སོག་མདའ།
བསླབ་གསུམ་ནོར་བུའི་རྒྱུད་སྡེ་ཐུགས་གཞུང་ན་འཁྱིལ་བ།།
བྱམས་སེམས་དྲོད་ཀྱི་ཉི་ཟེར་འཛུམ་གོང་ན་འཕྲོ་བས།།
དཔྱོད་ལྡན་བླ་མ་དམ་པའི་རྟོགས་བརྗོད་ཀྱི་གསེར་ཐམ།།
ས་ཡི་དཔལ་ལ་བཞེངས་ཀྱང་བདག་འདྲ་བས་རྟོགས་མིན།།
གོས་ཆེན་འབྲུག་རིས་རི་མོའི་ན་བཟའ་དེ་གཡོགས་ནས།།
རྟོགས་ལྡན་གྲུབ་དབང་མཐོན་པོའི་ཡང་སྲིད་ལ་སྤྲུལ་དེ།།
ཡོན་བདག་རྒྱུ་ནོར་རྔམས་པའི་ཤ་སྤྱང་གི་རིགས་ལ།།
ཐེར་འདོན་གནས་ལུགས་བདེན་པའི་རལ་གྲི་ནི་བསྐོར་རྒྱུ།།
འཆད་རྩོད་རྩོམ་པའི་རིག་པའི་གནས་ཆེན་ལ་བསླབས་ནས།།
དོན་གྱི་མཁས་པའི་རིང་ལུགས་རྣམ་དཔྱོད་ཀྱིས་འཁྲུངས་དེ།།
དགེ་འདུན་འདུས་པ་རྒྱ་མཚོའི་ཀློང་ཡངས་ན་རྩེན་པས།།
མཁས་པའི་གོ་འཕང་སྙེག་པའི་གྲྭ་བཙུན་འདི་དགའ་བ།།
དམར་སེར་རས་རྐྱང་ཙམ་ཞིག་སྐུ་ལུས་ལ་གཡོགས་ནས།།
རྒྱུད་ན་འདུལ་ཁྲིམས་དམ་པའི་སྡོམ་ཁྲིམས་དེ་མེད་ལ།།
གྲོང་བའི་ཁྱིམ་ན་ཁྱི་བཞིན་དུ་རྒྱུགས་པ་ཡི་རིགས་ལ།།
གསལ་བྱེད་དོན་གྱི་རྡོ་ཁའི་རང་འཐག་དེ་བསྐོར་རྒྱུ།།།
དཔྱོད་ལྡན་གོ་ས་གསེར་གྱི་ཁྲི་འཕང་ལ་བཞུགས་པ།།
དམངས་གཙོ་ཁྲིམས་ཀྱི་ཁེ་དབང་ཐོབ་ཐང་གི་ལམ་ནས།།
མང་མོས་འོས་ཀྱིས་ཐོབ་པའི་ཁྲིམས་གཙང་གི་དཔོན་་པོ།།
ས་སྟེང་འདི་ནས་སྐྱེ་བོ་མ་ལུས་པས་བཀུར་ངེས།།
རང་ལུགས་ཁྲིམས་ཀྱི་རྨང་རྡོ་མེ་མདའ་ཡི་བཟུང་ནས།།
དྲང་བདེན་རིག་པའི་གནས་ལུགས་མུན་ནག་དུ་གཡུགས་དེ།།
རང་གི་རྐུབ་སྟེགས་བརྟན་པའི་ལས་དོན་ཆེད་འབད་པ།།
མི་ཡུལ་ཇག་ཚོགས་སློག་པའི་འཕྲུལ་འཁོར་ནི་བསྐོར་རྒྱུ།།
མཛད་བཟང་ཆབ་རྒྱུན་རིན་ཆེན་བསམ་འཕེལ་གྱི་ནོར་བུ།།
དག་གཙང་སེམས་ཀྱི་སློབ་བུ་ཁྲི་ཕྲག་ཀུན་བསྐྱངས་པ།།
མ་རིག་མུན་པ་སེལ་བའི་ལམ་སྟོན་གྱི་སྒྲོན་མེ།།
སློབ་དཔོན་དམ་པ་མཆོག་ཉིད་འཇིག་རྟེན་གྱི་མིག་གཅིག །
ལྟག་སྒོའི་འཛུམ་ཆུང་རྔ་མ་ལན་དགུ་ལ་གཡུགས་ནས།།
དགེ་རྒན་གོ་གནས་ཐོབ་པའི་ཤེས་དམན་གྱི་མི་བུ།།
སློབ་བུའི་མདུན་ལམ་བརླགས་པའི་གཤེད་མ་རུ་རྒྱུ་བས།།
དྲང་བདེན་མེད་པའི་གཏམ་གྱི་མེ་སྒྱོགས་དེ་འཕེན་དགོས།།
སྲོལ་བཟང་གསེར་གྱི་སྲོག་ཤིང་རི་རབ་བཞིན་བརྟན་ཞིང་།།
ངོ་མཚར་སེམས་དཔལ་རིག་པའི་འབྲས་བཟང་གི་ལྗོན་དེ།།
