བེ་རི་འཇིགས་མེད།
༈ དེ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་དམ་པའི་ཆོས་ཚུལ་གང་ཞིག་བསྟན་པ་དེ་ ཀུན་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་ཁོ་ན་སྟེ། འདུལ་བ་ལུང་གཞི་ག་བ་ ༤༢༡ ལས། འདི་ལྟར། བྱང་ཆུབ་སེམས་དཔའ་ཐོག་མ་མེད་པའི་དུས་ནས་སྨད་པར་མི་འགྱུར་བའི་ལས་བྱས་ཤིང་ བསགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་བཤད་པ་འབྲས་བུ་མེད་པ་མ་ཡིན་པས། རྒྱུ་འདིས་ན། བྱང་ཆུབ་སེམས་དཔའ་རྣམས་དུས་ལ་གཟིགས་པ་ཡིན་ནོ། ཞེས་སོགས་གཟིགས་པ་ལྔ་ལ་གཟིགས་ཏེ་དགའ་ལྡན་གནས་ནས་འཛམ་བུ་གླིང་དུ་འཕོ་བའི་ ཚུལ་ལྔ་ཀ་ལ་སྦྱར་ནས་རྒྱས་པར་གསུངས་པ་དང༌། རྒྱལ་བ་རྣམས་ཀྱིས་གང་ཞིག་གསུངས་པ་དེ་ཀུན་འགྲོ་བའི་བདེ་སྐྱིད་ཀྱི་རྒྱུ་གང་ ལས་འབྲས་བུ་རྣམ་པར་གང་ལྟར་འབྱུང་བའི་ཚུལ་ཇི་ལྟར་བ་བཞིན་དུ་མཁྱེན་ཅིང་མཁྱེན་ པ་ལྟར་ཡུལ་དང་དུས་དང་ཁམས་དང་མོས་པ་གང་ལ་ཇི་ཞིག་འཚམས་པ་ལྟར་གསུངས་པ་ཡིན་ཏེ། ལུང་གཞི་གནས་མལ་གྱི་གཞི་ ༣༢༥ ལས། སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱིས། མི་མཁྱེན་པར་མི་རྨེད། དུས་སུ་རྨེད་ཀྱིས། དུས་ལས་ཡོལ་བར་མི་རྨེད། དོན་དང་ལྡན་པར་རྨེད་ཀྱིས། དོན་དང་མི་ལྡན་པར་མི་རྨེད་པ་སྟེ། དོན་དང་ལྡན་པ་མ་ཡིན་པ་རྨེད་པ་ལ་ཆུ་ལོན་གྱིས་བཟློག་པར་མཛད་པ་ཡིན་ནོ།། ཞེས་སོགས་ཉེ་བར་འཁོར་གྱི་བྱུང་བ་ལ་བརྟེན་ནས་སྤྱོད་ལམ་རྣམ་བཞིའི་ལུང་འབོགས་ ཆོག་པའི་བཅས་པ་མཛད་པའི་སྐབས་ལས་འབྱུང་བ་ལྟར་ལ། གཞན་ཡང་སངས་ རྒྱས་བཅོམ་ལྡན་འདས་ཀྱིས་སྐྱེ་འགྲོ་ལ་ལམ་ཡང་དག་པ་བསྟན་པ་འདི་ཉིད་བདེ་སྐྱིད་ ཀྱི་འབྱུང་གནས་ཡིན་པའི་རྒྱུ་མཚན་གཙོ་བོ་ནི། གང་ཞིག་གཟིགས་པ་དེ་ཉིད་འཁྲུལ་བ་མི་མངའ་བའི་ཐུགས་ཐམས་ཅད་མཁྱེན་པས་བདག་རྐྱེན་ བྱེད་པས་ན་གསུང་ལ་འཁྲུལ་བ་མེད་པ་ཡིན་ཏེ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོམདོ་ང་བ་ལས། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཡིན་ཅིང༌། ཐམས་ཅད་ཤེས་པ་ཅན་ཡིན། ཐམས་ཅད་གཟིགས་པ་ཡིན། ཐམས་ཅད་སྟོན་པ་ཡིན་ནོ། །ཤཱ་ར་དྭ་ཏིའི་བུ། གང་དེ་བཞིན་གཤེགས་པས་མ་མཁྱེན་མ་གཟིགས་མ་གསོན་པའི་ཆོས་དེ་ནི་མེད་དོ། ཤཱ་ར་དྭ་ཏིའི་བུ། དེ་བཞིན་གཤེགས་པ་ནི་དུས་གསུམ་ལ་མ་ཐོགས་པའི་ཡེ་ཤེས་བརེྙས་པ་ཡིན་ཞིང་མ་ཆགས་པ་ དང་གྲོལ་བ་ཡིན། ཞེས་སོགས་དང༌། འདུལ་བ་ལུང་རྣམ་འབྱེད་ལས་ཀྱང༌། དེ་བཞིན་གཤེགས་པ་ནི་ཐམས་ཅད་གཟིགས་པ། ཐམས་ཅད་མཁྱེན་པའོ། །ཞེས་སོགས་མཐར་ཡས་སོ། །དེ་ཡང་འགྲོ་བ་རྣམས་ཀྱི་ཁམས་དང་མོས་པ་བག་ལ་ཉལ་དང་བཅས་པ་ཇི་ལྟ་བ་བཞིན་མཁྱེན་ ནས་དུས་སུ་འདོམས་པ་ཡིན་ཏེ། དཀོན་བརྩེགས་ཙ་བ་སྒྱུ་མ་མཁན་ལུང་བསྟན་པའི་མདོ་ལས། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ ཞབས་སུ་ལྡན་པ་ཞེས་པ་ནས༌། དེ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་སྟེ། ཐམས་ཅད་ནི་མཁྱེན། ཐམས་ཅད་ནི་གཟིགས། ཞེས་དང༌། དཀོན་བརྩེགས་ག་བ་བྱང་སེམས་ཀྱི་སྡེ་སྣོད་ལས། དེ་བཞིན་གཤེགས་པ་ནི་དུས་སུ་སྨྲ་བ། ཡང་དག་པར་སྨྲ་བ། བདེན་པར་སྨྲ་བ། ཚིགས་སུ་སྨྲ་བ། ཇི་སྐད་སྨྲ་བ་དེ་བཞིན་དུ་བྱེད་པའོ། །ཤིན་ཏུ་ངེས་པའི་ཚིག་གོ །སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཚིག་གོ །མི་ཟློས་པའི་ཚིག་གོ །དོན་དང་ཡི་གེས་ཤིན་ཏུ་བརྒྱན་པའི་ཚིག་གོ །སྐད་གཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པ་སྟེ། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ངག་ནི་འཁྲུལ་བ་མེད་ཅེས་བྱའོ། ཞེས་གསུངས་པས་སོ། །གཞན་ཡང་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་འགྲོ་བ་ལ་ལམ་ཡང་དག་པ་བསྟན་པར་མཛད་པའི་ རྒྱུ་མཚན་ཆེན་པོ་གཉིས་ཡོད་དེ། དང་པོ་ནི་ཤེས་བྱ་མ་ལུས་མཁྱེན་པ་དང༌། གཉིས་པ་ནི་ཀུན་སློང་ངན་པས་དབེན་ཞིང་གཞན་ལ་ཕན་པ་དང་བྱམས་པའི་ཐུགས་དམ་པ་དང་ ལྡན་པའོ། །མཁྱེན་བརྩེ་གཉིས་དང་ལྡན་པ་དེའི་ཕྱིར་ན་གདུལ་བྱའི་མོས་པ་དང་འཚམས་པའི་གསུང་ གི་བདུད་རྩི་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་ལྟར་འབད་མེད་དུ་འཇོ་བ་ ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་མདོ་ཏ་པལས། འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་གཅིག་ལས། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །རྒྱལ་བ་བདག་ལ་སྟོན་སྙམ་སོ་སོ་སེམས། །ལྷ་ཡི་སྒྲ་དང་དེ་བཞིན་ཀླུ་ཡི་སྐད། །མི་འམ་ཅི་ཡི་སྒྲ་སྙན་ཅི་མཆིས་པ། །དེ་དག་ནམ་ཡང་ཉོན་མོངས་ཞི་མི་བགྱིད། །སངས་རྒྱས་གསུང་ནི་རྟག་ཏུ་ཉོན་མོངས་སེལ། །དགའ་བ་བསྐྱེད་ཅིང་འདོད་ཆགས་དགའ་མ་ལགས། །བྱམས་པ་བསྐྱེད་ཅིང་ཞེ་སྡང་བློ་མ་ལགས། །ཤེས་རབ་བསྐྱེད་ཅིང་གཏི་མུག་བློ་མ་ལགས། །སངས་རྒྱས་གསུང་གིས་དྲི་མ་ཐམས་ཅད་སེལ། །འཁོར་བ་ལས་སླད་རོལ་ཏུ་སྒྲ་མི་འབྱུང༌། །ཐམས་ཅད་ཀྱི་ཡང་ནེམ་ནུར་བརྒྱ་མང་གཅོད། །མཐོ་བ་མ་ལགས་དམའ་བ་མ་ལགས་པ། །ཐུབ་པའི་གསུང་ནི་སྙོམས་ཤིང་བདེ་བ་བསྟན། །རི་དང་ནགས་བཅས་ས་འདི་གས་གྱུར་ཅིང༌། །རྒྱ་མཚོའི་ཆུ་དག་དེ་བཞིན་བས་གྱུར་ལ། །ཟླ་བ་ཉི་མ་ས་ལ་ལྷུང་གྱུར་ཀྱང༌། །རྒྱལ་བས་བཤད་པ་རྣམ་པ་གཞན་མི་འགྱུར། །ཚིག་གི་ཡན་ལག་ཐམས་ཅད་དག་པའི་གསུང༌། །སེང་གེའི་སྒྲ་སྐད་འཇམ་ཞིང་མཉེན་པའི་དབྱངས། །ཚངས་པའི་དབྱངས་མངའ་བདེ་གཤེགས་ཐུགས་རྗེ་ཅན། །ཞེས་སོགས་མདོ་སྡེ་རྣམས་ལས་གསུངས་པ་མཐར་ཡས་སོ།།
༢ བསྟན་པའི་རྩ་བ་དམ་ཆོས་འདུལ་བ་ལ་ཐུག་ཚུལ།
