ས་འཛིན་དཀར་པོ།
བདེན་པའི་དར་ཆ་ཡར་ཐོད་འགྲེང་ནས་ལྗིད་པའི་འཕྲང་ཆེན་ལམ་ཁར་བསྐྱོད།།
ཡབ་མེས་མཁར་རྫོང་སེམས་ལ་སྒོམ་ནས་མི་རིགས་བདེའི་དོན་དཀའ་བར་སྤྱད།།
དུང་བའི་ཁྱིམ་ཚང་རྒྱབ་ཏུ་སྐྱུར་ནས་གཞིས་བྱེས་མིང་སྲིང་ལྷན་འཛོམས་བརྩོན།།
ཞུམ་མེད་དཔའ་མཛངས་རྟུལ་ཕོད་རིགས་རུས་མཐོ་སྒང་གླིང་ཚ་ཁྱོད་ལ་བརྗོད།།
ཕྱོགས་གཉིས་སྨན་པའི་རྐང་ལམ་སྐྱོད་བཞིན་འཚེ་མེད་ཞི་བའི་ཁ་གཡང་སྒྲོག།
གཅེས་པའི་སྲོག་དེ་འབེན་ལ་བཞག་ནས་ཆོལ་གསུམ་བོད་པའི་རྩ་དོན་གཞོལ།།
སྒེར་དོན་བསམ་ཤེས་ཕྲ་མོ་སྤོང་ནས་གཞན་ཕན་བྱང་སེམས་ལག་ལེན་བརྩོན།།
ཉིན་མཚན་དབྱེ་མེད་ལས་ལ་སྒྲུབ་ཀྱིན་ཁ་བའི་གླིང་ཚའི་དཔའ་མཛངས་གཡོ།།
དུང་བའི་སེམས་ཚོར་མི་རིགས་སྐྱོང་ནས་ནང་མིའི་ཁྱིམ་ཚང་རྒྱང་དུ་བཞག།
ཉིན་ཟླ་ལོ་གྲངས་བ་གམ་རྩེག་གིན་བདེན་དོན་ལུས་ཟུངས་བཅུད་དེ་བཙིར།།
ངལ་བའི་རྔུལ་ཆུའི་ཐིག་པ་རེ་ལ་གཞིས་ལུས་དཀའ་སྡུག་དུང་སེམས་འཁོར།།
མི་གཡོ་དམ་བཅའ་རྡོ་རྗེ་འཆང་བས་གངས་རིའི་གླིང་ཚ་དཔའ་རྒོད་གྲགས།།
ཡབ་མེས་བཙན་པོའི་སྙིང་སྟོབས་དེ་དང་ལྷད་མེད་མཆིས་པའི་གླིང་ཚ་བར།།
དཔའ་མཛངས་རྟུལ་ཕོད་ཁོག་ཏུ་རྒྱས་ཏེ་འཚེ་མེད་ཞི་བའི་གོམ་ཁར་བསྐྱོད།།
རང་གཞན་སྨན་པའི་དབུ་མ་འཛིན་གྱིན་མཐོ་སྒང་སྦྲ་ནག་བདེ་དོན་བསམ།།
མ་ཧཱ་གྷན་དྷིའི་བྱང་སེམས་སྐྱོང་བས་གངས་རིའི་གླིང་ཚ་རྟུལ་ཕོད་བསྔགས།།
དུས་རབས་དེ་ཡི་འགྲོས་ལ་བསྟུན་གྱིན་ཞི་བའི་གོམ་བགྲོད་གསར་གཏོད་བྱས།།
འགྱུར་བ་མེད་པའི་བདེན་དཔང་རྩོད་ཀྱིན་ཉིན་རེར་རྐང་ཤུལ་ཁྲག་ཐིག་བྲིས།།
མ་འོངས་སོན་རྩའི་འདུན་དོན་ཆེད་དུ་ལེ་དབར་སྟོང་ཕྲག་གོམ་བགྲོད་གཞོལ།།
ངལ་བའི་གཉེར་མ་སྐྱོ་གདོང་སྤོང་བཞིན་དཔའ་མཛངས་རྒྱས་པའི་གླིང་ཚ་བ།།
ཉིན་རེའི་བཟའ་བཏུང་རེག་ཙམ་བྱས་ནས་ཡབ་མེས་སྦྲ་ནག་བདེ་དོན་གཞོལ།།
མདོ་སྨད་གླིང་ཚའི་དཔའ་མཛངས་དེ་ཡིས་ཁ་བའི་བོད་པར་སེམས་ཚོར་སྟེར།།
ཡ་ཐོག་བཙན་པོའི་སྙིང་སྟོབས་དེ་ལ་འགྲན་མེད་མངའ་བའི་རྟུལ་ཕོད་གྲགས།།
ཡབ་མེས་ཕ་མཁར་དུང་བ་བཅངས་ནས་ཡབ་མེས་ཤུལ་འཛིན་ཕོ་རྒོད་མངོན།།
རྒྱལ་ཁམས་ཕྱོགས་ཀུན་བ་དན་འཕྱོ་བའི་གངས་ལྗོངས་རྟུལ་ཕོད་གླིང་ཚ་བརྗོད།།
མི་འགྱུར་སྙིང་སྟོབས་ཚེ་ལས་བརྟན་པའི་ཡབ་མེས་དཔའ་མཛངས་རྡོ་རྗེ་གྲགས།།
ཆོལ་གསུམ་བོད་པའི་བདེན་དོན་ཆེད་དུ་ཉིན་རེར་གོམ་བགྲོད་རྐང་ཤུལ་བསྐྲུན།།
ངལ་བར་འཛེམ་མེད་ཡབ་མེས་རྟུལ་ཕོད་རང་གཤིས་གངས་རིའི་གླིང་ཚ་བརྗོད།།
རང་རིགས་ལ་རྒྱའི་ལྕེ་རྩེ་ཐུང་བའི་བླ་ཆེན་ཁོ་ཡིན་ང་ཡིན་དང་། །
གཡོ་སྒྱུའི་དུག་གིས་སྙིང་ཁམས་བཟུང་བའི་གཞུང་གི་ལས་བྱེད་ཁག་ཅིག་དང་། །
ཁ་ཡིས་བཤད་པར་ལག་ལེན་མེད་པའི་མི་བུ་དག་ལ་བསྟོད་པ་ལས། །
སྙན་མོའི་ངག་གི་ཁུ་བྱུག་གླུ་ཡིས་རྒྱལ་གཅེས་ཁོང་ལ་བསྟོད་པར་འོས། །