ཨེ་མ་ཧོ།
ཀ་དག་ལྷུན་གྲུབ་རིག་པར་བྱང་ཆུབ་ཀྱི་སངས་རྒྱས།།
ཁ་སྦྱོར་ངེས་པ་ལྔ་ལྡན་ལོངས་སྤྱོད་ཀྱི་རྫོགས་སྐུ།།
སྣ་ཚོགས་འགྲོ་འདུལ་བྱོན་པའི་ཐབས་མཁས་ཀྱི་སྤྲུལ་སྐུ།།
དབྱེར་མེད་དྲན་པ་ནམ་མཁའ་སྙིང་དབུས་ནས་བཞད་འདུག།
ཅ་ཅོས་བྱ་བྱིའུའི་འུར་སྒྲའི་ཀུན་བཟང་གི་གླིང་ཁར།།
ཆ་མེད་ཁྱབ་པའི་བདག་ཉིད་འོད་གསལ་དུ་གནས་སྐབས།།
ཇ་ཡུན་ཙམ་དུ་སྣང་བའི་གངས་དཀར་ཀྱི་ཏི་སེ།།
ཉ་གང་ཟླ་བཞིན་དཀར་གསལ་ལྷུན་པོ་དེ་མཇལ་སོང་།།
ཏཱ་ར་སྤྱན་རས་གཟིགས་དབང་དཀྱིལ་འཁོར་གྱི་བཀོད་པ།།
ཐ་སྙེད་རིགས་པས་གཞལ་བྱའི་བློ་ཡུལ་ལས་འདས་པའི།།
ད་གཟོད་གདོད་མའི་ཕ་ཁྱིམ་གཡང་དྲུང་གི་གཏེར་མཛོད།།
ན་མོ་དངས་འདོད་མོས་པའི་དགའ་ཚལ་ཞིག་མཇལ་ཐལ།།
པ་ར་མི་ཏཱའི་ཕྱིན་དྲུག་ལམ་རིམ་གྱི་སྔོན་འགྲོ།།
ཕ་མ་གཉིས་མེད་རྒྱུད་པའི་གསང་སྔགས་ཀྱི་ཐབས་གྲོལ།།
བ་དན་རུ་དར་སྒྲེང་པའི་ལྷ་ཀླུ་དང་གཉན་རིགས།།
མ་ལུས་མངོན་སྣང་ལྟ་བུའི་རྨི་ལམ་ཞིག་རྨིས་ཐལ།།
ཙ་ར་མ་གཅོད་གང་ཤར་རང་གྲོལ་དུ་བཏང་བས།།
ཚ་གྲང་མནར་གཅོད་མེད་པའི་ཞི་བདེ་ཡི་རྒྱལ་ཁམས།།
ཛ་ཡའི་བསྟན་པ་ཇི་བཞིན་བཤད་སྒྲུབ་ཀྱི་ཕྲིན་ལས།།
ཝ་ལེར་ཚོགས་དྲུག་འཆར་བའི་བདེན་གཏན་འདི་ཤོར་ཐལ།།
ཞྭ་དཀར་ཐོར་གཙུག་མཛེས་པའི་གཉའ་ཁྲི་ནས་བཟུང་སྟེ།།
ཟ་ཧོར་མཁན་ཆེན་བརྒྱུད་པའི་དམ་ཆོས་ཀྱི་བར་ལ།།
འ་ཅག་རྩོད་གླེང་དགོས་པ་རྡུལ་ཙམ་ཞིག་མི་འདུག།
ཡ་རབས་ལྟ་སྤྱོད་མཛད་པ་ནང་བསྟན་གྱི་སྙིང་པོ།།
ར་ལྟར་གྱོང་པའི་རྣམ་རྟོག་ལོང་ཤོར་ཉིད་རྟུལ་ཞིང་།།
ལ་རྒྱའི་བསམ་སྤྱོད་གཞན་ཕན་དོན་གཉེར་ལ་བརྩོན་པས།།
ཤ་རུས་མི་གཟུགས་གྲུབ་པར་དོན་སྙིང་དང་ལྡན་ཕྱིར།།
ས་ལམ་ཡོན་ཏན་མཐའ་དག་གོང་འཕེལ་དུ་སོང་འདུག།
ཧ་ཅང་བཙུན་པའི་གོ་ཁྲབ་ལུས་ངག་ལ་གསོལ་ཞིང་།།
ཨ་ཧོ་མཁས་པའི་རྣམ་དཔྱོད་འགྲན་བྲལ་གྱི་རྒྱལ་པོ།།
ཀུན་བཟང་ཆོས་ཀྱི་རྒྱལ་ས་ཟིན་པར་ཞིག་རྨིས་ནས།།
སེམས་ལ་དགའ་བདེ་སྐྱིད་དགུའི་འོད་གསལ་ཅིག་ཤར་སོང་།།
བན་བོན་རྟོག་པའི་རྣམ་གྲངས་བདེན་མཉམ་དང་རྫུན་མཉམ།།
ངེས་དོན་བདེ་བཤེགས་སྙིང་པོའི་བསྟན་པ་ཉིད་མཇལ་ཚེ།།
འཁོར་འདས་འཁྲུལ་དག་ཐམས་ཅད་གཉུག་སེམས་ལ་ཐུག་པས།།
དྲང་དོན་ཕྱོགས་ཞེན་མདུད་པ་རང་ཞིག་ཏུ་སངས་ཐལ།།
ཞེས་པ་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་རྨི་ལམ་ཡ་མཚན་དུ་མ་རྨིས་པའི་རྐྱེན་དང་བན་བོན་གཞུང་ལུགས་རབ་འབྱམས་ལ་མཁས་པའི་ཆོས་མཆེད་དམ་པར་བགྲོ་གླེང་བྱས་པའི་རྐྱེན་ལས་ཐོལ་བྱུང་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་བྲིས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།
ཐ་སྙེད་རིགས་པས་གཞལ་བྱའི་བློ་ཡུལ་ལས་འདས་པའི།།
འདི།
ཐ་སྙད་རིགས་པས་གཞལ་བྱའི་བློ་ཡུལ་ལས་འདས་པའི།།
མཁས་དབང་དྲན་པ་ནམ་མཁར་བསྟོད་པ་འདི་དོན་མཐུན་ཞིག་རེད། མཁས་དབང་ཁོང་བོན་གྱི་གསུང་རབ་དུ་མ་སྐྱོབ་སླད་བན་སྒོར་ཞུགས་པ་ཞིག་ཡིན་པས། སྔ་འགྱུར་རྙིང་མར་ཤུགས་རྐྱེན་བླ་ན་མེད་པ་ཡོད་པའི་མི་སྣ་ཞིག་ཡིན། བན་བོན་འཆམ་མཐུན་ཡོང་གཞིའང་འདིར་ཡོད་ངེས་ཡིན།
ཧ་ཧ། ད་ཡིན་ན་ཨེ་མ་ཧོ་སྨྱོ་ཚར་འདུག་གོ
ཨེ་མ་ངོ་མཚར་ཆེ་བ།
ཨེ་མ་ཧོ་ཡི་ཁ་ནས།
ཨེ་བདེན་མི་ཤེས་གང་ལྟར།
ཨེ་འདྲ་བྲིས་པ་བཟང་བྱུང།
འཛམ་གླིང་འདིར་ཆོོས་ལུགས་རིགས་མང་བོ་ཡོད། ཆོས་ལུགས་གང་ཞིག་ཡིན་ཀྱང་དེ་དང་འཚམ་པའི་ཁྱད་ཆོས་ཤིག་ངེས་པར་དུ་ཚང་བ་རེད། ཁྱད་པར་དུ་བན་དང་བོན་གཉིས་ནི་བསྟན་པ་གཅིག་གི་སྟོན་པ་སྐུ་གསུང་ཐུགས་ཀྱི་ཁྱད་པར་ལས་གཞན་གང་ཡང་མ་མཆིས། དོན་གཅིག་མིང་གི་རྣམ་གྲངས་ཙམ་ལས་དོན་ལ་བན་བོན་གཉིས་ཀར་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཡོད་པ་མངོན་གསུམ་ཚད་མ་རེད། ཁ་ཅིག་གིས་བན་ཆོས་ཚང་མ་བོན་ལ་བསྒྱུར་བ་རེད་ཟེར་མོད། དོན་ལ་བན་བོན་གཉིས་ཀས་ཕན་ཚུན་ཀྱིས་ལེགས་ཆ་ལེན