི།།
བདུད་འདུལ་རྡོ་རྗེ་དགེ་གྱུར་ཅིག།
མྱ་ངན་ཡིད་ཀྱི་མཆི་མ་ཉིད།།
སྙིང་གི་གྲོགས་ལ་སྐྱེས་སུ་འབུལ།།
བདེ་ཆེན་དག་པའི་ཞིང་ཁམས་སུ།།
མཉམ་དུ་འཛོམ་པའི་རྟེན་འབྲེལ་ཞུ།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ལོ་སར་སྤྱན་གཟིགས་དུས་ཆེན་ལ་གྲོགས་པོ་དམ་པ་གདུད་བྷེ་འམ་བདུད་འདུལ་རྡོ་རྗེའི་འདས་མཆོད་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་སྨོན་པར་དགེའོ།། །།
ན་མོ་གུ་རུ་བུདྡྷ་ཛྙྰ་ནཱ་ཡ