གནམ་ལྕགས་ནས།
ཉེ་སྔོན་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་བསྒྱུར་རྒྱུའི་འཆར་གཞི་ཕུལ་བ་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་སུའང་བཙན་བྱོལ་བོད་གཞུང་ཞེས་པའི་ཚབ་ཏུ་མིང་གསར་པ་ཞིག་འཇུག་དགོས་མིན་ཐད་བགྲོ་གླེང་མང་པོ་བྱུང་ཡོད་ལ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་འཕར་མའི་ཐོག་དངོས་སུ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་བ་རེད། དོན་དངོས་ཐོག་ད་ཆ་ང་ཚོས་བོད་གཞུང་ཞེས་པའི་ཚབ་ཏུ་མིང་གསར་བ་གཞན་ག་རེ་བཅུག་ན་མ་བཅུག་ན་དོན་གྱིས་བཙན་བྱོལ་བོད་མི་འབུམ་གཅིག་ཙམ་ཡོད་པ་འདི་ཁོ་ནའི་སྐྱིད་སྡུག་གམ་སྒྲིག་འཛུགས་ཙམ་གྱི་ངོ་བོར་གྱུར་ཟིན་པ་རེད། ཀྱེ་མ་ཀྱེ་ཧུད། འུ་ཅག་བོད་པ་ཚང་འདི་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་བར་ལ་ཚུད་པས། ཕྱོགས་གཉིས་ནས་ཤེད་ཤུགས་ཀྱིས་བཙིར་གིན་བཙིར་གིན་ཇེ་ཆུང་ནས་ཇེ་ཆུང་དང་ཇེ་གཉོམ་ནས་ཇེ་གཉོམ་རེད། ད་ལོ་ནས་བོད་མི་མང་གིས་ཁྲིམས་ལུགས་ཆེད་མཁས་པ་གཞོན་སྐྱེས་ཤིག་བཀའ་ཁྲིར་ཐད་ཀར་བདམས་ཐོན་བྱུང་བ་དེ་ཡར་རྒྱས་ཀྱི་རྣམ་པ་ཞིག་དང་དམངས་གཙོ་ཡང་དག་པར་གྱུར་བའི་དགོངས་ཚུལ་འདོན་མཁན་མང་ཡང་། དོན་དུ་ད་རེས་ཀྱི་བཀའ་བློན་ཁྲི་བ་ནི་བོད་མི་ས་ཡ་དྲུག་གི་བཀའ་ཁྲིའམ་སྲིད་འཛིན་དེ་མིན་པར་དེ་ལས་ལྡོག་སྟེ་བཙན་བྱོལ་བོད་མི་འབུམ་གཅིག་ཙམ་གྱི་སྒྲིག་འཛུགས་ཤིག་གི་ཚོགས་གཙོར་གྱུར་པ་རེད། སྡུག་ས་ནས་ཞུས་ན་ང་ཚོའི་སྒྲིག་འཛུགས་འདིི་ཀྲུང་གོའི་ཕྱི་སྡོད་བོད་རིགས་ཚོགས་པ་ཙམ་ཆགས་ཟིན། ཚོགས་པའི་མངོན་འདོད་ཀྱང་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་ཚད་ལྡན་ཞིག་ཐོབ་རྒྱུ་དེ་ཡིན་ལ། ཅུང་དམིགས་བསལ་ཞིག་ཡོད་པ་ནི། ད་ལྟ་ཞིང་ལྗོངས་ལྔའི་ནང་ཆ་བགོས་བྱས་ཡོད་པའི་བོད་ས་ཡོངས་རྫོགས་ཟླ་སྒྲིལ་རྒྱུ་དེ་རེད། དེ་ནི་ང་ཚོའི་ཆ་རྐྱེན་ཆེས་དམའ་ཤོས་དེའང་རེད། ཡིན་ནའང་རྒྱ་ནག་གིས་ད་དུང་ཏ་ལའི་ཁ་བྲལ་ཤོག་ཁག་གི་ ཕྱེད་ རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་སོགས་བསྙད་འདོགས་སྣ་ཚོགས་ཀྱིས་གཡོལ་ཐབས་ཁོ་ན་བྱེད། ཉེ་ལམ་ནས་གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་རྩིས་སྤྲོད་དང་མི་མང་གིས་ཐད་ཀར་འོས་འདེམས་ཀྱི་ལམ་ནས་བློ་བཟང་སེང་གེ་བཀའ་ཁྲིར་བདམས་ཀྱང་། གུང་ཁྲན་སྲིད་གཞུང་གིས་ད་དུང་འཇིགས་སྐུལ་དྲག་སྤྱོད་པ་དང་ཁ་བྲལ་རིང་ལུགས་པ་ཞིག་བདམས་ཡོད་ལུགས་བཤད་ནས་མི་འདོད་པའི་རྣམ་འགྱུར་སྣ་ཚོགས་སྟོན་ལུགས་ལ་བལྟས་ན་མི་རིགས་ས་གནས་རང་སྐྱོང་ཞེས་པའི་ཆ་རྐྱེན་འདིའང་མཐོ་དྲགས་པ་འདྲ། མི་འགྱངས་པར་ང་ཚོ་ད་དུང་གོམ་པ་གང་མར་བབས་ནས་ཆོལ་ཁ་རེ་ལ་མངའ་སྡེ་རེ་བཟོ་རོགས་ཞེས་ཟེར་དགོས་པ་འམ། ཡང་ན་བློ་བཟང་སེང་གེ་མར་ཕབ། གཞོན་ནུའི་སྒྲིག་འཛུགས་མེད་པ་བཟོས་ནས་ད་ང་ཚོ་ལ་དྲག་སྤྱོད་པ་མེད། ང་ཚོས་ཁ་བྲལ་རྩོད་ཀྱི་མེད། ང་ཚོ་སླར་རང་ཡུལ་དུ་ལོག་ཆོག་པ་གནང་རོགས་ཞེས་ཞུ་བ་འབུལ་དགོས་པའི་དུས་ལ་སླེབས་པ་འདྲ།
ཕྱོགས་གཞན་ཞིག་ནས་བལྟས་ན་བཀའ་ཁྲིའི་འོས་འདེམས་ཐད་ད་ལོར་བོད་མི་མང་ཤོས་འདུས་སྡོད་བྱེད་སའི་རྒྱལ་ཁབ་རྒྱ་བལ་འབྲུག་གསུམ་ལས་རྒྱ་གར་དུ་མ་གཏོགས་འོས་བསྡུ་བྱེད་ཐུབ་མེད་ལ། འབྲུག་གི་གནས་ཚུལ་གསལ་བོར་མ་ཤེས་ཀྱང་། བལ་ཡུལ་ནང་འོས་འཕེན་སྐབས་འོས་སྒམ་རྣམས་བཙན་འཕྲོག་བྱས་པ་རེད། མ་འོངས་ལོ་ལྔའམ་བཅུའི་རྗེས་སུ་རྒྱ་གར་ནང་དུའང་གནས་ཚུལ་འདི་རིགས་ཏན་ཏན་འབྱུང་སྲིད་པ་ཞིག་རེད། རྒྱུ་མཚན་ནི་ད་ལོ་གོང་ས་མཆོག་གིས་སྐུ་དབང་ཡོད་ཚད་རྩིས་སྤྲོད་བྱས་པའི་གོ་སྐབས་དང་བསྟུན་ནས་བོད་གཞུང་ཞེས་པའི་མིང་འདི་བོད་མི་སུ་གང་གིས་མི་འདོད་བཞིན་དུ་བཅའ་ཁྲིམས་ཀྱིས་གནས་དབྱུང་གཏོང་དགོས་བྱུང་བ་འདི་རེད། དེ་ལྟར་བོད་གཞུང་ཞེས་པའི་ཐ་སྙད་ལ་འཇིག་རྟེན་འདི་ནས་སྤྱོད་སྒོ་མེད་པར་གྱུར་བ་ནི་མང་གཙོའི་ཀ་བ་གསུམ་གྱི་ཀ་རྡོ་ཆག་པ་སྟེ། མི་རིང་བར་མང་གཙོའི་ཀ་ཆེན་གསུམ་པོ་རེ་རེ་བཞིན་འགྱེལ་བའི་རྟགས་མཚན་ཞིག་ཀྱང་ཡིན། འོན་ཀྱང