་རེས་བྱས་ཡོད་པ་ཡང་གསལ་པོ་རེད་ལ། འདི་ནི་ཤིན་ཏུ་ནས་འོས་ཤིང་འཚམས་པ་ཞིག་ཀྱང་རེད། ཆགས་སྡང་ཅན་ཁ་ཅིག་གིས་ཆོས་ལུགས་ཚང་མ་བོན་ལ་བསྒྱུར་བ་རེད་ཟེར་ན། དེ་ནི་ཤིན་ཏུ་ནས་མི་འཐད་དོ། རྒྱུ་མཚན་ནི་ཆོས་ལ་མེད་པ་བོན་ལ་ཡོད་པ་མང་བོ་སྣང་། དཔེར་ན་ཆོས་ལུགས་ལ་རྗེ་བཙུན་སྒྲོལ་མ་བྱ་བརྒྱུད་ཀྱི་ལུགས་ཡིན་ལ། བོན་ལུགས་ལ་སྒྲོལ་མའམ་བྱམས་མ་སྔགས་བླ་མེད་ཀྱི་ལུགས་ཡིན་པར་མ་ཟད་ཆོ་ག་འདོན་ཆོག་དང་། ལས་མཐའི་རིགས་ཤིན་ཏུ་རྒྱས་པོ་རེད། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚོན་ན་ཆོས་ལུགས་ལ་པོ་ཏི་བཅུ་གཉིས་ལས་མེད་པ་དང་། བོན་ལུགས་ལ་པོད་ཆེན་བཅུ་དྲུག་ཡོད་པ་མངོན་གསུམ་མིག་གིས་མཐོང་ཐུབ། གཅོད་ལ་ཆ་བཞག་ན་བོན་ལུགས་ལ་ཧ་ཅང་རྒྱས་པོ་རེད། གཅོད་ཀྱི་བརྒྱུད་ལ་པོད་ཆེན་མང་བོ་ཡོད། ཆོས་ལུགས་ལ་གཅོད་ཀྱི་སྐོར་དེ་ཙམ་རྒྱས་པ་མེད་པར་མ་ཟད། བྱུང་ཁུངས་ཡང་མ་ཅིག་ལབ་སྒྲོན་ལས་གཞན་ཐུག་ས་མེད་པ་ལྟ་བུར་སྣང་། དེའི་ཕྱིར་ཆོས་ལུགས་ནས་བསྒྱུར་བ་མིན་པ་གསལ་པོ་རེད་འདུག གཞན་ཡང་འདི་དང་ལྟ་བུ་མང་བོ་སྣང་། །
བོན་དང་ཆོས་ཀྱི་ཁུངས་དང་། ལྟ་སྤྱོད་སོགས་གཉིས་བསྲེས་ན་ཕན་ཐོགས་མེད། བན་བོན་གཉིས་ཀྱིས་ལེགས་ཆ་ལེན་རེས་དང་། དམ་ཚིག་གཙང་མར་གནས་ན་ཕན་ཐོགས་ཡོད།
བོན་གྱི་སྟོན་པ་ནི་སྟོན་པ་གཤེན་རབ་དང་བྱུང་ཁུངས་ནི་ཞང་ཞུང་ཡུལ་ནས་བྱུང་། ཆོས་ཀྱི་སྟོན་པ་ནི་སྟོན་པ་ཤཀྱཱ་ཐུབ་པ་དང་བྱུང་ཁུངས་ནི་རྒྱ་གར་ཡུལ་ནས་བྱུང་། བོན་ཆོས་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་ནི་གཅིག་པ་རེད། སྤྱོད་པ་འཚེ་བ་མེད་པ། ལྟ་བ་ཀ་དག་དང་ཁྲེག་ཆོད། ལྷུན་གྲུབ་ཐོད་རྒལ་ལམ་བརྟེན་འབྱུང་། སྒོམ་པ་གསལ་སྟོང་དབྱེར་མེད་སོགས་ལ་ཁྱད་པར་གང་ཡང་མི་འདུག་གོ །
ད་བན་བོན་གཅིག་པ་བཟོས་ནས་སྒོར་རྡོག་རེ་གཉིས་བཟོས་ནས།
སློབ་དཔོན་རིན་པོ་ཆེ་ངུ་ཤོར་དགོས་པ་དང་། དཀར་ཕྱོགས་ཀྱི་ལྷ་རྣམས་མགོ་ཐོམས་དགོས་པ་བཟོས། ཁྱོད་ཀྱི་མགོ་དེ་ལ་ཨེ་ཀ་ཛ་ཏིའི་ཐོ་བ་ཕོག་མ་སོང་ན་གང་།
གསང་སྔགས་རྙིང་མའི་བསྟན་པ་དེ་བོན་དང་གཅིག་པ་རེད་ཟེར་ན་འདི་ལས་ལྷག་པའི་་་་་ད་མ་ཤོད།
བོན་ལུགས་ལ་་སྒྲོལ་མའམ་བྱམས་མ་སྔགས་བླ་མེད་ཀྱི་ལུགས་རེད་ཟེར། བོན་ལུགས་ལ་་སྒྲོལ་མ་ཟེར་བ་དེ་སྔོན་མཁས་པ་སུས་ཀྱང་མཐོང་མྱོང་མེད་ཚོད་རེད། སྒྲོལ་མ་དང་བྱམས་མ་གཉིས་ཀྱི་བྱུང་ཁུངས་ལོ་རྒྱུས་ལ་དཔྱད་གཟིགས་གནང་ན་ཁ་ཁ་སོ་སོ་རེད། འདི་གཉིས་གཅིག་ཡིན་ན་གཤེན་རབ་དང་ཤག་ཐུབ་གཅིག་པ་དང་། ཡིད་ཀྱི་ཁྱེའུ་ཆུང་དང་ཤ་རིའི་བུ་གཉིས་གཅིག་པ་རེད་ཟེར་བ་དང་མཚུངས་པ་མ་རེད་དམ།
་་་་་་ ཡིད་ཀྱི་ཁྱེའུ་ཆུང་དང་ཤ་རིའི་བུ་གཉིས་གཅིག་པ་རེད་ཟེར་བ་དང་མཚུངས་པ་མ་རེད་དམ། ་་་་་་
དེ་འདྲས་རིས་མེད་ཡིན་ན་དགེ་བ་དང་སྡིག་པ་རིས་མེད། བདེན་པ་དང་རྫུན་པ་རིས་མེད། ཟས་དང་མི་གཙང་བ་རིས་མེད། འཁོར་བ་དང་མྱང་འདས་རིས་མེད། བདག་པོ་དང་རྐུན་མ་རིས་མེད། བན་དེ་བན་འོན་པོ་རིས་མེད། བན་དང་བོན། ཧ ཧ ད་མང་ནི་རེད་ཡ།། སྨྱོན་པའི་ཁ་ལ་ཉན་རྒྱུ་མེད་ཟེར་བ་ཅི་མ་བདེན་བསམ་མོ།
རྙིང་མ་བོན་དང་འདྲེས་པ་འདྲ།
གང་ལྟར་བན་བོན་རིས་མེད་དེ་ཟ་མ་མ་ནིང་ཞིག་ཡིན་ཚོད་འདུག
May 25th, 2014 at 7:43 AM
ལོ་སྟོང་གི་བོན་པོའི་བྲག་རྐོས་རི་མོ་རྙེད།
2014-05-25 《藏地阳光》
ཉེ་ཆར། རྒྱལ་རོང་ཆུ་ཆེན་རྫོང་ནས་བོན་པོའི་བྲག་རྐོས་རི་མོ་ཚོ་གཅིག་རྙེད་ཡོད། ང་རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་མཁས་ཅན་ཝུན་ཡུས་ཁྲེང་དང་ཀྲུང་དབྱང་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ། བོད་ཁུལ་གྱི་བྲག་རྐོས་རི་མོ་རྟོག་ཞིབ་པ་མཁས་ཅན་ཀྲང་ཡྰ་སྭ་རྣམ་གཉིས་དང་ལྷན་དུ་ཆུ་ཆེན་རྫོང་གི་བྲག་རྐོས་རི་མོ་རྟོག་ཞིབ་བྱེད་དུ་ཕྱིན།