འགྲོ་ བའི་བདེ་སྐྱིད་ཀྱི་འབྱུང་གནས་བསྟན་པ་སྤྱི་དང་བྱེ་བྲག་ཏུ་བསྟན་པའི་ནང་མཛོད་ སོ་སོར་ཐར་པའི་འདུལ་བ་འདི་ཉིད་སྡེ་སྣོད་གཞན་གཉིས་ཀྱིའང་རྩ་བ་ཡིན་ཏེ། སོ་སོར་ཐར་པའི་མདོ་ལས། སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་གྱི། །གནས་པའི་སྙིང་དང་སྙིང་པོ་ནི།། སོ་སོར་ཐར་པ་འདི་ཡིན་ནོ།། འདི་ནི་དམ་ཆོས་རྒྱལ་པོ་ཡི།། ཆོས་ཀུན་གྱི་ནི་འདྲེན་པ་མཆོག། འདི་ནི་དགེ་སློང་ཚོང་ཚོགས་ཀྱི།། བསླབ་སྐྱོང་ཚོང་ཁང་ཆེན་པོ་ཡིན།། ཚུལ་ཁྲིམས་འཆལ་བ་སྦྱིན་རྣམས་ཀྱི།། གདུག་པ་རྣམ་སེལ་སྨན་འདི་ཡིན།། འདི་ནི་ལང་ཚོས་རྣམ་འཁྲུལ་བའི།། རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡི།། ཚོར་བ་ཟབ་པའི་འཁོར་བ་ལས།། སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི།། ངེས་པའི་ཆུ་ལེན་ཟམ་པ་ཡིན།།འདི་ནི་ཉོན་མོངས་ཕམ་བྱེད་ལམ།། རྒྱལ་པོ་ཡིས་ནི་འདྲེན་པ་མཆོག། འདི་ནི་ཐར་པའི་གྲོང་འཇུག་པའི།། ཐེམ་སྐས་གཞི་དང་འདྲ་བར་གནས།། ང་ནི་མྱ་ངན་འདས་གྱུར་ན།། འདི་ནི་ཁྱོད་ཀྱི་སྟོན་པ་ཞེས།། རང་བྱུང་ཉིད་ཀྱིས་གུས་བཅས་པ།། ནན་ཏན་དགེ་སློང་ཚོགས་མདུན་བསྟོད།། ཞེས་སོགས་དང༌། ངེས་པར་ཐར་པ་འདོད་རྣམས་ཀྱིས།། སོ་སོར་ཐར་པ་ཐོབ་པ་དང༌།། གཟུང་དང་འཛིན་པ་རྙེད་དཀའ་སྟེ།། བསྒྲུབས་པའང་ཤིན་ཏུ་རྙེད་པ་དཀའ།། ཞེས་དང༌། གཞན་ཡང་ལུང་རྣམ་འབྱཻད་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག། མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི།།སྟོན་པ་བསྟན་བཅོས་དངོས་ཡིན་དེ་ཡི་ ཕྱིར།། གཉིས་འགྱུར་ཕྱག་བྱས་སངས་རྒྱས་ཆོས་གཅིག་བཞིན།། ཞེས་གསུངས་ཤིང༌། གནད་འདི་དག་ལ་དགོངས་ནས་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས་འདུལ་བ་ལ་བསྟོད་པ་ ལས། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ།། རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི།། དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང༌།། རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས།། ཞེས་དང༌། འདུལ་བ་རྒྱ་མཚོའི་སྙིང་པོར། གང་ལ་བརྟེན་ན་བདེ་བླག་ཏུ། །ཐར་པའི་གྲོང་དུ་བགྲོད་པའི་ཐབས། །བདེ་གཤེགས་བསྟན་པའི་སྙིང་པོ་མཆོག །སོ་སོར་ཐར་ཅེས་གྲགས་པ་གང༌། །ཞེས་སོགས་མཐའ་ཡས་པ་གསུངས་ཤིང༌། དེས་ན་ཚུལ་ཁྲིམས་འདི་ནི་མངོན་མཐོ་ལྷ་མིའི་བདེ་བ་དང༌། ཉན་རང་གི་ཐར་པའི་ལམ། བྱང་སེམས་རྣམས་ཀྱི་སངས་རྒྱས་ཀྱི་སར་བསྐྱོད་པའི་ཡོན་ཏན་གྱི་མྱུ་གུ་ཐམས་ཅད་ གང་ལས་འབྱུང་བའི་ཞིང་ས་གཤིན་པོ་ལྟ་བུར་སྟོན་པ་བདེ་བར་གཤེགས་པས་མཆོག་ཏུ་ བསྔགས་པ་ཡིན་ཏེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག། ཚུལ་ཁྲིམས་འདི་ནི་ཐར་པའི་ལམ།། ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང༌།། ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ།། ཚུལ་ཁྲིམས་འདི་ནི་རབ་མཆོག་ཡིན།། ཞེས་སོགས་དང༌། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས་ཀྱང༌། དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་ཤིང༌། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག ཅེས་སོགས་དང༌། །གནས་སྐབས་ཀྱི་འབྲས་བུའི་དབང་དུ་བྱས་ཏེ། དེ་ཉིད་ལས། ཚུལ་ཁྲིམས་ལྡན་པ་མཐོ་རིས་འགྲོ་བའི་རྒྱུ། །ཞེས་དང༌། ཕུགས་ཀྱི་བདེ་བའི་དབང་དུ་བྱས་ཏེ། །དེ་ཉིད་ལས། ཚུལ་ཁྲིམས་ལྡན་པ་མྱ་ངན་འདའ་ཐོབ་འགྱུར། །ཞེས་དང༌། གནས་སྐབས་དང་མཐའ་ཐུག་གང་དུ་བལྟོས་ཀྱང་ཚུལ་ཁྲིམས་མེད་དུ་མི་རུང་བ་དཔེ་དང་ བཅས་ཏེ་བསྟན་པ་ལ། དེ་ཉིད་ལས། ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང༌། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཇི་ལྟར་བུམ་ཆགས་རིན་ཆེན་སྣོད་མི་རུང༌། །དེ་བཞིན་ཚུལ་ཁྲིམས་རལ་པས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེས། །ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་རྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་བཞིན། །བསྟན་སྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཞེས་སོགས་གསུངས་ཤིང༌། དེས་ན་འདུལ་བའི་སྡེ་སྣོད་ལས་སྟོན་པའི་རྒྱལ་ཚབ་ལྟ་བུ་ཆོས་འདུལ་བའི་ཚུལ་ ཁྲིམས་འདི་ཉིད་ལན་གཅིག་མིན་པ་ཡང་ཡང་གསུངས་ཏེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དགའ་བོ་ཁྱོད་ཀྱིས་ཞུས་པ་ལྟར་སངས་རྒྱས་མྱ་ངན་ལས་འདས་ཏེ་འཇིག་རྟེན་ན་མི་ བཞུགས་ན་སྟོན་པ་སུས་བྱ་ཞེས་བྱ་བ་ནི། དགའ་བོ་ཚུལ་ཁྲིམས་ནི་ཁྱོད་ཀྱི་སྟོན་པ་ཆེན་པོ་ཡིན་གྱི། དེ་ལ་གནས་ཏེ་ནན་ཏན་བྱས་ན་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་དང༌། ཤེས་རབ་ཐོབ་པར་འགྱུར་རོ། ཞེས་གསུངས་པ་དང༌། གནད་འདི་དག་ལ་བརྟེན་ནས། ཟླ་བ་ཕྱེད་ཕྱེད་དུ་དགེ་འདུན་ཚོགས་པའི་དབུས་དུ་དམ་ཆོས་འདུལ་བའི་སྙིང་པོ་སོ་ སོར་ཐར་པའི་མདོ་འདོན་པ་འདི་ཉིད་སྟོན་པའི་ཚབ་ཏུ་གནང་བ་ཡིན་ཏེ། ལུང་ཕྲན་ཚེགས་སྒོ་བརྒྱད་པ་ ༤༣༩ ལས། དགེ་སློང་དག་ཁྱེད་ཀྱིས་སྟོན་པ་ང་ཡོངས་སུ་མྱ་ངན་ལས་འདས་ཏེ། མེད་པའི་འོག་ཏུ་བདག་ཅག་གི་སྟོན་པ་དང༌། སྟོན་པ་མེད་དོ་སྙམ་དུ་ལྟ་བར་མི་བྱ་སྟེ། གང་གི་ཕྱིར་ངས་ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པར་བསྟན་པ་དེ་དེང་ ཕྱིན་ཆད་ཁྱེད་ཀྱི་སྟོན་པ་དང༌། སྟོན་པ་ཡིན་ནོ། ཞེས་དང༌། སོ་སོར་ཐར་པའི་མདོ་ལས་ཀྱང༌། ང་ནི་མྱ་ངན་འདས་གྱུར་ན།།འདི་ནི་ཁྱོད་ཀྱི་སྟོན་པ་གྱིས། །ཞེས་སོགས་གསུངས་པས་སོ། འདུལ་བའི་སྡེ་སྣོད་ལས་སྟོན་པའི་རྒྱལ་ཚབ་ལྟ་བུ་ཆོས་འདུལ་བའི་ཚུལ་ཁྲིམས་འདི་ ཉིད་གསུངས་པར་མ་ཟད་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་སུའང་ཚུལ་ཁྲིམས་ནི་བསླབ་པ་ གཞན་གཉིས་ཀྱི་རྩ་བ་ཡིན་པ་གསུངས་ཏེ། དཀོན་བརྩེགས་འོད་སྲུང་གིས་ཞུས་པའི་མདོ་ལས། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ།། ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་བསྒོམ།། ཤེས་རབ་གྱིས་ནི་ཡེ་ཤེས་རྣམ་པར་དག་པར་ཐོབ། ཅེས་སོ། །