ཡངས་པའི་སྐྱེ་འགྲོའི་སེམས་ཀྱི་བདེ་སྐྱིད་ཀྱི་གཞི་མ།།
ཡང་དག་དམ་ཆོས་བཅུད་བཟང་ཟེའུ་འབྲུ་ཡིས་གཏམས་ཡོད།།
དེང་རབས་རིག་དཔལ་གཞོན་ནུའི་ལང་ཚོ་ལ་འཁྲུལ་དེ།།
ཡང་དག་དམ་ཆོས་དུག་གི་སྡོང་བོ་ལྟར་དོར་ཞེས།།
རང་ལུགས་མཆོག་ཏུ་བཀུར་བའི་མི་བུ་ཡི་ཁྱུ་ལ།།
ཡིན་ལུགས་ཟབ་གསལ་ཆོས་ཀྱི་ཕྲེང་ཞགས་དེ་བསྐོར་རྒྱུ།།
ས་འཛིན་གོ་ལའི་རང་བྱུང་འདོད་འཇོ་ཡི་ཞིང་ལ།།
གཅེས་སྐྱོང་ཁོར་ཡུག་སྲུང་བའི་ཕན་བདེ་ཡི་ལམ་བཟང་།།
ས་སྟེང་འགྲོ་བ་ཀུན་གྱིས་བུ་ཕྲུག་ལྟར་གཅེས་ན།།
འབྱུང་ལྔའི་བྱེད་ལས་མཉམ་པའི་འཇིག་རྟེན་འདི་བདེ་བ།།
ས་ཆུ་གཙང་མའི་ཕ་ས་སྦགས་བཙོག་ལ་བསྒྱུར་བ།།
དགོས་འདོད་གཏེར་གྱི་བཅུད་བཟང་ཧམ་ཐོབ་ཀྱིས་བླངས་དེ།།
དུག་རླངས་དུག་གི་དྲི་ངན་མི་ཡུལ་འདིར་ཁྱབ་དུས།།
རང་ཡུལ་གོ་ལ་སྐྱོབ་པའི་སྲུང་དམག་དེ་བསྐོར་དགོས།།
དུག་གསུམ་ནད་ཀྱི་གསོ་སྨན་རིན་ཆེན་གྱི་རིལ་བུ།།
རླུང་མཁྲིས་བད་ཀན་ནད་སྤྱིའི་བྱེད་ལས་ལ་ཕན་པས།
གངས་ཅན་ཁ་བའི་གསོ་སྨན་་ལག་ལེན་གྱི་གསེར་ཐིགས།།
འཛམ་གླིང་སྐྱེ་དགུའི་ནད་གདོན་ཞུ་བྱེད་ཀྱི་མཆོག་ཡིན།།
སྒོར་ཆེད་ཁོ་ནའི་ཆེད་དུ་བཙོང་པ་ཡི་གསོ་སྨན།།
རྫས་ངན་དུག་གིས་བཟོས་པའི་བཟི་ངར་དེ་ཆེ་བས།།
འགྲོ་བར་བྱེད་པོ་ཀུན་གྱི་ལུས་སེམས་ལ་གནོད་པས།།
སྨན་རྫུན་གང་སར་མི་ཁྱབ་བརྡ་གསལ་དེ་སྟོན་དགོས།།
བཟང་སྤྱོད་ཡ་རབས་བརྩེ་བས་ཕ་མ་ལ་བྱམས་ཞིང་།།
ཐག་ཉེ་གྲོགས་དང་མི་བུ་ཀུན་པོ་ལ་མཐུན་པས།།
སྤྱོད་ཚུལ་འཇམ་ཞིང་གཤིས་སྤྱོད་རྣལ་མ་ཡི་བུ་ལ།།
དགའ་ཉེ་སྤུན་གྲོགས་ཀུན་གྱིས་དུས་ཀུན་ལ་བསྐོར་ཡོད།།
བསམ་སྤྱོད་ངན་པས་རང་གཞན་གྲོགས་ཀུན་ལ་དགྲར་འཛིན།།
མི་མཐུན་ཁྲོ་བའི་རླུང་འཚུབ་རང་ཆས་སུ་བཟུང་ནས།།
དགྲ་དགའ་རང་སྡུག་བྱེད་པའི་ཐ་ཤལ་གྱི་བུ་ལ།།
འདི་རེད་དེ་རེད་ཟེར་ནས་བསླབ་བྱ་ཡིས་གཅུན་དགོས།།
གནས་ལུགས་འདེན་པ་དོན་གྱི་ཉིང་ཁུ་རུ་བཟུང་ནས་།།
ལེགས་བཤད་གསེར་གྱི་འཕྲེང་བ་སོར་རྩེ་ནས་བསྒྲེང་ཚེ་།
གླེན་པའི་མལ་དུ་ཉལ་པའི་བསྟན་འཛིན་ནི་འོད་གསལ་་།
འདི་འདྲའི་རྩོམ་ལ་དུང་བའི་མཆན་སྟག་ཞིག་བརྒྱབ་ཡིན་་།
ཧཧཧཧཧཧཧ
རྩོམ་འདི་ཧཧཧཧཧཧཧ་འདི་འདྲིའི་ཧཧཧཧཧཧ་སྙན་པ་ལ་