བྲག་རྐོས་རི་མོ་དེ་དག་ནི་རྔ་བ་ཁུལ་ཆུ་ཆེན་རྫོང་ཐོག་ནས་སྤྱི་ལེ་གསུམ་ཙམ་ལས་མེད་པའི་ལི་ཝེལ་ས་ཆ་རུ་འདུག གཡས་གཡོན་གཉིས་ཀྱི་བྲག་ངོས་སུ་བོན་གྱི་བླ་མ་ཡིད་དམ་དང་། མཁའ་འགྲོ་ཆོས་སྐྱོང་། ལྷ་དང་ཀླུ། ད་དུང་བྱ་དང་གཅན་གཟན། ཤིང་དང་ཆུ་བོ། བུམ་པ་དང་དུང་དཀར་སོགས་བརྐོས་འདུག ཅའོ་ཧྲུའུ་རྣམ་གཉིས་ཀྱིས་རི་མོ་དེ་དག་དུས་རབས་བཅུ་གཅིག་པ་ནས་བཅུ་གཉིས་པ་ཙམ་གྱི་ལོ་རྒྱུས་ཡོད་པའི་བསམ་ཚུལ་བཏོན། དོན་དངོས་དེ་འདྲ་ཡིན་མིན་བོད་རང་གི་རི་མོ་མཁས་ཅན་དང་བོན་གྱི་ལོ་རྒྱུས་ལ་ཆ་རྒྱུས་ཆེ་བའི་མཁས་དབང་ཚོས་བརྟག་དཔྱད་གནང་ན་ཧ་ཅང་འགྲིག་སྙམ།
ས་གནས་དེ་ལ་ཆ་རྒྱུས་ཆེ་བའི་ བོན་པོའི་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས་གསུང་རྒྱུར། རབ་བརྟན་ཡུལ་གྱི་ལོ་རྒྱུས་དང་བྲག་རྐོས་རི་མོ་དག་གི་མཚོན་དོན་སོགས་ལ་བལྟས་ན་གནས་འདི་ནི་མ་རྒྱུད་དང་གསང་གཅོད་ཀྱི་གནས་རི་ཞིག་ལ་ངོས་བཟུང་ན་ཤིན་ཏུ་འགྲིག་པར་མ་ཟད། རབ་བརྟན་དྲུང་ཡིག་མགོན་པོ་ཐར་གྱིས་ཁོང་གི་ལག་ཏུ་སྤྲད་པའི་རྒྱལ་རོང་ལོ་རྒྱུས་དང་ས་ཁྲ་སོགས་ལ་བལྟས་ན། གནས་འདི་ནི་ལི་ཝེལ་དུར་ཁྲོད་ཞེས་གསལ་པོར་བཀོད་འདུག མ་ཚད་པར་ཁྱུང་ལུང་དྲན་པ་ནམ་མཁའ་དང་འོད་ལྡན་འབར་མ་སོགས་གནས་འདིར་ཕེབས་ཏེ་གནས་སྒོ་ཕྱེ་བ་གསལ་ལ། དྲན་པ་ནམ་མཁའ་རྒྱལ་རོང་ཕེབས་པའི་གནས་ཚུལ་སོགས་ནི་རྒྱལ་རོང་དམུ་རྡོའི་བསང་མཆོད་དང་ཡུལ་ལྷའི་བསང་མཆོད་སོགས་སུ་གསལ་པོར་བཀོད་འདུག་གསུངས། གནས་འདི་ནི་རྒྱལ་རོང་གནས་ཆེན་དམུ་རྡོ་དང་། མཐའ་བཞི་ན་གནས་རི་ཆེན་པོ་བཞི། དེའི་མཐའ་ན་གནས་འབྲིང་བརྒྱད། དེའི་མཐའ་ན་གནས་ཕྲན་དྲུག་ཅུ་རྩ་གཉིས་ཡོད་པའི་ནང་གསས་གནས་འབྲིང་བརྒྱད་ཡོད་པའི་ནང་གི་གཅིག་རེད།གནས་ཡིག་དང་ལོ་རྒྱུས་ཡིག་ཚང་ལྟར་ན་རྒྱལ་རོང་བྱ་རུ་གཙུག་ལྡན་ཞེས་པའི་གནས་ཡིན་པར་ཡང་གསལ།
ད་དུང་བོན་གྱི་བསྟན་པ་སྐྱོང་བའི་བདག་མོ་ཡེ་ཤེས་དབལ་མོའི་འདྲ་གཟུགས་དང་གཟུངས་སྔགས་ཀྱང་བརྐོས་འདུག རང་གི་ལྟ་ཚུལ་ལ། རི་མོ་འདི་དུས་རབས་གཅིག་གི་ནང་བརྐོས་པ་ཞིག་ཡིན་མིན་ལ་ཐེ་ཚོམ་ཅུང་འདུག སྒྲུབ་ཕུག་གཡས་གཡོན་སུ་བརྐོས་མ་དེ་དག་གི་ལྟ་སྐུའི་འོག་ཏུ་མཚན་བྱང་ཁ་གསལ་པོ་བརྐོས་ཡོད་པས་བོན་པོའི་མ་རྒྱུད་སྐོར་གྱི་ལྷ་ཡིན་མིན་ལ་ཐེ་ཚོམ་གཏན་ནས་ཟ་མི་དགོས། འོན་ཏེ་མཚན་བྱང་གི་ཡིག་གཟུགས་ལ་བལྟས་ན་བསྟན་པ་ཕྱི་དར་རྗེས་སུ་བརྐོས་པ་འདྲ་ཞིང་། གོང་མ་ཆན་ལུང་གིས་རྒྱལ་རོང་དབང་དུ་མ་བསྡུས་སྔོན་དུ་བརྐོས་པ་ཞིག་ཡིན་ངེས་ལགས་སྙམ། ད་དུང་ཁྱད་མཚར་བའི་གནས་ཚུལ་ཞིག་ནི་བོན་བོའི་བསྟན་པ་སྐྱོང་བའི་བདག་མོ་ཞེས་མཚན་དུ་གསོལ་བའི་ཡེ་ཤེས་དབལ་མོའི་འདྲ་གཟུགས་དང་གཟུངས་སྔགས་སོགས་བྲག་ལགསལ་པོར་བརྐོས་འདུག འོན་ཏེ་དེའི་འདྲ་གཟུགས་དང་ད་ལྟའི་ཡེ་ཤེས་དབལ་མོའི་འདྲ་གཟུགས་བར་འགྱུར་བ་ཆེན་པོ་བྱུང་འདུག་པའི་ཐོག་ནས་བརྟག་ན་བྲག་བརྐོས་རི་མོ་འདི་དག་དུས་རབས་གཅིག་ཏུ་བྱུང་བ་ཞིག་ཡེ་ནས་མི་འདྲའོ།། གཞན་ཡང་བེེ་རོ་ཙ་ནའི་རྡོ་རྐོས་འོག་ཏུ་གཡུང་དྲུང་བོན་གྱི་བསྟན་པ། རྒྱལ་ཚབ་བེེ་རོ་ཙ་ན། གནས་འདིར་བྱིན་གྱི་རླབས་ཤིག་ཤེས་བཀོད་འདུག་པ་འདི་ལ་བརྟག་ན་དོན་དུ་བེེ་རོ་ཙ་ནས་རྒྱལ་རོང་དུ་བན་དེའི་བསྟན་པ་སྐྱོང་ངམ་བོན་གྱི་བསྟན་པ་སྐྱོང་ཡོད། རྒྱལ་རོང་ཡུལ་གྱི་རྫོགས་པ་ཆེན་པོའི་བྲག་རྐོས་རི་མོས་རྙིང་མའི་རྫོགས་པ་ཆེན་པོ་དང་བོན་པོའི་རྫོགས་པ་ཆེན་པོ་མི་འདྲ་ས་གང་ཞིག་ཡོད་པ་སོགས་ཀྱི་འདྲི་ཚིག་ཞིག་མང་པོ་ཞིག་ཀྱང་མི་འགོད་རང་འགོད་དུ་གྱུར་འདུག་སྙམ།
(དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས།)
རྟེན་འབྲེལ་མ་འགྲིག་ལྷུན་གྱིས་གྲུབ་འདུག ད་བེ་རོ་ཙ་ན་གང་ན་སླེབ་འདུག་ཨ་ཕྱི་ལགས་གཟིགས་རོགས།
རྟེན་འབྲེལ་མ་བསྒྲིགས་ལྷུན་གྱིས་གྲུབ་འདུག་ཅེས་བཅོས་རོགས་