གཞན་ ཡང་སོ་སོར་ཐར་པའི་ཚུལ་ཁྲིམས་འདི་ནི་ཉེས་པའི་ཆུ་ཀླུང་ལྡོག་པའི་ཆུ་ལོན་དང༌། ཐེག་པ་གསུམ་གྱིས་བསྡུས་པའི་སྐྱེ་འཕགས་མཐའ་དག་པའི་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་ གང་ལས་འབྱུང་བའི་ཁུངས་སམ་རྒྱུ་ཡང་ཡིན་ཏེ། འདུལ་བ་ལ་བསྟོད་པའམ་ལུང་རྣམ་འབྱེདའདུལ་བ་ཅ་བལས། ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་བ་ཡིས།། ཆུ་ཀླུང་ཆེ་ཡང་ཟློག་པར་འགྱུར་བ་ལྟར།། དེ་བཞིན་འདུལ་བ་འཕགས་པའི་ཆུ་ལོན་འདིས། །ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་ཟློག་པར་འགྱུར། །སངས་རྒྱས་དང་ནི་རང་སངས་རྒྱས་རྣམས་ཀྱང༌། །བྱང་ཆུབ་གང་བརྙེས་ཐུབ་སློབ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས། །དེ་ལའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཞེས་གསུངས་ཤིང༌། ཇི་སྲིད་རྒྱལ་བའི་མཛོད་མཆོག་དམ་ཆོས་འདུལ་བའི་ཆོས་ཚུལ་མ་ཉམས་པར་གནས་པ་དེ་ སྲིད་དུ་རྒྱལ་བའི་བསྟན་པ་གནས་པ་གནས་པ་ཡིན་ལ། འདི་ཉིད་ནུབ་པ་དང་རྒྱལ་བའ་བསྟན་པ་ནུབ་པ་ཡིན་ཏེ། དེ་ཉིད་ལས། ཇི་སྲིད་འགྲོ་འདིར་རྒྱལ་བ་ཐམས་ཅད་ཀྱིས༌། །མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང༌། །བཟློག་པར་གྱུར་ན་ཞི་བ་ཐོབ་པར་འགྱུར། །སངས་རྒྱས་མི་བཞུགས་འཇིག་རྟེན་ཚིགས་བཅད་དང༌། །མདོ་སྡེ་ཡན་ལག་དེ་དང་དེ་དག་སྤྱོད། །བསླབ་འཇུག་མེད་ན་འདུལ་བའང་མེད་འགྱུར་བས། །དེ་ཕྱིར་རྒྱལ་བ་དག་པས་ཆོས་འདི་དཀོན། །ཞེས་སོགས་དང༌། སོ་སོར་ཐར་པའི་མདོ་ལས། རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པ་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་འདུལ་བ་འདི་ཡིན་ནོ། །ཞེས་སོགས་བསྟན་པའི་ནང་མཛོད་འདི་ལ་གསུང་རབ་རྣམས་ལས་བསྔགས་པ་དང་གཅེས་སྤྲས་ ཆེས་ཆེར་མཛད་པའི་ཚུལ་ཤིན་ཏུ་མང་བ་ལས་འདིར་མཚོན་པ་ཙམ་མོ། །
དེས་ན་དམ་ཆོས་འདུལ་བ་འདི་ནི་སངས་རྒྱས་ཀྱི་བསྟན་པའི་ནང་མཛོད་དུ་གྱུར་པ་ཡིན་ཏེ། འདུལ་བ་གནས་མལ་གྱི་གཞི་ ༣༢༣ ལས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག ངའི་འདུལ་བ་འཛིན་པའི་གང་ཟག་ལ་ཕན་ཡོན་ལྔ་འབྱུང་སྟེ། ལྔ་གང་ཞེ་ན། འཁོར་བཞིས་མདུན་དུ་བདར་བ་ཡིན། གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རགས་མ་ལས་པ་ཡིན། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནང་གི་མཛོད་སྲུང་བ་ ཡིན། དགེ་སྦྱོང་དང་བྲམ་ཟེ་གཞན་རྣམས་ཀྱི་སྤྱི་བོ་ལ་འདུག་པ་ཡིན། དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་དང༌། བསླབ་པའི་ཆེད་ཀྱི་ཕྱིར་སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བར་ཞུགས་པ་ཡིན་ནོ། །
གཞན་ ཡང་ཆོས་འདུལ་བ་འདི་ཉིད་བསྟན་པའི་རྩ་བ་ཡིན་པས་ན། འདི་ཉིད་འཛིན་པའི་གང་ཟག་ས་ཕྱོགས་གང་ན་སུ་བཞུགས་པ་དེ་ན་བསྟན་པའི་འོད་སྣང་ འབར་བ་དང་སྟོན་པ་སངས་རྒྱས་ཀྱིས་མ་སྟོང་པ་ཡིན་ཏེ། དེ་ཉིད་ ༣༢༤ ལས། གཞན་ཡང༌། གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན༌། ཕྱོགས་གང་ན་གང་ཟག་འདུལ་བ་འཛིན་པ་གནས་པའི་ཕྱོགས་དེ་ངས་སྣང་བ་སྐྱེས་པ་དང༌། གསལ་བ་སྐྱེས་པ་དང༌། འོད་སྐྱེས་པ་མཐོང༌། ཕྱོགས་དེར་ང་ཐུགས་ཕྲལ་ཆུང་ངུར་གནས། ཕྱོགས་དེ་ངས་སྟོང་པ་མ་ཡིན་པ་མཐོང་ངོ༌། །ཞེས་སོ། གཞན་ཡང་ཆོས་འདུལ་བ་འདི་ཉིད་བསྟན་པའི་རྩ་བ་ཡིན་པས་ན། འདི་འཛིན་པའི་གང་ཟག་དེས་ལས་འབྲས་སམ་བསྟན་པའི་གནད་རྣམས་མཁྱེན་པས་རང་ཕྱོགས་ སྲུང་ཞིང་གཞན་ཕྱོགས་ཚར་གཅོད་པའི་བསྟན་འཛིན་གཙོ་བོའང་ཡིན་ཏེ། འདུལ་བ་གནས་མལ་གྱི་གཞི་༣༢༤ལས། གཞན་ཡང༌། འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། འདིས་རང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ལེགས་པར་བསྲུངས་ཤིང་ལེགས་པར་སྦས་པ་ཡིན། འཁོར་བཞིས་མངོན་གསུམ་དུ་བསུ་བར་བྱ་བ་ཡིན། གང་ཟག་འགྱོད་པ་སྐྱེས་པ་རྣམས་ཀྱི་སྟོན་པར་གྱུར་པ་ཡིན། དགེ་འདུན་གྱི་ནང་ན་བག་ཚ་བ་མེད་པ་གནས་པ་ཡིན། ཆོས་དང་མཐུན་པས་ཕྱི་རྒོལ་བ་ཚར་གཅོད་པ་ཡོན་ནོ། ཞེས་གསུངས་སོ། །
སངས་ རྒྱས་ཀྱི་བསྟན་པའི་རྩ་བ་ནི་ཆོས་འདུལ་བ་འདི་ཉིད་ཡིན་པས་ན་རྗོད་བྱེད་འདུལ་བ་ འཛིན་པའི་གང་ཟག་ཀྱང་བསྟན་འཛིན་ཀུན་གྱི་གཙོ་བོ་ཡིན་པར་མ་ཟད་བརྗོད་བྱ་ཚུལ་ ཁྲིམས་ཀྱི་བསླབ་འདི་ཉིད་བསྟན་པའི་རྩ་བ་དང༌། བསྟན་པའི་སྙིང་པོར་གྱུར་པས་ན། འདི་རྒྱུད་ལ་ལྡན་པའི་གང་ཟག་དེ་ནི་རིགས་རུས་ཇི་ལྟར་དམན་ཡང་གཞན་གྱིས་བཀུར་ བསྟི་བྱ་བའི་གནས་དང༌། ཕྱག་བྱ་བའི་གནས་སུ་གྱུར་པ་ཡིན་ལ། དེ་ཡང་བསླབ་ཁྲིམས་མེད་པ་དང༌། ཡོད་ཀྱང་ཡོངས་སུ་མ་རྫོགས་པ་དང༌། ཡོངས་སུ་བསྙེན་པར་རྫོགས་པའི་དགེ་སློང་དེ་དང་དེ་དག་ལས་ཀྱང་བསྙེན་པར་རྫོགས་པ་ ཀུན་གྱིས་ཕྱག་བྱ་བའི་གནས་སུ་གྱུར་པ་དང༌། འདུལ་བ་ནས་ཕར་རོལ་ཏུ་ཕྱིན་པའི་གཞུང་ལུགས་ཙམ་དུ་མ་ཟད། བྱ་ རྒྱུད་ནས་གསང་སྔགས་བླ་མེད་བར་གྱི་གཞུང་ལས་ཀྱང་དགེ་སློང་རྡོ་རྗེ་འཛིན་པ་ཞེས། རྟེན་གྱི་སྒོ་ནས་བསྔགས་པའི་རྒྱུ་མཚན་ཡང་བསྟན་པའི་ནང་མཛོད་དམ་ཆོས་འདུལ་ འདིའི་དབང་གིས་ཡིན་ཏེ། འདུལ་བ་དང༌། ཕར་ཕྱིན། རྒྱུད་སྡེ་འོག་མ། བླ་མེད་རྒྱུད་རྣམས་སུ་ལན་གཅིག་མིན་པར་ཡང་ཡང་གསུངས་པའི་ཕྱིར། དེ་ཡང༌།