་འདི་ང་ཚོ་བོད་མི་རང་གིས་མ་འཇོན་པ་ཡིན་པས་སུ་ལའང་ཁག་དཀྲི་བྱེད་ས་མེད་སྙམ། ད་ནས་བཟུང་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའང་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པའི་ཁ་གཡང་དང་ཀུན་ནས་འདྲ་བས་ད་ང་ཚོས་བོད་རང་བཙན་ཞེས་པའི་ཚབ་ཏུ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་དང་། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ལོག་རྒྱུག་ཅེས་པའི་ཚབ་ཏུའང་བདེན་པ་ཉིད་རྒྱལ་གྱུར་ཅིག དེ་བཞིན་གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་མིའི་སྐྱིད་སྡུག་མཉམ་མྱོང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་ཡོད་ཚད་ཀྱི་ཚབ་ཏུ་དེ་ལྟར་བརྗོད་ན་འོས་པར་སྙམ། དེ་ཙམ་མ་དུ་ཟད་དུས་རྒྱུན་བོད་མི་ཕན་ཚུན་ཐུག་དུས་བཀྲ་ཤིས་བདེ་ལེགས་ཟེར་བའི་འཚམས་འདྲའི་ཚབ་ཏུའང་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་སྨྲོས་ན་གང་འདྲ་འདུག གང་ལྟར་སྔར་ཡོད་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཅེས་པའི་ཚིག་བརྗིད་ཉམས་ཅན་དེའི་ཚབ་ཏུ་རྒྱལ་ཁབ་ཀྱི་ངོ་བོ་དང་ཆེ་བ་གང་ཡང་མཚོན་མི་ནུས་པའི་སྤྱིར་བཏང་གི་སྨོན་ཚིག་འདི་འདྲ་ཞིག་བཞག་དུས་ད་ནི་ཚར་ཚར་འདུག་སྙམ་ནས་ཧ་ཅང་ཡིད་མུག་གིན་འདུག ཀྱེ་མ་ཧུད། ད་ང་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་སྲུང་སྐྱོབ་བྱེད་རྒྱུ་ཕར་བཞག བོད་མི་རིགས་ཞེས་པ་འདི་ནམ་མཁའི་འཇའ་གཟུགས་ལྟར་འཛམ་གླིང་རིལ་མོའི་སྟེང་ནས་ཡལ་འགྲོ་རྒྱུར་ཡང་དུས་ཡུན་རིང་པོ་མི་ཐོགས་པ་འདྲའོ། བདེན་པ་ཉིད་རྒྱལ་གྱུར་ཅིག
གནམ་ལྕགས་ཞུ་བ་ལགས། མིང་འདི་བདག་གིས་བེད་སྤྱོད་བཏང་ནས་ཡོངས་གྲགས་ཆགས་ཡོད་པ་ཞིག་ཡིན་ཙ་ན། སྐུ་ཉིད་ཀྱིས་བེད་སྤྱོད་གཏོང་ཆོག་པའི་དབང་ཆ་ལོས་ཡོད་ཀྱང་། ཟུར་ཙམ་ནས་དབྱེ་བ་ཏོག་ཙམ་ཡོད་པ་དགོས། དེ་མིན་འུ་གཉིས་ནོར་ངེས་པའི་ཆ་འདི་ལ། བདག་གི་བསམ་ཚུལ་ལ་ཁྱེད་ཀྱིས་འགན་འཁུར་མི་ཐུབ་པ་ནང་བཞིན་ཁྱེད་ཀྱི་བསམ་ཚུལ་ལའང་བདག་གིས་འགན་ཇི་ལྟར་ཐེག དེས་ན་འུ་གཉིས་ཀྱི་བཟང་སྤྱོད་ཀྱི་སྒོ་ནས་མིང་འདི་བེད་སྤྱོད་གཏོང་མཁན་རྗེས་མ་སྐུ་ཉིད་ཡིན་སྟབས། མིང་གི་ཟུར་ཙམ་ནས་འུ་གཉིས་ལ་དབྱེ་བ་ཏོག་ཙམ་ཡོད་པ་བྱ་རོགས། སྐུ་མཁྱེན།