བན་དེ་བ་ལགས། དུས་རབས་བཅུ་གཅིག་དང་བཅུ་གཉིས་དུས་ཀྱི་བྲག་བརྐོས་རི་མོ་འགའ་རྙེད་པས་བོན་གྱི་ལོ་རྒྱུས་ལ་དམིགས་བསལ་གྱི་ཁ་བསྐོང་ཅི་ཡང་བྱེད་མི་ཐུབ། དངོས་གནས་ཡིན་ན་ལོ་ངོ་གཉིས་སྟོང་ཡན་གྱི་ཡིག་རྙིང་དང་བྲག་བརྐོས་རི་མོ་སོགས་ལག་སོན་བྱུང་ཚེ་ད་གཟོད་བོད་ཀྱི་ལོ་རྒྱུས་ལ་དབུ་ཁྱུད་གསར་བ་ཞིག་བྲིས་པ་རེད།
རྒྱ་བླ་རྣམས་ཀྱི་ལག་ལེན་སུམ་ཅུ་སོ་བདུན་མ་ཞེས་བྱ་བ་བཞུགས་སོ།།
གང་གིས་ཆོས་ཀུན་སྐྱེ་འགག་མེད་གཟིགས་ཀྱང་༎
འགྲོ་བའི་དོན་ལ་གཅིག་ཏུ་གཞོལ་མཛད་པའི༎
བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ༎
རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ༎
གཡོ་སྒྱུའི་བདག་ཉིད་རྒྱ་བླ་ཆེན་པོ་རྣམས།།
དམ་ཆོས་བཙོངས་ལས་བྱུང་སྟེ་དེ་ཡང་ནི༎
དེ་ཡི་ལག་ལེན་ཤེས་ལ་རག་ལས་པས༎
རྒྱ་བླ་རྣམས་ཀྱི་ལག་ལེན་བཤད་པར་བྱ༎
དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་ན་ཡང་༎
བདག་གཞན་འཁོར་བར་སླར་ཡང་འཁོར་བྱའི་ཕྱིར༎
ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི༎
གཞན་མགོ་སྐོར་བ་རྒྱ་བླའི་ལག་ལེན་ཡིན༎
སྒོར་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ༎
རྒྱ་བླ་གཞན་ལ་ཞེ་སྡང་མེ་ལྟར་འབར༎
བླང་དོར་སྣ་ཚོགས་དབང་གིས་རང་དགོན་སོགས༎
ཕ་ཡུལ་བཙོང་བ་རྒྱ་བླའི་ལག་ལེན་ཡིན༎
ཡུལ་ངན་འགྲིམ་པས་ཉོན་མོངས་རིམ་གྱིས་འཕེལ༎
རྣམ་གཡེང་མང་བས་དགེ་སྦྱོར་ངང་གིས་ཟད༎
རིག་པ་འཐིབ་པས་ཆོས་ཚིག་གཅིག་མི་ཤེས༎
འུར་ཟིང་བསྟེན་པ་རྒྱ་བླའི་ལག་ལེན་ཡིན༎
ཡུན་རིང་འགྲོགས་པའི་མཛའ་བཤེས་གཡོ་སྒྱུའི་བསླུས༎
འབད་པས་བསྒྲུབས་ཏེ་ནོར་རྫས་དོན་དུ་གཉེར༎
ལུས་ཀྱིས་འབྲེལ་བའི་རྒྱ་མོ་མགྲོན་དུ་འབོད༎
ཚེ་འདི་དོན་གཉེར་རྒྱ་བླའི་ལག་ལེན་ཡིན༎
གང་དུ་འགྲིམ་ན་དུག་གསུམ་འཕེལ་འགྱུར་ཞིང་༎
ཐོས་བསམ་སྒོམ་པའི་མིང་ཙམ་མི་གྲཊ་པའི༎
སྨད་འཚོང་ཁང་དང་ཆང་ཁང་ཤོ་ཁང་སོགས།།
རྟག་ཏུ་ཉུལ་བ་རྒྱ་བླའི་ལག་ལེན་ཡིན༎
གང་ཞིག་བྱས་ན་ཡོན་ཏན་ཟད་འགྱུར་ཞིང་༎
ཉེས་པ་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི༎
སྔོན་བྱོན་བཤེས་གཉེན་དམ་པའི་སྐྱེས་བུ་ལ༎
ཞབས་འདྲེན་བྱེད་པ་རྒྱ་བླའི་ལག་ལེན་ཡིན༎
རང་ཡང་འཁོར་བའི་བཙོན་རར་བཅིངས་པས་ན༎
འཇིག་རྟེན་པ་རྣམས་སྐྱོབ་པར་མི་ནུས་པ༎
དེས་ན་གང་ལ་བྱས་ན་མི་བསླུ་བ༎
དཀོན་མཆོག་གསུམ་བཙོང་རྒྱ་བླའི་ལག་ལེན་ཡིན༎
ཤིན་ཏུ་བཟོད་དཀའ་ཨེ་ཙིའི་ནད་ངན་སོགས༎
འཁྲིག་པའི་ལས་ཀྱིས་སྤེལ་ན་འགོས་སླ་བ༎
དེ་ཕྱིར་སྲོག་ལ་བབ་ཀྱང་སྨད་འཚོང་སོགས༎
མང་པོ་བསྟེན་པ་རྒྱ་བླའི་ལག་ལེན་ཡིན༎
བོད་བླའི་ལོངས་སྤྱོད་རྩྭ་རྩེའི་ཟིལ་བ་བཞིན༎
ཡུད་ཙམ་ཞིག་གིས་ཟད་པའི་ཆོས་ཅན་ཡིན༎
ནམ་ཡང་མི་ཟད་རྒྱ་དང་ཨ་རི་སོགས༎
སྦྱིན་བདག་འཚོལ་བ་རྒྱ་བླའི་ལག་ལེན་ཡིན༎
ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཡི༎
མ་རྣམས་སྡུག་ཀྱང་རང་བདེ་གཅིག་གིས་ཆོག།
དེ་ཕྱིར་ཉ་དང་བྱ་སོགས་སྡུག་བསྔལ་ཕྱིར༎
དམར་ཟས་བཟའ་བ་རྒྱ་བླའི་ལག་ལེན་ཡིན༎
རྒྱ་བླ་ཆེ་རྣམས་བདག་བདེ་འདོད་ལས་བྱུང་༎
ཆོས་པ་རྣམ་དག་གཞན་ཕན་སེམས་ལས་འཁྲུངས༎
དེ་ཕྱིར་སྒོར་དང་ལོངས་སྤྱོད་སྣ་ཚོགས་པས༎
བདག་བདེ་དོན་གཉེར་རྒྱ་བླའི་ལག་ལེན་ཡིན༎
སུ་དག་འདོད་ཆེན་དབང་གིས་བདག་ཉིད་ཀྱི༎
ཡོན་བདག་འཕྲོག་གམ་འཕྲོག་ཏུ་བཅུག་ན་ཡང་༎
དེ་ཡི་ལོངས་སྤྱོད་ཉེ་དུ་འཁོར་གཡོག་བཅས༎
ཚར་གཅོད་གཏོང་བ་རྒྱ་བླའི་ལག་ལེན་ཡིན༎
བདག་ལ་ཡོན་ཏན་ཅུང་ཟད་མེད་ན་ཡང་༎
གང་དག་བདག་ལ་མགོ་བོ་སྒུར་བྱེད་ཚེ༎
སྲེད་པའི་དབང་གིས་དེ་ཡི་ལོངས་སྤྱོད་ཀུན༎
བདག་ལ་ལེན་པ་རྒྱ་བླའི་ལག་ལེན་ཡིན༎
འགའ་ཞིག་བདག་ལ་སྒོར་དང་ལོངས་སྤྱོད་སོགས༎
སྟོང་གསུམ་གང་བར་འབུལ་བར་བྱེད་ན་ཡང་༎
ཆགས་སྡང་སེམས་ཀྱིས་སླར་ཡང་དེ་ཉིད་ལ༎
བཟའ་འཐོར་གཏོང་བ་རྒྱ་བླའི་ལག་ལེན་ཡིན༎