དང་པོ་ཆོས་འདུལ་བ་ལས་གསུང་ཚུལ་ནི། ལུང་གཞིག་བ་གནས་མལ་གྱི་གཞི་༢༨༠ནས་ ༢༨༨ལས་གསལ་བར་གསུངས་པ་ལྟར་ལགས་ཏེ། དེར་ མ་ཟད་ཆོས་འདུལ་བའི་ཚུལ་ཁྲིམས་ནི་བསྟན་པའི་རྩ་བ་དང་སྟོབས་དང་ལྡན་པ་ཡིན་པས་ འདི་རྣམ་པར་དག་པ་སྲུང་ན་གང་ཟག་དེས་གང་ཞིག་སྨོན་ལམ་དང་བདེན་ཚིག་བརྗོད་པ་དེ་ དེ་བཞིན་བདེ་བླག་ཏུ་ཡང་འགྲུབ་པར་འགྱུར་ཏེ། སྟོན་པ་ཉིད་སྔོན་ཡུལ་ཤི་བའི་རྒྱལ་པོའི་བ་གཞོགས་ཕྱེད་ན་བའི་སྐྱེ་བ་བླང་བ་ན། རང་སངས་རྒྱས་གཞོགས་ཕྱེད་ན་བ་ཞིག་ལ་རང་གི་སྨན་བཅུད་དབུལ་ཞིང་རང་གི་མ་སྤྱོད་ པ་ན། རང་སངས་རྒྱས་ཚུལ་ཁྲིམས་དང་ལྡན་པ་དེས་སྨན་ལམ་ལ་བརྟེན་ནས་གཉིས་ཀ་སོས་པར་གྱུར་ པའི་ཚུལ་འདུལ་བ་ལུང་གཞི་ག་བ་ ༡༦༢ ལས་གསུངས་ཏེ། དེ་ཉིད་ལས། བདག་ཉིད་ཆེན་པོ་དེས་ཀྱང་རྒྱལ་པོའི་བུ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་ལྡན་པའི་ སེམས་བསྐྱེད་པ་དང༌། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་ནི་འགྲུབ་པར་འགྱུར་ལ། དེ་ཡང་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་གཉིས་ཀ་ཡང་སོས་པར་གྱུར་ཏོ། ཞེས་སོ། བསྙེན་པར་རྫོགས་པའི་བསླབ་པ་སྲུང་པའི་ཕན་ཡོན་གྱི་ཆ་ནས་ཀྱང༌། བསྙེན་གནས་ཙམ་གྱི་སྡོམ་པ་ལན་གཅིག་ཙམ་སྲུང་ནའང་བསོད་ནམས་ཀྱི་ཚད་བཟུང་བ་མི་ ནུས་པ་དང༌། འཛམ་གླིང་གང་བའི་དགྲ་བཅོམ་ལ་རིན་པོ་ཆེའི་གང་སྟེ་ཕུལ་བ་ལས་བསྙེན་གནས་ལན་ཙམ་ གྱི་ཕན་ཡོན་ཆེ་བ་དེ་དག་ལས་རིམ་པར་བཞིན་དགེ་བསྙེན་དང༌། དགེ་ཚུལ། དགེ་སློང་བར་སྔ་མ་དག་གིས་ཕྱི་མ་དག་ལ་བྱེ་བ་བརྒྱ་སྟོང་གི་ཆར་ཡང་འགྲན་དུ་མེད་ དེ། བྱམས་པ་ལུང་བསྟན་པའི་མདོ་ལས། བསྙེན་གནས་ལན་གཅིག་སྲུང་བས་ཀྱང༌། །བྱམས་པའི་བསྟན་པ་ལ་ཞུགས་ནས། །འཕགས་པ་ཐོབ་པ་གསུངས་པ་དང༌། །བརྒྱ་བྱིན་གྱིས། །ཟླ་བ་ཡར་གྱི་ཚེས་བརྒྱད་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུང་ན། །དེ་ནི་ང་དང་འདྲ་བར་འགྱུར། །ཞེས་སྨྲས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྕལ་པ། ཀོའུ་ཤི་ཀ ཁྱོད་དེ་སྐད་མ་ཟེར་ཅིག ཟླ་བ་ཡར་གྱི་ཚེས་བརྒྱད་དང༌། ཆོ་འཕྲུལ་གྱི་ནི་ཟླ་བ་ལ། བསྙེན་གནས་ཡན་ལག་བརྒྱད་བསྲུང་ན། དེ་ནི་ང་དང་འདྲ་བར་འགྱུར། ཞེས་གསུང་ཤིང༌། བསྙེན་གནས་ཀྱི་ཕན་ ཡོན་གྱིས་དགེ་བསྙེན་གྱི་སྡོམ་པའི་ཕན་ཡོན་གྱི་བརྒྱའི་ཆ་ལ་སོགས་པར་མི་འགྲོ་ལ། དགེ་བསྙེན་གྱིས་དགེ་ཚུལ་གྱི་སྡོམ་པའི་ཕན་ཡོན་དང༌། དགེ་ཚུལ་གྱིས་དགེ་སློང་གི་སྡོམ་པའི་ཕན་ཡོན་གྱི་བརྒྱའི་ཆ་ཡང་ཉེ་བར་མི་འགྲའོ། སྟོང་གི་ཆ་ཡང་ཉེ་བར་མི་འགྲོའོ། ཞེས་དམ་པ་གོང་མ་རྣམས་ཀྱི་བཞེད་པ་ནི་ཐུགས་ཤིན་ཏུ་མད་དེ་ལུང་མཐར་ཡས་པ་ན་མཐོང་ ཡང་རེ་ཞིག་ཡི་གེའི་འཇིགས་ནས་མཚོན་པ་ཙམ་ལ་མ་བྲིས་སོ། །
གཉིས་ པ་ཕར་ཕྱིན་ཐེག་པ་ལས་གསུངས་ཚུལ་ནི། དཀོན་བརྩེགས་ཀྱི་ལེའུ་རིན་པོ་ཆེའི་ཕུང་པོའི་མདོ་ལས༌། བྱང་སེམས་རབ་བྱུང་དང་ཁྱིམ་པའི་ཁྱད་པར་ལ་ཤིན་ཏུ་མཆོག་དམན་གསུངས་པས་ན་བསླབ་ སྡོམ་ཡོངས་སུ་རྫོགས་པ་འདི་ནི། བསྟན་པའི་རྩ་བ་ཡོངས་སུ་རྫོགས་པར་གྲུབ་ལ་དེ་ཡང་མདོ་དེ་ཉིད་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ་ཐམས་ཅད་ཀྱང་ འཁོར་ལོའི་བསྒྱུར་རྒྱལ་ཤ་སྟག་ཏུ་གྱུར་ནས་རེ་རེས་ཀྱང་སྣོད་ཕྱིའི་རྒྱ་མཚོ་ ཆེན་པོ་ཙམ་སྙིང་པོ་དབུས་ཀྱི་རི་རབ་ཙམ་གྱི་མར་མེ་སྦར་ཏེ་དེ་བཞིན་གཤེགས་པའི་ མཆོད་རྟེན་ལ་མཆོད་པའི་བསོད་ནམས་ཀྱིས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཞིག་གིས་འབྲུ་མར་གྱིས་བསྐུས་པའི་མར་མེའི་ སྙིང་པོ་གཅིག་མཆོད་རྟེན་གྱི་དྲུང་དུ་འཛིན་པའི་བསོད་ནམས་ཀྱི་བརྒྱའི་ཆ་ཡང་མི་ འགྲོ་བར་གསུངས་ཏེ། དེ་གཉིས་སེམས་བསྐྱེད་པར་མཚུངས་ཀྱང་རབ་བྱུང་གི་སྡོམ་པ་དང་ལྡན་མི་ལྡན་གྱི་ དབང་གིས་ཁྱད་པར་ཡིན་པས་ཚུལ་འདི་ཤེས་པ་གནད་ཆེའོ། །གཞན་ཡང་ཚུལ་ཁྲིམས་འདི་ནི་ཆོས་འདུལ་བ་ལས་བསྟན་པའི་རྩ་བ་གསུངས་པར་མ་ཟད། ཐེག་ཆེན་གྱི་མདོ་སྡེ་ལས་ཀྱང་དཔེ་རྣམ་གྲངས་མང་པོའི་སྒོ་ནས་བསྟན་པ་དང་བསྔགས་ པ་ཡིན་ཏེ། མྱང་འདས་ཆེན་པོའི་མདོ་ལས། ཚུལ་ཁྲིམས་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་ཐེམ་སྐས་སོ། ཤིང་ལ་སོགས་པའི་རྩ་བ་ས་ཡིན་པར་རྩ་བའོ། ཚོང་དཔོན་ནི། ཚོང་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ལྟར་དགེ་བའི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་ བའོ། བརྒྱ་བྱིན་གྱིས་ནི། རྒྱལ་མཚན་བསྒྲེང་བ་ལྟར་ཆོས་ཐམས་ཅད་ཀྱི་ནི་རྒྱལ་མཚན་ནོ། སྡིག་པ་ཐམས་ཅད་དང་ངན་སོང་གི་ལམ་གཏན་གཅོད་པའོ། སྡིག་པའི་ནད་ཐམས་ཅད་གསོ་བའི་སྨན་གྱི་སྡོང་པོ་ལྟ་བུའོ། སྲིད་པའི་ལམ་ཉམ་ང་བའི་རྒྱགས་ཚགས་སོ། ཉོན་མོངས་པའི་དགྲ་འཇོམས་པའི་གོ་མཚན་ནོ། ཉོན་མོངས་པའི་མུལ་གདུག་པ་སེལ་བའི་རིགས་སྔགས་སོ། སྡིག་པའི་ཆུ་ལས་སྒྲོལ་བའི་ཟམ་པའོ།།
