ཀླུ་སྨྱོན།
་་་ ་་་ དགུན་ཟླ་རིང་མོ་ཞིག་བསུ་རྩོམ།
བཞི་བརྒྱ་རྩ་བཞིའི་ནད་ཀྱིས་ཟིན་ཀྱང་སྨན་རིགས་ཟོས་ན་གསོན་པར་བཤད། །
ནམ་གུང་གདོན་འདྲེ་ངུ་བ་ཐོས་ཀྱང་གསོལ་བ་བཏབ་ན་ཕན་ལུགས་ཐོས། །
ཆུ་ཟླའི་རི་མོ་རབ་རིབ་གསལ་དུས་སྙན་ངག་བྲིས་ན་ཡག་རབས་བརྗོད། །
འདི་དག་ཚང་མ་འཇིག་རྟེན་ཞིག་གིས་རང་མགོ་གཡོག་པའི་ཟློས་གར་ཉིད། །
ཆུ་ཚོད་སྐར་མ་ལོ་དང་ཟླ་བ་མི་ཚེ་འཚེམ་པའི་ཁབ་སྐུད་དེ། །
ལྷན་པ་རལ་ཞིང་རྐང་བ་མཐོང་ཀྱང་ད་དུང་ཨ་ཀྱོག་པ་ཀྱོག་ཉིད། །
ཆུ་ཁར་ཐོན་དུས་རྟ་ཁ་འཐེན་ན་ཨེན་ཙམ་མིན་པར་རང་སྲོག་འཆོར། །
དུས་ངན་འདི་ལ་སྨྱུག་མ་འབོལ་ཀྱང་ཆང་རག་ཐིགས་པ་གཅིག་མི་ལྡུད། །
ཕ་གིའི་སྨན་ཤར་མྱོས་བུམ་མཁྲངས་པས་ལག་གི་ཤོ་རྡེལ་བཟི་ན་ཡང་། །
ཕོར་པ་དགུ་ཡི་གཏམ་རྒྱུད་འཆད་དུས་ཕུ་ཐུང་ཁ་ལ་བ་མོ་ཆགས། །
བདེ་བའི་ངོགས་སུ་དྲག་ཏུ་འཚེར་བའི་སྡུག་བསྔལ་ཆེན་པོའི་འོད་རྣོན་འདིས། །
སྲོག་དང་བཅས་པའི་མི་རབས་དུ་མ་ཁྲག་དང་རྣག་གི་དམྱལ་བར་དྲུད། །
ད་ཀོ་རྒས་སམ་རྒུད་པར་གྱུར་ཀྱང་མུན་པ་ནག་པོའི་བཙོན་ཁང་དུ། །
སྒེའུ་ཁུང་གཅིག་གི་ལྕགས་དྲར་འཇུས་ནས་མིག་ཆུ་སྐམ་པོ་འཐུང་བའི་དུས། །
ཆུང་མ་མེད་ཅིང་དངུལ་ཡང་དཀོན་པའི་ལོ་དང་ཟླ་བའི་ལམ་ཆེན་དུ། །
ཚེ་གཅིག་འཁྱམས་པོའི་ལག་པ་དེ་ཡང་སེར་ག་སྟོང་གི་ས་ཁྲ་བཞིན། །
སྡུག་ཀྱང་མཆི་མ་སྐོམ་དུ་མི་འཐུང་མཛེས་མ་ཁྱེད་ཀྱི་ཤ་དྲོད་དེ། །
ལུག་རྫི་བུ་མོའི་སྨུག་པ་ཇི་བཞིན་རྒྱང་རིང་ཞིག་ནས་བན་བུན་མཐོང་། །
དེ་ཙམ་ཞིག་གིས་ཚིམ་པར་བྱའོ་ནགས་ཀླུང་སྟུག་པོའི་ཕྱི་རོལ་དེར། །
རང་ཉིད་གཅིག་པུར་དབང་ངོ་སྐད་ཀྱི་དུ་བ་ཀྱ་ཀྱུར་རི་སྐེད་འཐེན། །