འགྲོ་མང་འདུས་པའི་དབུས་སུ་བླུན་པོ་འགས༎
རྫུན་ཚིག་གཅིག་གིས་བསྟོད་པ་བྱས་ན་ཡང་༎
དེ་ལ་མཛའ་གྲོགས་བཟང་པོའི་འདུ་ཤེས་ཀྱིས༎
ལྐོག་རྔན་སྦྱིན་པ་རྒྱ་བླའི་ལག་ལེན་ཡིན༎
རང་དང་མཉམ་པའམ་དམན་པའི་རྒྱ་བླ་ཡིས༎
ཕྲག་དོག་དབང་གིས་བརྙས་ཐབས་བྱས་པ་ན༎
སྡང་དགྲ་བཞིན་དུ་ཡོན་བདག་འཆོར་དོགས་ཀྱིས༎
ཚར་གཅོད་བྱེད་པ་རྒྱ་བླའི་ལག་ལེན་ཡིན༎
འཚོ་བས་རྒྱགས་ཤིང་རྟག་ཏུ་ཉམ་ཆུང་བརྙས༎
ཚབ་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར༎
འགྲོ་ཀུན་སྡིག་སྡུག་ཀུན་ལ་སྦྱོར་བྱས་ཏེ༎
ངོ་ཚ་མེད་པ་རྒྱ་བླའི་ལག་ལེན་ཡིན༎
རྒྱ་རིགས་ཕོ་མོ་མང་པོས་སྤྱི་བོས་བཏུད༎
རྣམ་ཐོས་བུ་ཡི་ནོར་འདྲ་ཕུལ་ཀྱང་སླར༎
སྲིད་པའི་དཔལ་འབྱོར་སྙིང་པོ་ཆེར་གཟིགས་ནས༎
ཚིམ་པ་མེད་པ་རྒྱ་བླའི་ལག་ལེན་ཡིན༎
རང་གི་ཕྲག་དོག་དགྲ་བོ་མ་ཐུལ་བར༎
ཕྱི་རོལ་དགྲ་བོ་བཏུལ་ཡང་འཕེལ་བར་གྱུར༎
དེ་ཕྱིར་མཁས་པ་གཞན་རྣམས་མཐོང་བའི་ཚེ༎
སེམས་ནད་བྱེད་པ་རྒྱ་བླའི་ལག་ལེན་ཡིན༎
འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་འདྲ་བ༎
ཇི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་གྱུར་ཏེ༎
གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས༎
འཕྲལ་དུ་ལེན་པ་རྒྱ་བླའི་ལག་ལེན་ཡིན༎
ཇི་ལྟར་སྣང་བ་ཡོད་ཚད་རང་ལ་དགོས༎
སྣང་བ་ཀུན་ནི་ཟད་པའི་མཐའ་དང་བྲལ༎
དེ་ལྟར་བསམས་ནས་སེམས་ཅན་སུ་ཡིན་ཡང་༎
གཡོ་སྒྱུས་བསླུ་བ་རྒྱ་བླའི་ལག་ལེན་ཡིན༎
སྒོར་མོ་འདོད་པས་ལུས་ཀྱང་བཏང་དགོས་ན༎
ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས༎
དེ་ཕྱིར་ལན་དང་རྣམ་སྨིན་རེ་བ་ཡིས༎
སྦྱིན་པ་གཏོང་བ་རྒྱ་བླའི་ལག་ལེན་ཡིན༎
ཚུལ་འཆོས་མེད་པར་རང་དོན་མི་འགྲུབ་པས༎
གཞན་མགོ་སྐོར་བར་འདོད་པ་གད་མོའི་གནས༎
དེ་ཕྱིར་སྲེད་པའི་འདོད་པ་ཆེ་ན་ཡང་༎
ཚུལ་འཆོས་སྲུང་བ་རྒྱ་བླའི་ལག་ལེན་ཡིན༎
སྒོར་མོའི་ལོངས་སྤྱོད་འདོད་པའི་རྒྱ་བླ་ལ༎
གནས་ལུགས་ཡོད་ཚད་ཧ་ལའི་དུག་དང་མཚུངས༎
དེ་ཕྱིར་ཀུན་ལ་ཞེ་འགྲས་བྱུང་བའི་ཚེ༎
བཟོད་པ་མི་སྒོམ་རྒྱ་བླའི་ལག་ལེན་ཡིན༎
ལྟོ་འགྲེང་འབའ་ཞིག་གཉེར་བའི་དུད་འགྲོ་ཡང་༎
མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན༎
སྒོར་དང་ལོངས་སྤྱོད་མ་ལུས་དོན་གཉེར་བའི༎
བརྩོན་འགྲུས་རྩོམ་པ་རྒྱ་བླའི་ལག་ལེན་ཡིན༎
རང་གི་འཁྲུལ་བ་རང་གིས་མ་བཀབ་ན༎
ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱས་ཡོད་པས༎
དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་རྣམས༎
གཏན་ནས་སྦ་བ་རྒྱ་བླའི་ལག་ལེན་ཡིན༎
དྲང་བདེན་དབང་གིས་བླ་མ་གཞན་དག་གི།
ཡོན་ཏན་གླེང་ན་བདག་ཉིད་ཉམས་འགྱུར་བས༎
མཁས་ཤིང་དམ་པའི་སྐྱེ་བོ་གཞན་རྣམས་ཀྱི༎
ཡོན་ཏན་མི་སྨྲ་རྒྱ་བླའི་ལག་ལེན་ཡིན༎
རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་༎
ཡ་རབས་དམ་པའི་བྱ་བ་ཉམས་བྱས་ཏེ༎
ཆུང་མའི་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ༎
ཆགས་པ་ཆེ་བ་རྒྱ་བླའི་ལག་ལེན་ཡིན༎
བདེན་པའི་ཚིག་གིས་གཞན་སེམས་མི་ཁུག་ཅིང་༎
རྒྱ་བླ་རྣམས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས༎
དེ་ཕྱིར་གཞན་གྱི་ངོ་སྲུང་མི་ཐུབ་པའི༎
བདེན་ཚིག་སྤོང་བ་རྒྱ་བླའི་ལག་ལེན་ཡིན༎
ཉོན་མོངས་གོམས་ཏེ་གཉེན་པོས་ཟློག་མ་ནུས༎
དྲན་ཤེས་སྐྱེས་བུ་ཉོན་མོངས་མཚོན་གྱིས་བཅོམ༎
དེ་ཕྱིར་ཆགས་སོགས་དང་པོ་སྐྱེས་མ་ཐག།
ཐད་ཀར་སྤྱོད་པ་རྒྱ་བླའི་ལག་ལེན་ཡིན༎
མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང་༎
རང་གི་སྒོར་གྱི་མང་ཉུང་ཅི་འདྲ་ཞེས༎
རྒྱུན་དུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ནས༎
གཞན་མགོ་སྐོར་བ་རྒྱ་བླའི་ལག་ལེན་ཡིན༎