གསུམ་ པ་རྒྱུད་སྡེ་འོག་མ་ནས་གསུངས་ཚུལ་ལས་ཀྱང༌། བརྗོད་བྱ་སོར་ཐར་གྱི་སྡོམ་པ་འདི་གསང་སྔགས་འགྲུབ་པའི་རྩ་བ་ཡིན་པ་གྲུབ་སྟེ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པའི་རྟགས་དང་ཆོ་ག་སྤོང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་སྔགས་ཀྱི་ཐུན་མོང་མིན་པའི་ཆོ་ག་སོགས་ལས་གཞན་འདུལ་པའི་བཅས་པ་གང་མཛད་པ་ དེ་བཞིན་སྲུང་བའམ་བསླབ་དགོས་པ་བསྟན་པ་དང༌། འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་བ་མཆོག་མེད་ཅིང༌། །གྲུབ་པ་འབྲིང་པོའང་ཡོད་མེད་དེ། ༌།གྲུབ་པ་ཐ་མའང་ཡོད་མ་ཡིན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པ་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །བྱིས་པ་ངན་པ་འདི་ལ་ནི། །སྔགས་འགྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །དེ་ལ་བདེ་འགྲོ་ག་ལ་ཡོད། །མཐོ་རིས་སུའང་མི་འགྱུར་ཞིང༌། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་བའི་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཞེས་གསུངས། དེའི་ཕྱིར་རྒྱ་གར་གྲུབ་ཆེན་སོགས་ཀྱིས་གསང་སྔགས་ལ་སྤྱོད་ཀྱང་དམ་ཚིག་གི་ཚུལ་ ཁྲིམས་ལ་ནན་ཏན་བྱས་ནས་གཏན་ལ་དབབ་པའི་གཞུང་དང་མན་ངག་རྣམ་གྲངས་མང་པོ་བྱས་ ཤིང༌། བོད་ཀྱི་མཁས་གྲུབ་མང་པོས་ཀྱང་གནད་འདི་མཁྱེན་ཏེ་ཚུལ་ཁྲིམས་ལ་ནན་ཏན་བྱས་པ་ ཆེས་གསལ་ལོ། །
བཞི་ པ་རྒྱུད་སྡེ་གོང་མ་བླ་མེད་ནས་གསུངས་ཚུལ་ཡང༌། སོར་ཐར་གྱི་སྡོམ་པ་འདི་བསྟན་པའི་རྩ་བ་དང་ཆེས་བསྔགས་པའི་གནས་སུ་གྱུར་པས་ན། སྔགས་པ་རྣམས་ཀྱི་ནང་ནས་ཀྱང་དགེ་སློང་རྡོ་རྗེ་འཛིན་པ་ནི་གཙོ་བོ་ཡིན་ཏེ། དུས་འཁོར་རྩ་རྒྱུད་ལས། དེ་ཉིད་བཅུ་ནི་ཡོང་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང༌། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་དང༌། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །དེ་ལས་ཐོབ་པ་ཡོངས་ཤེས་པས། །གང་ཞིག་རྟགས་ཅན་བྱ་བ་ཉིད། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་གང་ཚེ་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ཞེས་གསུངས་པས་ས་ཐོབ་པ་ལའང་དང་པོ་ཚུལ་ཁྲིམས་མེད་ན་ཚུལ་དེ་མི་འབྱུང་བས་ཀྱང་ བསྟན་པའི་རྩ་བ་སོ་སོར་ཐར་པའི་འདུལ་བ་འདི་ཉིད་ཡིན་པ་ཆོས་གསལ་ལོ། །ཡང་རྒྱུད་འདི་ཉིད་ལས། ལྷ་ཁང་སོགས་ཀྱི་རབ་གནས་སོགས། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ན་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ཅན་པ་མིན། །ཞེས་པས་ཀྱང༌། གནས་གཅིག་ཏུ་སྔགས་པ་དགེ་སློང་དང་དགེ་ཚུལ་ཁྱིམ་པ་གསུམ་མཆིས་ཚེ་རབ་གནས་སོགས་ དང་ལས་ཁྱད་པ་ཅན་གང་ཞིག་བྱེད་ནའང་དགེ་སློང་གིས་བྱེད་དགོས་ཀྱི་ཁྱིམ་པའི་སྔགས་ པ་དེ་ལ་མ་གནང་བའང་སོར་ཐར་སྤྱི་དང་ཁྱད་པར་ཡོངས་སུ་རྫོགས་པའི་བསླབ་སྡོམ་ཅན་ལ་ གནང་བ་ཡང་འདི་ཉིད་བསྟན་པའི་རྩ་བ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་ཉིད་རྒྱུད་ལ་ལྡན་པའི་གང་ཟག་དེ་ཡང་རྟེན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ ནོ། །
དོན་ གྱི་གནད་འདི་དག་ལ་དགོངས་ནས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་ མཚོའི་སྡེ་བཟང་པོས། དགེ་སློང་གི་བསླབ་བྱའི་རྣམ་གཞག་མདོ་ཙམ་བརྗོད་པ་ཐུབ་དབང་ཞལ་ལུང་༦༦ནས་༦༧ལས། འཕྲལ་ཡུན་ཕན་དང་བདེ་ལ་སྦྱོར། །རང་གཞན་ཀུན་ལ་སྨན་བྱེད་པ། །འདི་འདྲ་མཇལ་བ་ཨེ་མ་མཚར། །ཡང་ཡང་རྙེད་དཀའ་ད་རེས་ཙམ། །དེ་བས་དོན་གཉེར་ཆེས་ཉུང་ཕྱིར། །སྙིང་ལ་རུས་པ་བཅུག་ནས་ནི། །འབད་པ་བརྒྱ་ཡིས་ཚངས་སྤྱོད་ལོངས། །ཤིན་ཏུ་རགས་པའི་ཉོང་མོངས་དག །འདི་ཡིས་ནོན་པར་ཐེ་ཚོམ་བྲལ། །ཁྱིམ་ན་སྤྱོད་པའི་དུ༔ཁ་ཡང༌། །འདི་ཡིས་སྒྲོལ་བར་སྨོས་ཅི་དགོས། །ཐེག་ཆེན་ལམ་གྱི་གཞུང་ཤིང་ཆེ། །གཞན་ཕན་བྱང་ཆུབ་སེམས་མཆོག་དང༌། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་སོགས། །འདི་ཡིས་མི་འདྲེན་གང་ཞིག་མཆིས། །ཆེས་ཆེར་མྱུར་བའི་གསང་མཐའི་ལམ། །དུག་ཆེན་སྨན་དུ་བསྒྱུར་བའི་ཐབས། །ཤིན་ཏུ་ངོ་མཚར་རྨད་པོ་ཆེ། །དེ་ཡང་འདི་ཡིས་གཞི་བརྟན་ཚུགས། །སྟོང་དང་སྙིང་རྗེ་དབྱེར་མེད་པར། །ཟུང་འཇུག་རྡོ་རྗེ་འཛིན་པའི་སར། །ཨེ་མ་མྱུར་བ་ལས་མྱུར་བར། །བགྲོད་པའི་རྒྱུར་ཡང་འདི་གཅེས་སྙམ། །དེ་ཕྱིར་བློ་ལྡན་གྲོགས་པོ་དག །ཉན་ཐོས་སྡེ་པའི་གཞུང་ལུགས་ནས། །བྱུང་བའི་སོ་ཐར་ཚུལ་ཁྲིམས་ལ། །བརྙས་དང་དོན་ཆུང་མི་སེམས་པར། །བསྟན་པའི་གཞི་དང་རྩ་བ་རུ། །བསྔགས་པའི་ཚུལ་འདི་ཤེས་བྱོས་ལ། །རྗེས་སུ་སློབ་ཅིང་ཉེར་བརྟག་པ། །དྲན་དང་ཤེས་བཞིན་བག་ཡོད་དང༌། །ངོ་ཚ་ཤེས་ཤིང་གུས་ལྡན་པས། །སྲུང་ལ་ཤིན་ཏུ་འབད་བྱ་ཡི། །བཏང་སྙོམས་སྒྱིད་ལུག་མི་བྱ་སྟེ། །གཏན་བདེའི་རྩ་བ་སྟོར་ཕྱིར་རོ། །ཞེས་གསུངས་སོ། །
གཞན་ ཡང་ཚུལ་ཁྲིམས་ནི་ཏིང་ངེ་འཛིན་སྐྱེ་བ་ལ་མེད་མི་རུང་ཞིང༌། ཏིང་ངེ་འཛིན་ནི་བདག་མེད་པར་མཐོང་བའི་ལྷག་མཐོང་ལ་མེད་མི་རུང་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་ནི། ཐར་པ་ཐོབ་པ་ལ་མེད་མི་རུང་བ་ཡིན་པས་ན་རྟོགས་པའི་བསྟན་པ་ཐམས་ཅད་ཀྱི་རྩ་བའམ་ གཞི་རྟེན་དུ་གྱུར་པ་ཡིན་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཟླ་བ་སྒྲོན་མའི་མདོ་ལས། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་ཏིང་ངེ་འཛིན་གྱི་གཞི་དང་རྟེན་དུ་གསུངས་ལ། དེ་ན་གནས་ལུགས་ཡང་དག་པ་མཐོང་བའི་ཤེས་རབ་ཀྱི་རྩ་བ་ཡང་གྲུབ་སྟེ། དེ་འདྲ་བའི་ཤེས་རབ་ཀྱི་རྩ་བ་ཏིང་ངེ་འཛིན་ཡིན་ལ་དེའི་ཡང་རྩ་བ་ཚུལ་ཁྲིམས་འདི་ ཉིད་ལ་ཐུག་པ་བཤད་མ་ཐག་པ་དེ་ལྟར་ཡིན་པས་སོ། །འོ་ན་ཏིང་ངེ་འཛིན་དེ་ཤེས་རབ་དེ་ལྟ་བུའི་རྩ་བ་གང་ལས་ཤེས་ཞེ་ན། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་བ་བཞིན་དུ་མཐོང་བར་འགྱུར་རོ། །ཞེས་གསུངས་པ་ལས་ཤེས་སོ། །