མགོ་བོ་དགྱེ་ནས་གནམ་ལ་ལྟ་དུས་ཆར་ཐིགས་འགའ་རེ་གདོང་དུ་ལྷུང་། །
གློད་ཀླད་དེ་ཡང་འཁྱག་པས་གཟིར་ཏེ་ཡིག་འབྲུ་ཁ་ཤས་འདར་ཡོམ་ཡོམ། །
ལག་པའི་རྒས་གཉེར་ཕུ་ཐུང་གཡོགས་ཏེ་སྙན་པའི་གཏམ་རྒྱུད་རྩོམ་པའི་བདག །
ད་ནི་གཞི་ནས་འགུལ་ཙམ་མི་བྱེད་གཉིད་ཀྱི་རྒྱ་མཚོར་རོལ་བར་བྱ། །
ཧ་ཧ་ཧ། ཆུ་སྨྱོན་གྱི་ཉམས་རྟོགས་གང་ཞིག་ན་རྩེབས་ཡོད་པ་ཤེས་པར་དཀའ།
སྙན་ངག་རང་རེད་ཚིག་རྒྱན་ཕུན་སུམ་ཚོགས་ལ་གོ་བདེ་ཞིང་བརྡ་སྤྲོད་ཀྱི་གཞུང་
ཁོག་ཏུ་ཆུད་པ་ཞིག་ཡིན་ལེ་མདའ་མོ་ངོ་མའི་ཡག་འདའ་ཁ་དྔོ་།
ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། མགོ་ལག་པས་བསྐྱོར་ན་དབྱུག་པ་མེད་ཟེར་བའི་གོ་རྟོག་ཟིན་ཚར་འདུག ཨ་ལགས་ཐུགས་རྗེ་ཅན།
ཇུས་ཏོག། བརྡ་སྤྲོད་གཞུང་ཁོག་ཏུ་ཆུད་པ་ཚོས་འོག་གི་ལ་དོན་དེ་དགོས་དང་མི་དགོས། དགོས་ན་གོ་ལོག་འགྲེལ་ལོག་ཅི་ལྟར་བྱེད་པ་ཡིན། ཨ། སྟོད་མི་ཤེས་ན། སྨད་པ་རྐྱང་བྱས་ནས་བསྡད་ན་ཡག་ཤོས་རེད་བསམ། ཧ་ཧ་ཧ།
༼མགོ་བོ་དགྱེ་ནས་གནམ་ལ་ལྟ་དུས་ཆར་ཐིགས་འགའ་རེ(ར)་གདོང་དུ་ལྷུང་། །༽
༼ལག་པའི་(རྒས་གཉེར་ཕུ་ཐུང་གཡོགས)་ཏེ་སྙན་པའི་གཏམ་རྒྱུད་རྩོམ་པའི་བདག །༽ ཡག་པོ་ཞིག་ལྟོས་དང་། དགོས་ས་ལ་ཆད། མི་དགོས་སར་ལྷག་ཟེར་ན་འདི་དག་རེད་ཡ། ཧ་ཧ་ཧ།
མདང་ནུབ་ཚོགས་ཆང་གིས་བཟི་སྟེ་སྙན་ངག་ཆལ་ཆོལ་ཞིག་བྲིས་པ་ཡིན་ལ། ཞུ་དག་ཀྱང་མ་བྱས་པར་མངགས་བཞག་པ་ཡིན།
དེ་འདྲ་ཡིན་ན་དམིགས་གསལ་ཡོད། ང་རང་ཡང་ཆང་རྐྱལ་ཞིག་ཡིན། བཟི་ཡོད་དུས་ག་འདྲ་ཞིག་ཡིན་མིན་གསལ་བོ་ཡོད། ཧ་ཧ་ཧ།
གོ་བརྡ་འཕྲོད་པའི་ཡིག་གེ་དེ་བསམ་ཚུལ་གླེང ་བའི་རྨང་་གཞི་རེད་།
བརྡ་སྤྲོད་ཚིག་རྒྱན་འཚོལ་མཁན་ཚོ་ཡིག་སྙོག་མང་བའི་ཙ་བ་ཡིན་།