དེ་ལྟར་བརྩོན་པས་བསྒྲུབས་པའི་སྒོར་མོ་རྣམས༎
མཐའ་ཡས་འགྲོ་བའི་མིག་ལ་མཛའ་བའི་ཕྱིར༎
རྟེན་གསུམ་ཧ་ཅང་ཆེན་པོ་བཞེངས་བྱས་ཏེ༎
སླར་ཡང་བཙོང་བ་རྒྱ་བླའི་ལག་ལེན་ཡིན༎
དངོས་སམ་བརྒྱུད་ནས་མཐོང་ཐོས་བྱུང་ངོ་ཅོག།
གནས་ལུགས་མཁས་པའི་གསུང་གི་རྗེས་འབྲངས་ནས༎
རྒྱ་བླ་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན༎
རྒྱ་བླའི་ལག་ལེན་ཤེས་འདོད་དོན་དུ་བཀོད༎
མཁས་པའི་གསུང་གི་ཚིག་རིས་བཤུས་པའི་ཕྱིར༎
བླ་མ་བཟང་པོ་རྣམས་དང་འཕྲད་པར་ཤོག། རྩོམ་པ་པོ། དམངས་ཁྲོད། གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིས། འཕྲིན་ཕྲན་གྱི་སྦྲེལ་གནས།
གདོན་གཟུགས་བོན་གྱི་བསྟན་པ་བསྟན་པ་བསྣུབས།།ཆོས་སྐུ་དྲི་མེད་རིན་ཆེན་བསྟན།། ཞེས་པ་ལྟར། བོན་སྔ་རབ་པ་ལ་གོ་དགོས། དེང་སང་བོན་རྣམས་ནང་བསྟན་ལས་བཏུས་པས་ཤིན་ཏུ་བཟང་།
པདྨ་བཀའ་ཐང་ལས།
ཡེ་ཤེས་ལྔ་ལ་ལོངས་སྤྱོད་པ།
ང་བོན་པོ་པདྨ་འབྱུང་གནས་ཡིན།
དུས་གསུམ་མཁྱེན་པས་མངོན་ཤེས་འཆད།
ང་མོ་མ་པདྨ་འབྱུང་གནས་ཡིན།
སེམས་ཅན་ཡོངས་ལ་བག་མར་འགྲོ།
ང་སྨན་ཤར་པདྨ་འབྱུང་གནས་ཡིན།
ཞེས་གསུངས་སོ།
འཇུ་མི་ཕམ་པའི་ཞལ་སྔ་ལས།
ས་སྐྱའི་བསྟན་པ་ཕྱོགས་རིས་ཀྱིས་འཇིག
བཀའ་རྒྱུད་ཀྱི་བསྟན་པ་གཏི་མུག་གིས་འཇིག
དགེ་ལུགས་ཀྱི་བསྟན་པ་ང་རྒྱལ་གྱིས་འཇིག
རྙིང་མ་པ་ཡི་བསྟན་པ་འདོད་ཆགས་ཀྱིས་འཇིག
ཅེས་གསུངས་ཞག
བོད་རྒྱུད་ནང་བསྟན་ཕྱི་རབས་པ་ལ་གོ་དགོས།
སྔ་མ་ནི་ཆོས་པ་རྣམ་དག་དུག་ལྔས་གོས་པ་མེད།
རྗེས་སུ་ཡི་རངས་ཡོད། དཔལ་གྱེས་རྡོར་འདི་ངོ་མ་མི་རླབས་ཆེན་ཞིག་རེད། རིས་མེད་དག་སྣང་ཕྱོགས་བཞིར་ཁྱབས་ནས་ཕྱོགས་ལྷུང་རྨ་ཁ་ལ་བསིལ་བའི་སྨན་སྦྱིན་པ་ལྟ་བུ་བྱུང་སོང་།
སྔོན་མ་ནས་བོན་པོ་དང་རྙིང་མའི་རྫོགས་ཆེན་དང་ལྟ་བ་ལ་ལྷད་མེད་ཅེས་ང་ཚོས་ཡིད་ཆེས་བྱེད་ལ་དད་པ་བྱེད་པ་འདི་ལ་དཔལ་གྱེས་རྡོར་མཆོག་གིས་ཁུངས་བཙན་པོ་ཞིག་གི་མགུར་གླུ་བཞེངས་འདུག བན་བོན་བསྟན་པ་རྒྱས་གྱུར་ཅིག ངའི་རེ་བ་ལ་མཁན་པོ་བློ་གྲོས་ཚུལ་ཁྲིམས་ཀྱིས་དཔལ་གྱེས་རྡོར་གྱི་རྗེས་སུ་བྲང་ནས་བླ་རུང་ལ་བོན་གྱི་དབུ་བླ་རྣམས་གདན་འདྲེན་ནས་ཆོས་རྒྱུད་སྤེལ་ཆུག་ན་ངོ་མ་ཁོང་མི་རླབས་ཆེན་ཞིག་ཆགས་སྲིད།
བོན་དང་རྙིང་མའི་བསྟན་པའི་དབར་ལ་སྤུ་ཐར་ས་མེད། ཆུ་ལ་ཆུ་བཞག་དང་འོ་མ་ལ་འོ་མ་ལྟར་བོན་རྙིང་གསང་སྔགས་གཞི་ལམ་འབྲས་བུ་ཚང་མ་གཅིག་པ་གཅིག་ཀྱང་རེད། ཕྱོགས་རིས་མེད་པར་གཞུང་ལུགས་རྣམས་ལ་གཟིགས་དང་། ཐ་སྙད་ལ་ཁྱད་པར་ལས་བྲོ་བ་དང་འབྲས་བུ་དབྱེར་མེད་རེད། ཐ་སྙད་ཀྱི་ཁྱད་པར་ནི་རྙིང་མ་རང་ཁུངས་ལ་ཡོད་ཅིང་། དཔེར་ན་བོད་པས་རྫོགས་ཆེན་ཟེར་ན། དབྱིན་ཇིས་Great Dzokchenཟེར་བ་བཞིན་ཐ་སྙད་ལ་ཁྱད་པར་ཡོད་པ་ལས་དོན་ལ་ཁྱད་པར་མེད་པ་ལྟ་བུ་རེད།
བྱས་ན་རྙིང་མ་བའི་ཕྱོགས་རིས་ཅན་ཚོས་བློ་གུ་ཡངས་ཙམ་གནང་ནས་བོན་གྱི་གཞུང་ལུགས་ལ་གཟིགས་རོགས།
འཇུ་མི་ཕམ་པའི་ཞལ་སྔ་ལས།
ས་སྐྱའི་བསྟན་པ་ཕྱོགས་རིས་ཀྱིས་འཇིག
བཀའ་རྒྱུད་ཀྱི་བསྟན་པ་གཏི་མུག་གིས་འཇིག
དགེ་ལུགས་ཀྱི་བསྟན་པ་ང་རྒྱལ་གྱིས་འཇིག
རྙིང་མ་པ་ཡི་བསྟན་པ་འདོད་ཆགས་ཀྱིས་འཇིག
ང་འཇུ་མིའི་བསྟན་པ་དུག་ལྔས་འཇིག
བླ་ཆེན་དྲན་པ་ནམ་མཁའི་བཀའ་དྲིན་དྲན་ཤེས་ན་ངོ་མ་ཡག་ལེ་རེད། བོན་པོ་ཚང་ལ་དྲན་པ་ནམ་མཁའི་བླ་སྒྲུབ་ཆ་ཚང་བ་འདུག། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཞིག་བསྐོར་ནས་ཡབ་དྲན་པ་ནམ་མཁའ་དང་ཡུམ་འོད་ལྡན་འབར་མ་གཉིས་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས། དུས་ངན་སྙིགས་མ་འདིར་དྲན་པ་ཡབ་ཡུམ་སྲས་དང་བཅས་པ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་དགོས་ལེ་རེད། དེས་ཕན་བདེ་དང་ལེེགས་ཚོགས་སྦྱིན་ནུས་པར་གསུངས་གདའ། བླ་ཆེན་དྲན་པས་མཛད་པའི་སེམས་སྡེའི་སྐོར་དཔེ་ཆ་མང་པོ་ཡོད་རེད་དེ་ཚོ་ཡག་པོ་སློབ་སྦྱོང་བྱོས། བོན་པོའི་བླ་མ་གང་ཡང་རུང་བས་གཤིན་པོའི་རྔས་མགོར་སྔོ་སྨོན་གསུངས་ཐུབ་ན་ཚེ་འདས་དེ་ཉིད་ཤི་འདྲེར་འགྱུར་མི་སྲིད་པ་བླ་ཆེན་དྲན་པའི་ཞལ་བཞེས་ཡིན་པ་ཡང་གསུངས་སྲོལ་ཡོད་རེད། བླ་ཆེན་དྲན་པ་ནམ་མཁའ་སྙིང་དབུས་པད་མའི་འདན་ལ་བཞུགས་སུ་གསོལ། །