ཡང་གཅིག་བཤད་ན། སྐུ་ཉིད་ཀྱི་རྩོམ་ཡིག་ལ་མཇལ་སྐབས། ཚད་ལྡན་གྱི་རྩོམ་པ་པོ་ཞིག་ཡིན་པ་སྨོས་མ་དགོས། ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་དག་གི་དགོས་ཁ་ང་ལ་དོན་མེད་དུ་སྤྲད་པ་ཞིག་ཀྱང་མ་རེད་དམ།
གནམ་ལྕགས་གཉིས་པ་ཞིག་ཡིན་པ་སེམས་ལ་དྲན་མེད། དེ་དོ་བདག་གཉིས་ཀྱིས་གསལ་ཁ་ཞིག་ཕྱེས་ན་ཡག་པོ་རེད། སྨྱུག་མིང་བེད་སྤྱོད་གཏོང་མཁན་གྱི་མི་ཞིག་དང་རྩོམ་པ་པོ་ཞིག་ལ་མཚོན་ན་མིང་འབྲེལ་གྱི་རྩོམ་ཡིག་གང་ལའང་འགན་འཁུར་དགོས་སྟབས། མིང་ངམ་སྨྱུག་མིང་ལ་དབྱེ་བ་འབྱེད་བྱེད་རེ་ཅིས་ཀྱང་འགོད་དགོས་པ་དེ་ཡིན།
དངོས་གནས་རེད། བལ་ཡུལ་ནས་འོས་སྒམ་འཕྲོགས་པའི་ཉིན་མོ་དེར་ང་དང་གཙང་ཞོལ་བ་གཉིས་ཀྱིས་ཀྱང་དེའི་སྐོར་ནས་གླེང་བ་ཡིན། ཉིན་མ་ཞིག་ལ་རྒྱ་གར་དུ་ཡང་གནས་ཚུལ་འདི་མི་འབྱུང་བའི་ངེས་པ་གཏན་ནས་མེད་པས་སྔོན་འགོག་ཡག་པོ་བྱ་དགོས་ཚོད་འདུག
སྐུ་ཞབས་ལྷ་ཆབ་ལགས་སུ་ཐུགས་ཁག་མེད་པའི་དགོངས་སེལ་དང་སྦྲགས་ངའི་མིང་བསྒྱུར་རྒྱུ་ཡིན་སྐོར་ད་ལྟ་རང་སྐུ་ཉིད་ཀྱི་གསལ་བཤད་ཀྱི་མཇུག་དུ་ཞུས་ཟིན་པ་དེ་ལྟར་ད་ནས་བཟུང་གནམ་ལྕགས་གཉིས་པ་ཤི་བར་རྩི་རོགས། དེ་བཞིན་དྲ་གྲོགས་དང་ཀློག་མཁན་ཚང་མ་ལའང་དགོངས་སེལ་ཞུ་རྒྱུ་ཡིན།
ད་ལྟ་བདེན་པ་ཉིད་རྒྱལ་གྱུར་ཅིག ཅེས་པའི་སྐབས་སུ་གང་འདྲ་ཞིག་ལ་གོ་བ་ལེན་དགོས། བོད་རང་བཙན་རྒྱལ་ཁབ་ཡིན་པ་རྫུན་པར་། སྒྲིག་འཛུགས་ཉིད་རྒྱལ་གྱུར་ཅིག ཧ་ཧ་ཧ
ད་སྐབས་བཙན་བྱོལ་བོད་གཞུང་ཞེས་པའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཅེས་བསྒྱུར་དགོས་བྱུང་བ་འདི་ནི་ཧ་ཅིང་སྐྱོ་འོས་པས་གནས་ཞིག་རེད། མ་འོང་པར་མི་རིང་བར་བོད་ཞེས་ཚིག་འདི་བསྒྱུར་དགོས་ཐུག་ངེས་རེད། ཨ་ཧ་ཧ