མདོར་ ན་ཐེག་པ་གསུམ་དང༌། རྒྱུད་སྡེ་བཞི། བསླབ་པ་གསུམ་དང་བཅས་པའི་རྒྱལ་བའི་ལུང་དང་རྟོགས་པའི་ལམ་གྱི་བླང་བྱ་ཐམས་ཅད་ ཀྱི་ཤིང་བརྒྱའི་རྩ་བ་དང་ཆུ་བརྒྱའི་འབྱུང་ཁུངས་ལྟ་བུ་ནི་དམ་ཆོས་འདུལ་བ་ལས་ བཤད་པའི་ཚུལ་ཁྲིམ་ས་ཀྱི་བསླབ་པ་རིན་པོ་ཆེ་འདི་ཉིད་ཁོ་ན་ཡིན་པས། གནད་འདི་དག་ལ་དགོངས་ནས་རྒྱལ་བའི་དབང་པོ་ཐམས་ཅད་པ་བསྟན་འཛིན་རྒྱ་མཚོ་བཟང་ པོས། དགེ་སློང་གི་བསླབ་བྱའི་རྣམ་གཞག་མདོ་ཙམ་བརྗོད་པ་ཐུབ་དབང་ཞལ་ལུང་༦༤ནས་༦༦ལས། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་དེ་ཡང་ཕར་ཕྱིན་ཐེག་པའི་ལམ་ལ་བརྟེན་ནས་ བསྒྲུབས་ན་བསྐལ་ཆེན་གྲངས་མེད་གསུམ་གྱི་བར་ཚོགས་གཉིས་རྒྱ་ཆེན་པོ་གསོག་དགོས་ ཤིང༌། དུས་ཡུན་རིང་པོ་དེ་ལྟ་བུ་ལ་མ་ལྟོས་པར་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་ ཐོབ་པར་འདོད་ན། ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་བཏང་སྟེ་རྡོ་རྗེ་སློབ་དཔོན་མཚན་ཉིད་ དང་ལྡན་པ་ཞིག་ཚུལ་བཞིན་དུ་བསྟེན་ནས་གསང་སྔགས་ཀྱི་སྡོམ་པ་ནོད་དེ། ཇི་ལྟར་ཁས་བླངས་པའི་དམ་ཚིག་དང༌། སྡོམ་པ་རྣམས་ཚུལ་བཞིན་བསྲུང་བ་གཞིར་བྱས་ནས། རྒྱུད་སྡེ་ཚད་ལྡན་ནས་བཤད་པ་ལྟར་གྱིས་སྔགས་ཀྱི་ལམ་ཉམས་སུ་བླངས་ན་ཚེ་འདི་ཉིད་ ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ནུས་པ་ཡིན་པས་ན། གོང་དུ་སྨོས་པའི་ཡོན་ཏན་དེ་དག་ཐམས་ཅད་ཀྱི་གཞི་རྟེན་མཐར་གཏུགས་ན་ཚུལ་ཁྲིམས་ ཉིད་ལ་རག་ལས་པ་དེའི་ཕྱིར་རང་གཞན་གྱི་དོན་གཉིས་སྒྲུབ་པའི་གཞི་རྟེན་ཁྱད་པར་ ཅན་རང་རྒྱུད་ཀྱི་སོ་ཐར་གྱི་ཚུལ་ཁྲིམས་ཉེས་ལྟུང་གི་དྲི་མའི་སྐྱོན་གྱིས་མ་ གོས་པ་རྣམ་པར་དག་པར་བྱ་ལ་སྒོ་ཀུན་ནས་འབད་པར་འཚལ་ལོ། །ཞེས་གསུངས་སོ། །
གཞན་ ཡང་དམ་ཆོས་འདུལ་བ་ལས་བསྟན་པའི་རྩ་བར་སོ་སོར་ཐར་པ་གསུངས་པར་མཟད། འདི་ཡོན་ཏན་ནམ་ཕུན་ཚོགས་ཐམས་ཅད་ཀྱི་འབྱུང་གནས་དང༌། དེ་ལས་ལྡོག་སྟེ་ཁྱིམ་ལ་གནས་ན་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུར་ཐེག་ཆེན་ གྱི་སྡེ་སྣོད་ལས་ཀྱང་གསུངས་ཏེ། དཀོན་བརྩེགས་ལེའུ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། རབ་ཏུ་བྱུང་བ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་མང་བའོ། །ཁྱིམ་ན་གནས་པ་ནི་ཉེས་སྐྱོན་ཆགས་པ་མང་བའོ། །ཞེས་ཁྱིམ་བཟུང་བའི་ཉེས་དམིགས་དང་རབ་ཏུ་བྱུང་བའི་ཕན་ཡོན་སོ་སོར་བརྒྱ་རྩ་ བཞི་རེ་གསུངས་ལ་གནད་ཤིན་ཏུ་ཆེ་བས་ནན་ཏན་དུ་གསུང་གི། གཞན་དུ་ན་ཁྱིམ་གྱི་ཉེས་དམིགས་དང་རབ་ཏུ་བྱུང་བའི་ཕན་ཡོན་ལ་རྣམ་གྲངས་བརྒྱ་རྩ་ བཞི་རེ་སྤེལ་བའི་དགོས་པ་དེ་ཙམ་མེད་དོ། །
དེས་ ན་ཉེས་སྐྱོན་སྤོང་པའི་ཚུལ་ཁྲིམས་རིན་པོ་ཆེ་འདི་ལ་བརྟེན་ནས་རྒྱུད་གོང་ནས་ གོང་དུ་འཕེལ་ཞིང་ཁྱད་པར་སྙིང་རྗེའི་རང་བཞིན་ཅན་སེམས་དཔའ་ཆེན་པོ་རྣམས་དང་ བསླབ་པ་མཚུངས་པར་འགྱུར་བ་དང༌། ཉེས་སྤྱོད་ཀྱི་ས་བོན་ཐམས་ཅད་སྤངས་པའི་ཡེ་ཤེས་གཙང་མ་འཐོབ་པ་དང༌། རྒྱན་གཞན་ནི་ཧ་ཅང་གཞོན་པ་དང་ཧ་ཅང་རྒན་པ་ལ་བཏགས་ན་འཕྱས་ཀྱི་གནས་སུ་འགྱུར་བས་མི་མཛེས་ཀྱང༌། ཚུལ་ཁྲིམས་ཀྱི་རྒྱན་ནི་རྒན་གཞོན་བར་མ་སུ་ལ་ལྡན་ཡང་ཐམས་ཅད་དགའ་བ་བསྐྱེད་པས་རྒྱན་གྱི་མཆོག་དང༌། དྲི་བཟང་གཞན་ནི་རྫི་ཕྱོགས་སུ་འགྲོ་བ་ལས་གཞན་དུ་མ་ཡིན་པའི་ཕྱོགས་རེ་བ་ཡིན་ལ། ཚུལ་ཁྲིམས་ཀྱི་གྲགས་པའི་དྲི་ནི་ཕྱོགས་ཐམས་ཅད་དུ་འགྲོ་བ་དང༌། ཚ་གདུང་སེལ་བའི་ཙནྡན་ལ་སོགས་པའི་ལྡེ་གུའི་བྱུག་པ་ནི་རབ་ཏུ་བྱུང་བ་ལ་འགལ་ཡང༌། ཉོན་མོངས་པའི་ཚ་གདུང་སྐྱོབ་པའི་བྱུག་པ་ནི་རབ་ཏུ་བྱུང་བ་ལ་མི་འགལ་ཞིང་མཐུན་པ་དང༌། རབ་བྱུང་གི་རྟགས་ཙམ་ལྡན་པར་འདྲ་ཡང་ཚུལ་ཁྲིམས་ཀྱི་ནོར་དང་ལྡན་པ་ནི་གཞན་ལས་ཕུལ་དུ་བྱུང་བ་དང༌། གཅམ་གསག་གི་ཚིག་མ་བརྗོད་ཅིང་འབད་རྩོལ་གྱི་ཚེགས་ལ་མ་བརྟེན་པར་ཉེ་བར་མཁོ་བའི་ལོངས་སྤྱོད་ངང་གིས་འདུ་བ་དང༌། དྲག་པོའི་ལས་ཀྱིས་མ་བསྡིགས་པར་སྐྱེ་བོ་ཀུན་འདུད་པ་དང༌། རང་གི་གཉེན་ལ་སོགས་པའི་རིགས་སུ་སྨོས་སུ་མེད་པ་དང༌། སྔར་ཕན་མ་བཏགས་པ་དང་ངོ་མི་ཤེས་པའི་སྐྱེ་བོ་རྣམས་ཀྱང་ངང་གིས་བྱམས་པ་དང༌། རྐང་ པའི་རྗེས་ཀྱི་ས་རྡུལ་ཡང་ལྷ་དང་མི་རྣམས་ཀྱི་སྤྱི་བོས་གཏུག་ཅིང་ཐོབ་པ་རྣམས་ མཆོད་པའི་ཞིང་དུ་འཁྱེར་བའི་ཕན་ཡོན་སོགས་མདོ་ཕར་ཕྱིན་བསྡུས་པ་ལས་རྒྱ་ཆེར་ བསྟན་པ་ལྟར། འདུལ་བའི་བསྟན་པ་ནི་སྟོན་པའི་ཆོས་ཀྱི་གཞིའམ་རྩ་བ་དམ་པ་ལགས་ཏེ། ཤིན་ཏུའང་གཅེས་པར་འཛིན་པའི་གནས་སོ། །
བསླབ་ པ་རིན་པོ་ཆེ་འདི་ཉིད་བླངས་ནས་འཆལ་བ་ནི་ཉེས་པ་ཐམས་ཅད་ཀྱི་སྒོ་འབྱེད་པ་ཡིན་ལ། དེའི་རྣམ་སྨིན་ཤིན་ཏུ་ལྕི་བ་ཡིན་ཏེ། ཆོས་བསྒྲགས་ཀྱི་མདོར། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་བ་འབུམ་ཕྲག་བརྒྱ་ཡིན་བར་དུ་རིགས་དང་བྲལ་ ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་དང༌། འདུལ་བ་ལུང་དུ་ཚུལ་ཁྲིམས་མ་བསྲུངས་པའི་ཉེས་དམིགས་བཅུ་གསུངས་པའི་ནང་ཚན་དུ། དམ་ཆོས་ཐོས་པར་མི་འགྱུར་ལ། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་སོགས་གསུངས་ཤིང༌། ལྟུང་བ་ཆུང་ངུས་ཀྱང་ཉེས་ལྟུང་ཆེན་པོ་བསྐྱེད་པས་ན་བཅས་མཚམས་ཕྲ་མོ་ཚུན་ཆད་ནས་ ཕྲ་ཞིང་ཕྲ་བ་བསྲུང་དགོས་ཏེ། ལུང་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལ་རྒྱལ་པོའི་ཚིག་ཆེན་པོ། །ལན་འགའ་འདས་ནའང་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་ཤིང༌། མདོར་ན་ཕམ་ལྷག་སྦོམ་པོ་ལྟུང་བྱེད་སོར་བཤགས་ཉེས་བྱས་རྣམས་ལས་འདས་ན་རིམ་པར་ཚ་ བའི་དམྱལ་བ་ནས་ཡང་སོས་ཀྱི་བར་དུ་སྐྱེ་བར་མདོ་ལས་བཤད་དོ། །ཚུལ་ཁྲིམས་དང་ལྡན་པ་ནི། ཐེག་པ་མཐའ་དག་གི་ལུང་རྟོགས་ཡོན་ཏན་ཀུན་གྱི་གཞི་དང་གོང་དུ་འཕེལ་བའི་རྐྱེན། ཆོས་དཀར་མཐའ་དག་སྐྱེད་པར་བྱེད་པ་ཡིན་ཏེ། ཆོས་བསྒྲགས་ཀྱི་མདོར། ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །སོགས་ཀྱིས་རྒྱས་པར་བསྟན་ལ། ས་གའི་ལྷས། རབ་བསྔགས་ནོར་ནི་ཕུན་ཚོགས་ཤིང༌། །ལྷ་ཡི་ཁང་བཟང་དམ་པར་སྐྱེ། །ཏིང་ངེ་འཛིན་དང་ངེས་འབྱུང་ཐོབ། །ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །ཞེས་དང༌། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། །ཚུལ་ཁྲིམས་བསླབ་པར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང༌། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་སོགས་གསུངས་སོ། །
མདོར་ ན་སྔོན་བསྟན་པ་དར་བའི་དུས་སུ་ལོ་དཔག་ཏུ་མེད་པར་བསླབ་གཞི་ཡོངས་སུ་རྫོགས་པའི་ ཚུལ་ཁྲིམས་རྣམ་པར་དག་པ་བསྲུངས་པ་ལས། ད་ལྟ་བསྟན་པ་ནུབ་པ་ལ་ཉེ་བ་འདི་ལྟ་བའི་དུས་སུ་ཉིན་ཞག་གཅིག་གི་བར་དུ་བསླབ་ གཞི་གཅིག་ཙམ་ཞིག་བསྲུངས་པ་ཕན་ཡོན་ཆེ་བར་གསུངས་ཏེ། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པས་མཚོན་ཐེག་པ་ཆེན་ཆུང་གི་མདོ་དང་བསྟན་བཅོས་དུ་མའི་དགོངས་པ་ གཅིག་དང་དབྱངས་གཅིག་གིས་ལན་གཅིག་ཙམ་མིན་པར་ཡང་ཡང་གསུངས་པས། དེས་ན་ཐར་པ་འདོད་པ་རྣམས་ཀྱིས་སོ་སོར་ཐར་པའི་བསླབ་པ་རིན་པོ་ཆེ་འདི་ཉིད་ལ་ནན་ ཏན་དུ་བརྩོན་པར་རིགས་སོ།།
ཆོས་ ཕུང་བརྒྱད་ཁྲི་བཞི་སྟོང་སོགས་རྒྱལ་བས་ཇི་སྐད་ཅིག་གསུངས་པ་མ་ལུས་གང་ཟག་གཅིག་ འཚང་རྒྱ་བའི་ཆ་རྐྱེན་དུ་གོ་ཞིང༌། དེ་ཐམས་ཅད་ཀྱི་རྩ་བ་ཡང་དམ་ཆོས་འདུལ་བའི་ཚུལ་ལ་ཐུག་པས་དེས་ན། ཐུབ་པ་མཆོག་གིས་ལུང་ཞུ་བ་དང་གླེང་གཞི་ལས། ཇི་སྲིད་དུ་འདུལ་བའི་ལས་ཀྱང་ཡོད། ནན་ཏན་དུ་ཡོད་ན་སངས་རྒྱས་ཀྱི་བསྟན་པ་ཡོད་པ་དང༌། ལས་ཀྱང་མེད་ནན་ཏན་ཀྱང་མེད་ན་སངས་རྒྱས་ཀྱི་བསྟན་པ་མེད་པ་གསུངས་པ་དང༌། ཚུལ་འདི་འགྲོ་བའི་བདེ་སྐྱིད་གང་ལས་འབྱུང་བའི་རྩ་བའང་ཡིན་པས་ན་ཐུབ་པ་མཆོག་ གིས་སྐུ་འཚོ་ཞིང་བཞུགས་པའི་དུས་ནས་ཀྱང་འདུལ་བའི་བསྟན་པ་འདི་འགྲོ་བའི་ཕན་ བདེ་རྩ་ལག་དམ་པ་ཡིན་པས་གནས་བརྟན་ཆེན་པོ་བཅུ་དྲུག་ལ། ང་མྱ་ངན་ལས་འདས་པའི་འོག་ཏུ་འདི་ཉིད་ཡུན་རིང་དུ་འཛིན་སྐྱོང་སྤེལ་གསུམ་དགོས་ པའི་བཀའ་ནན་ཏན་གྱིས་གནང་བ་ཚུལ་མདོ་སྡེ་ལས་འབྱུང་ཞིང༌། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་དང༌། ཕར་ཕྱིན་བསྡུས་པ་ལས། ལྷ་རྫས་དགའ་རྒྱུ་མི་ཡི་ལོངས་སྤྱོད་དང༌། །བདེ་མཆོག་རོ་མཆོག་ལྷ་ཡི་ཕུན་སུམ་ཚོགས། །ཚུལ་ཁྲིམས་རྒྱུས་བྱུང་ཅི་ཞིག་ངོ་མཚར་ཆེ། །སངས་རྒྱས་ཆོས་རྣམས་དེ་ལས་བྱུང་བ་ལྟོས། །ཞེས་དང༌། སློབ་ དཔོན་དཔའ་བོས། ཚུལ་ཁྲིམས་དེ་ནི་ཁྱད་པར་ཐོབ་བའི་ལམ། སྙིང་རྗེའི་བག་ཅན་རྣམས་དང་མཉམ་པར་སྒྲུབ། །ཡེ་ཤེས་གཙང་མ་ཕུལ་གྱི་རང་བཞིན་ཏེ། །སྐྱོན་བྲལ་རྒྱན་དུ་གྱུར་པ་མཆོག་ཅེས་བྱ། །ཁམས་གསུམ་ཀུན་ཏུ་ཡིད་འོང་དྲི་བསུང་སྟེ། །རབ་ཏུ་བྱུང་དང་མི་འགལ་བྱུག་པ་ཡིན། །ཆ་ལུགས་མཐུན་ཡང་ཚུལ་ཁྲིམས་ལྡན་གྱུར་ན། །མི་ཡི་ནང་ན་དེ་ནི་འཕགས་པར་འགྱུར། །ཞེས་དང༌། ཡང་དེ་ཉིད་ལས། རྐང་པས་བཀྲ་ཤིས་གྱུར་པའི་རྡུལ་དག་ཀྱང༌། །སྤྱི་གཙུག་དམ་པས་བླངས་ཤིང་ལྷ་དང་མིས། །ཕྱག་འཚལ་མགོས་གཏུགས་ཐོབ་པ་ཀུན་ཏུ་འཁྱེར། །དེ་ཕྱིར་ཚུལ་ཁྲིམས་དང་ལྡན་རིགས་མཆོག་ཡིན། །ཞེས་ཚུལ་ཁྲིམས་དང་ལྡན་ན་མཐའ་ན་རྐང་རྗེས་ཀྱི་སའི་རྡུལ་ཡང་ལྷ་མི་ལ་སོགས་པའི་ སྐྱེ་བོ་རྣམས་ཀྱིས་མཆོད་པའི་གནས་སུ་འགྱུར་བ་ཡང་གསུངས་པ་དང༌། སུམ་བརྒྱ་པ་ལས། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། ཞེས་དང༌། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། ། ཞེས། སྤོང་བྱ་སྤོང་བའི་བྱེད་ལས་དང༌། གཞན་ཡང་དེ་ཉིད་ལས། གནས་སྐབས་སུ་ལྷ་མིའི་དཔལ་འབྱོར་ཐོབ་པ་དང༌། མཐར་ ཐུག་ཏུ་རྫོགས་པའི་བྱང་ཆུབ་འཐོབ་པ་སྟེ། ཞེས་སོགས་དང༌། འདུལ་བ་རྒྱ་མཚོའི་སྙིང་པོར། གནས་སྐབས་འབྲས་བུ་ལྷ་མི་དང༌། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །འཐོབ་པར་འགྱུར་ཞེས་གསུང་པས་ན། །བརྩོན་ལྡན་རྣམས་ཀྱིས་སོ་སོར་ཐར། །རྟག་ཏུ་གུས་པས་འབད་དེ་སྲུངས། །ཞེས་གསུངས་སོ། །
བོད་ དུའང་སྔོན་མཁས་སློབ་ཆོས་གསུམ་སོགས་ཀྱིས་དམ་ཆོས་འདུལ་བ་སྤེལ་བ་འདི་གནད་ཆེ་བ་ གཟིགས་ཚུལ་ཡང་བསྟན་པའི་ནང་མཛད་དམ་པ་ཡིན་པའི་རྒྱུ་མཚན་ལ་ཐུགས་པས། ཐང་ཡིག་ཆེན་མོ་ལས་ཀྱང༌། བོ་དྷི་ས་ཏྭ་བསྟན་པའི་གཞི་མ་ཡིན། །དགེ་འདུན་མེད་ན་སངས་རྒྱས་བསྟན་པ་མེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །ཞེས་གསུངས་པ་དང༌། བསྟན་པའི་མེ་རོ་གསོ་བྱེད་ཆེན་པོ་དམར་གཡོ་གཙང་གསུམ་གྱིས་ཀྱང་སྔོན་དབུས་ ཕྱོགས་ནས་ཁམས་ཕྱོགས་སུ་ཕེབས་པའི་ཚེ་བོད་ཏུ་གླེགས་བམ་ཇི་སྙེད་ཅིག་ཡོད་པའི་ ཁྲོད་ནས་ཀ་མ་ཤ་ཏམ་སོགས་འདུལ་བའི་གླེགས་བམ་ཁོ་ན་དྲེལ་ཁལ་གཅིག་དྲངས་ཀྱི་གསུང་ རབ་གཞན་མ་དྲངས་པ་ཡང་སངས་རྒྱས་ཀྱི་བསྟན་པའི་རྩ་བ་དམ་ཆོས་འདུལ་བ་ལ་ཐུག་པའི་ རྒྱུ་མཚན་གྱིས་ཡིན་ལ། ཀུན་མཁྱེན་ཀློང་ཆེན་པའི་མན་ངག་མཛོད་ལས་ཀྱང༌། བསྟན་པའི་རྩ་བ་ཚུལ་ཁྲིམས་ཤེས་པ་དང༌། །ངན་སོང་སྣ་ཁྲིད་སྡིག་པར་ཤེས་པ་དང༌། །སྲུང་སྡོམ་མེད་ན་ཆོས་རྩ་རུལ་བ་དང༌། །ཡོན་ཏན་ཀུན་གྱི་རྟེན་དུ་ཤེས་པ་དང༌། །མཐོ་རིས་འཛེགས་པའི་སྐས་སུ་ཤེས་པ་དང༌། །ཐར་པར་བགྲོད་པའི་བཞོན་པར་ཤེས་པ་དང༌། །ཁྲིམས་གཙང་བསྲུང་ལ་གཅེས་སྤྲས་ནན་ཏན་བྱ། །ཞེས་གསུངས་པས་མཚོན་གསང་སྔགས་སྔ་འགྱུར་བ་དག་གིས་ཀུན་མཁྱེན་ཞི་བ་འཚོ་ནས་ བཟུང་འདི་ཉིད་གཅེས་སུ་འཛིན་པའི་ཚུལ་འགོང་ཆེ་ལ། བཀའ་གདམས་གོང་མ་པོ་ཏོ་བ་དང༌། གླང་ཤར་གཉིས་སོགས་ཀྱིས་ཀྱང་བསྟན་པའི་ནང་མཛོད་དམ་པ་འདི་ལ་ཤིན་ཏུ་གཅེས་སྤྲས་ མཛད་པའི་རྒྱུ་མཚན་ཡང་བསྟན་པའི་རྩ་བ་འདི་ལ་ཐུགས་པའི་རྒྱུ་མཚན་གྱིས་ཡིན་ཞིང༌། སྔོན་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་མཆོག་གིས་ཀྱང་ཐུགས་སྲས་རས་པ་མང་དུ་བྱུང་ པའི་ཁྲོད་ནས་དྭགས་པོ་ལྷ་རྗེ་རིན་པོ་ཆེ་སྐུ་མདུན་དུ་བྱུང་བར་ང་མི་རྒན་གྱིས་ ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་སོ་ཞེས་དང༌། རང་སེམས་གྱོང་པོ་འདུལ་ན་འདུལ་བ་ཡིན། ། ཞེས་སོགས་གསུངས་ཤིང་ཐུགས་ཧ་ཅང་མཉེས་པོ་གནང་བའི་ཚུལ་འདི་ཡང་རྒྱལ་བའི་བསྟན་ པའི་ནང་མཛོད་དམ་ཆོས་འདུལ་བ་ལ་ཐུག་པ་དྲི་མེད་ཆོས་སྤྱན་ཡངས་པོས་གཟིགས་པའི་ རྒྱུ་མཚན་གྱིས་ཡིན་ལ། མི་ལའི་ཐུགས་སྲས་མཉམ་མེད་དྭགས་པོའི་ལམ་རིམ་ཐར་རྒྱན་ལས། ཚུལ་ཁྲིམས་དང་མི་ལྡན་ན་ཁམས་གསུམ་འཁོར་བ་ལས་མི་ཐར་རོ། །སངས་རྒྱས་ཀྱི་ལམ་མི་ཚང་བས་བླ་མེད་ཀྱི་བྱང་ཆུབ་མི་ཐོབ་བོ། །དེ་དག་ལས་བཟློག་སྟེ་ཚུལ་ཁྲིམས་དང་ལྡན་ན་ལུས་ཕུན་སུམ་ཚོགས་པ་ཐོབ་བོ། །ཚུལ་ཁྲིམས་དང་ལྡན་ན་བདེ་ལེགས་ཐམས་ཅད་ཀྱི་གཞི་ཐིངས་པ་ཡིན་ནོ། །ཞིང་ས་གཤིན་པ་དང་འདྲ་སྟེ་དེ་ལ་བརྟེན་ནས་ཡོན་ཏན་གྱི་ལོ་ཐོག་ཐམས་ཅད་འཕེལ་བར་ འགྱུར་བ་ཡིན་ནོ། །ཞེས་དང༌། ས་ཆེན་གྲགས་པ་རྒྱལ་མཚན་གྱིས། ཐོག་མར་ཚུལ་ཁྲིམས་བཤད་ཙ་ན། །མཐོ་རིས་སྒྲུབ་པའི་རྩ་བ་ཅན། །ཐར་པ་སྒྲུབ་པའི་ཐེམ་སྐས་ཅན། །སྡུག་བསྔལ་སྤོང་བའི་གཉེན་པོ་ཅན། །ཚུལ་ཁྲིམས་མེད་ཐབས་མི་འདུག་སྟེ། །ཞེས་དཔལ་ས་སྐྱ་པཎ་ཆེན་ཁུ་དབོན་སོགས་ཀྱིས་ཀྱང་བསྟན་པའི་ནང་མཛོད་འདི་ཤིན་ཏུ་ གཅེས་པས་འདུལ་བའི་བསྟན་པ་ཕྱོགས་མཚམས་མཐའ་དབུས་ཀུན་ཏུ་སྤེལ་བའི་རྒྱུ་མཚན་ཡང་ གོང་ཞུས་ལྟར་ལགས་ཏེ། བཀའ་གདམས་གསར་མར་གྲགས་པ་རི་བོ་དགེ་ལྡན་པའི་སྲོལ་གཏོད་འཇམ་མགོན་ཙོང་ཁ་ཆེན་ པོས་ཀྱང༌། ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱི་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བླངས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་ཤིང༌། མདོར་ན་གངས་ཅན་པའི་སྔོན་བྱོན་མཁས་གྲུབ་དམ་པ་ཀུན་གྱིས་འདི་ཉིད་ལ་ནན་ཏན་དཔག་ ཏུ་མེད་པ་མཛད་པའི་དྲིན་ལ་བརྟེན་ནས་ཀྱང་དེང་སང་གི་བར་དུ་དམ་ཆོས་འདུལ་བ་འདི་ འཇིག་རྟེན་ཐུན་མོང་སྣང་ངོ་ལའང་བསྟན་པའི་ནང་མཛོད་དམ་པ་རུ་བཞུགས་པ་ཡིན་པ་ མཐོང་ཆོས་སུ་གྱུར་པ་ཕྱི་གཙང་བ། ནང་གཙང་བ། བརྟག་ཐུབ་པ། ལས་འབྲས་དང་མཐུན་པ་འདི་བྱུང་པ་དང༌། འདི་ལ་ནན་ཏན་དཔག་མེད་མཛད་པའི་རྒྱུ་མཚན་ཡང་སངས་རྒྱས་ཀྱི་བསྟན་པའི་རྩ་བ་འདི་ ཉིད་ཡིན་པའི་རྒྱུ་མཚན་འདི་ཉིད་ལ་ཐུག་པ་ཡིན་ནོ། དེའི་ཕྱིར་རྒྱལ་དབང་ཐམས་ཅད་མཁྱེན་པས་ཀྱང་འདུལ་བའི་བསྟན་པ་འདི་ཉིད་ལས་འབྲས་ དང་མཐུན་ཞིང་བསྟན་པའི་རྩ་བར་གྱུར་པས་འདི་ཉིད་དང་འགལ་མེད་ཐུགས་ཉམས་སུ་བསྟར་ ཞིང་འཛམ་གླིང་ཐུན་མོང་བའི་དགོས་འདོད་ཀྱི་ནོར་བུ་གྱུར་པ་དང༌། དེས་ན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་ལ་ཆོས་ཟབ་མོ་གཞན་ཐུགས་ཉམས་སུ་བསྟར་རྒྱུའི་ འཕང་པ་མེད་ཀྱང་འདི་ཉིད་གཞི་རྩར་བཟུང་སྟེ་འདུལ་བ་ཀ་རུ་ཀ་ནས་བཟུང་གསང་སྔགས་ བླ་མེད་གྱི་བར་དུ་འགལ་མེད་ཉམས་སུ་བསྟར་ན་གདུལ་བྱ་ཐུན་མོང་བ་ནས་ཟུང་འཇུག་ ཚིག་དབང་གི་བརྡ་སྤྲད་ཡུལ་གྱི་ཐུན་མོང་མིན་པའི་གདུལ་བྱའི་བར་དུ་མཛད་པ་དང་ འཕྲིན་ལས་རྒྱས་བ་གསུང་རབ་ནས་འབྱུང་བ་དང་མཐུན་པར་གཟིགས་པས་ན། གསུམ་ལྡན་རྡོ་རྗེ་འཛིན་པའི་དགེ་སློང་གི་རྟེན་དུ་བཞུགས་པ་འདི་ལགས་ཤིང༌། ཚུལ་འདི་ནི་བདེ་བ་གཤེགས་པའི་གསུང་རབ་འབྱམས་ཀླས་པར་མཐོང་བ་དང་ཐོས་པས་རྒྱུད་ ཕྱུག་པའི་མཁས་པ་དང་གྲུབ་པའི་སྐྱེས་བོ་དམ་ཀུན་ཐུགས་ཡིད་ཅིག་ཅར་འཕྲོག་པའི་ངོ་ མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ཆེན་པོ་ལགས་ཏེ། དེང་གི་ཆར་ཛམྦུ་ནཱ་དའི་ལྷོ་གླིང་ཁྱོན་འདིར་དྲེགས་པའི་ཆེ་རྒུ་ཀུན་གྱི་དབུས་ ན་གསེར་རིའི་དབུས་ན་ལྷུན་པོ་དང༌། རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན་ཁྱད་དུ་འཕགས་ཤིང༌། བདེ་བར་གཤེགས་པའི་བསྟན་ལ་སྟོན་པ་རང་ཉིད་དངོས་སུ་བྱོན་ཀྱང་བསྒྲུན་པ་དཀའ་བའི་ རྣམ་པར་ཐར་པ་རྨད་དུ་བྱུང་བའི་སྒྱུ་འཕྲུལ་གྱིས་མཛད་པ་རྒྱ་མཚོ་ལས་ཟབ་ཅིང་ འཕྲིན་ལས་ནམ་མཁའ་ལས་ཡངས་པ་མཐོང་ཆོས་སུ་ཡོད་པ་འདི་ཡང༌། འཇམ་མགོན་ཙོང་ཁ་ཆེན་པོས། སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱི་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །ཅེས་གསུངས་པ་དང་མཐུན་པར་སྟོན་པའི་ནང་མཛོད་དམ་ཆོས་འདུལ་བའི་སྙིང་པོ་སོ་སོར་ ཐར་པའི་བསླབ་པ་རིན་པོ་ཆེ་ལ་གཅེས་པ་འཛིན་པ་འདི་ཁོ་ན་ལས་བྱུང་བ་གོང་དུ་བཤད་ པའི་རྒྱུ་མཚན་དག་ལས་གསལ་བར་ཤེས་ནུས་སོ།།
མཐའ་དག་འགྲོ་བའི་བདེ་སྐྱིད་འབྱུང་བའི་གཏེར།།
བདེ་གཤེགས་བསྟན་པའི་རྩ་བ་འཛིན་པའི་གཞི།།
སྟོན་དང་བསྟན་པ་གཉིས་ཀྱི་གཞི་མཐུན་པ།།
ཨེ་མ་དམ་ཆོས་འདུལ་བའི་ཆོས་ཚུལ་བསྔགས།།
སྟོང་གསུམ་བསམ་འཕེལ་ནོར་བུས་བསྐངས་བྱས་ཀྱང༌།།
ཆ་ཡི་ཆ་ཙམ་བསྒྲུན་པ་མི་ནུས་པའའི།།
ཆོས་ཚུལ་འདི་ཉིད་ཚུལ་བཞིན་འཛིན་པ་དག།
ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་དུ་འོས།།ཞེས་ཀྱང་སྨྲས་སོ། །
དྲ་བདག་རྣམ་པས་རྩོམ་ཡིག་འདིའི་ཡིག་གཟུགས་ཆེ་ཆུང་ལ་བཟོ་བཅོས་ཤིག་གནང་རོགས།