མཁས་དབང་བན་དེ་བ་ལགས་ཀྱིས་གནས་ཚུལ་གསར་པ་འདིར་དྲངས་བར་དགའ་བསུ་ཞུ། རི་མོ་དེ་དག་དུས་རབས་བཅུ་གཅིག་པ་ནས་བཅུ་གཉིས་པ་ཙམ་གྱི་ལོ་རྒྱུས་ཡོད་པའི་བསམ་ཚུལ་བཏོན་གསུངས་འདུག་ངོ་མཚར་ཆེ། དྲྭ་རྒྱ་གཞན་ཞིག་ཏུ་བྲག་རྐོས་རི་མོ་དེ་ཚོ་མཇལ་སོང་། སྟོད་འགག་དང་གཟན་བཤམ་ཆ་ཚང་མནབས་པའི་བླ་མའི་བྲག་རྐོས་རི་མོ་གཅིག་འདུག དེས་གང་བསྟན་ནམ་ཟེར་ན། དུས་རབས་བཅུ་བཞིའི་ཡར་སྔོན་ནས་སྟོད་འགག་གྱོན་སྲོལ་ཡོད་པ་ཁུངས་སྐྱེལ་ར་སྤྲོད་བྱས་པ་ཡིན་འགྲོ་བསམ་གྱི་ཡོད། འོན་ཀྱང་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ། །
པདྨ་བཀའ་ཐང་ལས།
ཡེ་ཤེས་ལྔ་ལ་ལོངས་སྤྱོད་པ།
ང་བོན་པོ་པདྨ་འབྱུང་གནས་ཡིན།
དུས་གསུམ་མཁྱེན་པས་མངོན་ཤེས་འཆད། ་་་་་
་་་་་ འདི་སློབ་དཔོན་པདྨ་རང་གི་གསུང་ཡིན་ནམ། # 19 བན་དེ་བ།་ལགས།
་་་་་་་་་་
་་་་་ སློབ་དཔོན་པདྨ་འབྱུང་གནས་ལ། །
ལྷ་འདྲེ་ཡོངས་ཀྱིས་མི་ཁ་ཟུ །
དགེ་སློང་ནམ་མཁའི་སྙིང་པོ་ལ། །
ཆོས་པ་ཡོངས་ཀྱིས་མི་ཁ་ཟུག ། ་་་་་་་
་་་་་་་
བན་བོན་རིས་མེད་ཡིན་ན།།
བན་ཡེ་རིས་མེད་རེད་ཡ།
དེ་བཞིན་ཁ་ཆེ་ཇུལ་ཏོ།།
ཧུན་དྷུ་དམར་མཆོད་ཚོ་ཡང་།།
རིས་མེད་དགོས་ཡ་འདུག་ག།
ཆོས་ལུགས་རིས་མེད་ཅེས་པ། །
དད་ཡུལ་གཉིས་སོགས་མང་དགོས། །
ཆོས་གཉིས་དམ་གཙང་གནས་པར། །
རིས་མེད་མིང་དེ་མི་ཐོབ། །
བཀའ་རྙིང་རིས་མེད་སྲིད་ཀྱང་། །
ཕྱི་ནང་རིས་མེད་མི་སྲིད། །
ས་དགེ་རིས་མེད་སྲིད་ཀྱང་། །
བན་བོན་རིས་མེད་མི་སྲིད། །
འོནད་ཀྱང་།
རིས་མེད་ཆོས་ལ་གུས་དང་། །
རིས་མེད་ཆོས་ལ་བཀུར་བ། །
དཔེར་ན་༸གོང་ས་མཆོག་བཞིན། །
ཡོད་པ་ཀུན་གྱིས་ཤེས་ཐུབ། །
ཕྱི་ནང་རིས་མེད་དད་དང་། །
བན་བོན་རིས་མེད་སོགས། །
ཛམ་གླིང་འདི་རུ་མི་སྲིད། །
ཕྱི་མའི་དུས་སུའང་མིན་ནོ། །
གོང་ས་རིས་མེད་མ་རེད།།
བཀའ་གདམས་དོལ་ལུགས་དགགས་སོང་།།
བན་བོན་རིས་མེད་ཟེར་བ།།
སྐྱག་རྫུན་བཤད་པ་མིན་ནམ།།
དཔལ་དགྱེས་རིས་མེད་མ་རེད།།
འབྲི་གུང་དགོངས་གཅིག་དགགས་སོང་།།
བན་བོན་རིས་མེད་ཟེར་བ།།
སྐྱག་རྫུན་བཤད་པ་མིན་ནམ།།
གདུལ་བྱ་ཁམས་དང་མོས་པ་སྣ་ཚོགས་པས།
བོན་བན་རིས་མེད་དགའ་བར་རིས་མེད་བཟང་།
གདུལ་བྱ་ཁམས་དང་མོས་པ་སྣ་ཚོགས་པས།
བོན་བན་རིས་ཅན་མོས་པར་རིས་ཅན་ལེགས།
གང་གིས་མོས་པས་ཡིད་ཆེས་པ། དེ་ཡི་མདུན་དུ་སངས་རྒྱས་བཞུགས། ཅེས་གསུངས་པའི་ཕྱིར། །
ད་དུང་སངས་རྒྱས་ལ་ངོས་ལྐོག་དང་རྒྱབ་མདུན་མེད་ཅེས་གསུངས་འདུག དེ་བདེན་པ་ཡིན་མིན་ནི་ཅི་མི་ཤེས། །
དེང་སང་མི་བུ་ཕྱོགས་རིས་ཅན་མང་པོས་སངས་རྒྱས་ཕྱོགས་རིས་ཅན་དུ་སྒྲུབ་མཁན་དེ་འདྲ་ཡོད་ས་གདའ། ད་གང་ཤེས། །
རིས་མེད་དོན་གྱི་སྙིང་པོ་དང།
མདོ་མེད་ཟོག་པོའི་རིས་མེད་གཉིས།
འདྲ་དང་འདྲ་ལ་ནོར་དོགས་མཛོད།
རིས་མེད་ལ་མུ་བཞི་ཡོད་ས་རེད། ཨེ་མ་ཧོ་ལེགས་སོ།
འཁོར་དང་མྱང་འདས་བདེན་པ་གཉིས།
གཟུང་དང་འཛིན་པ་བོན་དང་བན།
ཕྱི་ནང་གཉིས་སུ་འཛིན་པའི་བློ།
ཡང་དག་བློ་ཞེས་གསུངས་པ་མེད།
འཁོར་འདས་བདེན་གཉིས་ཕྱི་དང་ནང་གི་བོན།
གཉིས་མེད་གཉིས་སུ་བཟུང་སྟེ་འཁོར་བར་ཁྱམས།
ཕྱི་ཡི་ས་རྡོ་ལྟ་བུའི་རྨོངས་པའི་ངོར།
ཐམས་ཅད་གཡག་རུ་བཞིན་དུ་སོ་སོར་གནས།
༼མཆན། ཕྱི་ཞེས་པ་ཨ་ཕྱི་དང་་་ས་རྡོ་ཞེས་པ་ཀརྡོ་ལགས་ཡིན༽
འདི་ཁྱེད་གཉིས་ཀྱི་ལྟ་གྲུབ་ཡིན་པས་ལྟ་བའི་བསྟོད་པ་སྔར་མེད་མོ་ཤམ་བུ་ཡི་འུར་རྡོ་ཞེས་ཟླ་ཚེས་དགེ་བའི་ཉིན། གང་གི་གྲོགས་མཆོག་བན་དེ་བ་མིང་ཅན་པ་དེ་ཡིས་མཆོད་པར་ཕུལ།
་
ཕྱི་ཡི་ས་རྡོ་ལྟ་བུའི་རྨོངས་པའི་ངོར།
ཐམས་ཅད་གཡག་རུ་བཞིན་དུ་སོ་སོར་གནས།
་
༼མཆན། ཕྱི་ཞེས་པ་ཨ་ཕྱི་དང་་་ས་རྡོ་ཞེས་པ་ཀརྡོ་ལགས་ཡིན༽་་་་་་་་་་ཟེར།
བན་དེ་ཟེར་ནས་བན་ལ་དགྲ་བཞིན་སྡང་།།
བོན་པོ་ཟེར་ནས་གདོན་འདྲེ་ལྷ་བཞིན་བསྐུར།།
བན་བོན་རིས་མེད་བཤད་པའི་སྐྱན་རྫུན་འདི།།
དཔལ་མཇེ་མཁན་པོས་ཕྱི་ནང་ངོ་གཉིས་རེད།།
ཧ ཧ ད་ངོ་མ་ཟེར་དུས་དཔལ་མཇེ་དང་བན་དེ་བ་ཟེར་བ་གཅིག་རེད་བཞགས།
རྒན་མོས་མཁན་ཆེན་དཔལ་དགྱེས་ཟེར་ནས་གནམ་ལ་བསྐྱག
རྒན་མོས་བན་དེ་མུ་སྟེགས་ཟེར་ནས་ས་ལ་བརྡབ།
ད་ནི་བན་དེ་དཔལ་དགྱེས་ཟེར་བ་དོན་གཅིག་ཏུ།
ངོས་འཛིན་བྱེད་པའི་ནང་འགལ་ཕུང་པོ་བསྒྲུབ།
མཁན་ཆེན་བན་དེའི་མིང་ཁྱེར་ནས།།
བན་བོན་གཅིག་པ་ཡིན་འདོགས་བསྟན།།
རིས་མེད་ཟེར་བའི་སྐྱག་རྫུན་འདིས།།
དཔལ་མཇེས་ནང་ཆལ་ཕྱིར་གསལ་ཐལ།།
༼བན་བོན་རིས་མེད་དུ་རྨིས་པ༽་ཞེས་པའི་རྩོམ་ཡིག་དེའི་ནང་དོན་ལ་གཞིགས་ཚེ། ཕལ་ཆེར་ར་བཟི་ཞིག་གིས་བྲིས་པ་ཡིན་ཤས་ཆེ། རྩོམ་ཡིག་དེའི་བརྗོད་བྱ་དང་། ཚིག་སྦྱོར་གཉིས་ཀའི་ངོས་ན་མ་འགྲིགས་པ་མང་ཙམ་སྣང་ཡང་། ཚིག་སྦྱོར་གྱི་གནས་ཚུལ་རྣམས་ནི་རེ་ཞིག་བཞག་ལ། རྩོམ་ཡིག་དེའི་བརྗོད་བྱའི་ཐད་ན་འགལ་འདུའི་སྐྱོན་ཤིན་ཏུ་ཆེ་བར་སྣང་། དེ་ཡང་བསྡུས་གསལ་གྱི་སྒོ་ནས་ཞུ་ན། དེའི་ནང་༼ཞྭ་དཀར་ཐོར་གཙུག་མཛེས་པའི་གཉའ་ཁྲི་ནས་བཟུང་སྟེ།།ཟ་ཧོར་མཁན་ཆེན་བརྒྱུད་པའི་དམ་ཆོས་ཀྱི་བར་ལ།།འ་ཅག་རྩོད་གླེང་དགོས་པ་རྡུལ་ཙམ་ཞིག་མི་འདུག༽ཞེས་བྲིས་འདུག་པར། བོན་པོ་ཚོས་ལོ་རྒྱུས་ཡིག་ཚང་འགའ་ན་མཁན་ཆེན་བྷོ་དྷི་ས་ཏྭའི་མཛད་རྣམ་གྱི་སྐོར་ལ་འགྲེལ་བཤད་ཅི་ཞིག་བགྱིས་ཡོད་པའང་མ་མཐོང་བར་འདུག་པས། དེའི་སྐོར་ན་དགོས་པ་རྒྱུ་མཚན་ལྡན་པའི་གླེང་གཞི་ཤིན་ཏུ་མང་། ཡང་། རྩོམ་ཡིག་དེར། ༼བ་དན་རུ་དར་བསྒྲེང་བའི་ལྷ་ཀླུ་དང་གཉན་རིགས༽ཞེས་བྲིས་པར་དཔག་ན། རྩོམ་པ་པོ་རང་ཉིད་གཙུག་ལག་རྩིས་ཀྱི་ཡང་སྙིང་ཕར་ཞོག དོ་སྣང་ཙམ་ཡང་བྱས་མ་མྱོང་བའི་ཁར། ལྷ་ཀླུ་གཉན་རིགས་ཡིན་ཚད་བ་དན་དང་རུ་དར་བསྒྲེང་བ་འབའ་ཞིག་ཡིན་པར་ཁས་ལེན་དགོས་པའི་སྐྱོན་དང་། ཡང་དེར། ༼ཀུན་བཟང་ཆོས་ཀྱི་སོགས་ནས། མདུད་པ་རང་ཞིག་ཏུ་སངས་ཐལ༽ཞེས་པའི་བར་གྱི་ཚིག་དེ་དག་གི་ཞ་ཞོར་དུ། རང་ཉིད་གནས་ལུགས་ཇི་བཞིན་གཟིགས་པའི་རྣལ་འབྱོར་བ་ཞིག་ཡིན་པ་ཁས་བླངས་པ་དང་། རྩོམ་ཡིག་དེའི་མཇུག་བྱང་དུ་༼རྨི་ལམ་ཞིག་རྨིས་པ་ལ་རྐྱེན་བྱས༽སོགས་བརྗོད་པ་ལ་དཔག་ན། རྨི་ལམ་ཉིང་འཁྲུལ་ཙམ་ལའང་བདེན་འཛིན་ཞུགས་པ་ཡིན་པས། རང་མཚང་གི་རྐུབ་ཏོ་རྗེན་པར་བསྟན་ཅིང་། ཚུལ་དེ་ལས་ལྡོག་པར་བརྟེན། དེ་ལས་དགོད་བྲོ་བའི་ཐོ་ཅོའི་སྤྱོད་པ་ཅི་ཞིག་ཡོད།
དགེ་བ་ལན་གཅིག་གིས། དགེ་བ་བརྒྱ་འགྱུར་དང་། འབུམ་འགྱུར་འགྲོ་བ་ཡོད་དགོས་ཏེ། ཞིང་གི་མཐུ་བརྟེན་པ་དང་། གནས་ཁྱད་པར་ཅན་དང་།དུས་ཁྱད་པར་ཅན་དང་། ཆོས་ཁྱད་པར་ཅན་དང་། ཆོས་འཆད་མཁན་དང་ཉན་མཁན་ནམ། ཆོས་བྱེད་མཁན་གང་ཟག་ཁྱད་པར་ཅན་གྱིས། དགེ་བའམ། ཕྱག་ལན་གཅིག་བཙལ་བའམ། གཟུངས་སྔགས་ལན་གཅིག་བཏོན་པས། དེ་བརྒྱ་འགྱུར་དང་། འབུམ་འགྱུར་གྱི་གྲངས་ཚད་དུ་འགྲོ་བ་ལོས་དགོས་སྙམ་མོ།། །།
ཀླུ་སྨྱོན་གྱི་དྭོགས་པའི་ལན་དུ་ནི། ལོ་གཅིག་གི་ནང་ལ། ལྷ་ས་དང་། ཨ་མདོ་གཉིས་པོའི་ཟླ་བ་མི་གཅིག་པ་སོ་སོར། ་ས་ག་ཟླ་བའི་ཕན་ཡོན་གཉིས་ཀ་ལ་ཐོབ་པ་ཡོད་ཀྱང་། འོནད་ཀྱང་། ལོ་གཅིག་ལ་ས་ག་ཟླ་བ་གཉིས་ཡོད་མི་དགོས།
འབྲི་ས་ནོར་འདུག དགོངས་དག
དཔལ་གྱེས་རྡོར་ལ།
བན་དེ་ཆོས་ཅན། ཁྱོད་བོན་པོ་ཡིན་པ་ཐལ། ཁྱོད་གཤེན་ལ་སྐྱབས་སུ་འགྲོ་བའི་ཕྱིར། ཡིན་པ་ཐལ། བན་བོན་གཅིག་ཡིན་པའི་ཕྱིར། ཡང་ན། བོན་པོ་ཆོས་ཅན། ཁྱོད་བན་དེ་ཡིན་པར་ཐལ། ཁྱོད་བོན་པོར་སྐྱབས་འགྲོ་མི་བྱེད་པའི་ཕྱིར། དེར་ཐལ། བན་དེ་ཡིན་ན་བོན་པོར་སྐྱབས་འགྲོ་མི་བྱེད་པའི་ཕྱིར། ཚ། ཚ། ཚ། ཟེར་དགོས་རེད་པས།