Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བབ་བརླིང་བརྟན་གསུམ་ལྡན་པའི་མི་དེ་ཁྱོད་ཡིན།

Posted on 2020-09-162020-09-17 By ཁ་བརྡ 2 Comments on བབ་བརླིང་བརྟན་གསུམ་ལྡན་པའི་མི་དེ་ཁྱོད་ཡིན།

ཚེ་འབར།
 
ང་རང་ཕྱི་ལོ་༢༠༠༩ལོར་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་འབྱོར། ཕྲན་བོད་ན་ཡོད་སྐབས་རྒྱ་ནག་གཞུང་གིས་ཆབ་སྲིད་ཉེས་མིང་འོག་ཐེངས་གཉིས་ལ་འཇུ་བཟུང་བཙོན་འཇུག་བྱས་པ་མ་ཟད་ལྷ་སའི་གྲ་བཞི་བཙོན་ཁང་དུ་ཡུན་རིང་པོར་འདུག་མྱོང་མཁན་ཞིག་ཡིན་སྟབས་བོད་གཞུང་གིས་ཆབ་སྲིད་བཙོན་ཟུར་ཡིན་པ་ངོས་ལེན་གྱིས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་དམིགས་བསལ་ལྟ་རྟོག་བྱེད་ཡུལ་དུ་གྱུར། སྐབས་དེར་ད་ལྟའི་ལྡི་ལིའི་དོན་གཅོད་ལས་ཐོག་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་རེད་འདུག ང་ཐེངས་དང་པོ༧རྒྱལ་བ་ཡིད་བཞིན་ནོར་བུ་ལ་མཇལ་བའི་བསྐལ་བ་ལྡན། དེ་ནས་བོད་གཞུང་གི་དཔོན་རིགས་མཐོ་ཤོས་ཤིག་ལ་མཇལ་ཐུབ་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཐེངས་དང་པོ་ཡིན། ཁོང་ནི་ཧ་ཅང་གི་མི་བབས་ཆགས་ཞིག་རེད། རྣམ་འགྱུར་བབས་ཆགས་པ་མ་ཟད་སྐུ་ལུས་ཀྱང་བབས་ཆགས་ཤིག་ཏུ་སྣང་། ད་དུང་ཁོང་གི་རང་བཞིན་བརླིང་པོ། བློ་གྲོས་བརླིང་པོ། རྣམ་འགྱུར་བརླིང་པོ། མཐའ་ན་གོམ་པ་ཡང་བརླིང་པོ་བྱས་ནས་འགྲོ་མཁན་ཞིག་རེད།རྒྱ་དཔོན་སྡུག་རྩུབ་ཅན་དེ་དག་གིས་གཉའ་གནོན་འོག་ནས་དཀའ་སྡུག་ཚད་མེད་མྱོང་མཁན་ཞིག་གློ་བུར་དུ་དཔོན་ཉམས་རྩ་བ་ནས་མི་སྟོན་མཁན་གྱི་དཔོན་པོ་བབས་ཆགས་ཞིག་དང་མཇལ་ན། དམིགས་གསལ་གྱིས་བག་ཆགས་ཤིག་བཞག་ཡོད་པ་བརྗོད་ག་ལ་དགོས།

ཁོང་གིས་ང་ལ་བཞག་པའི་བག་ཆགས་དམིགས་བསལ་བ་དེ་དུས་ནམ་ཡང་སེམས་ནས་བརྗེད་ཐབས་ཞིག་མི་འདུག་དུས་དེ་ནས་བཟུང་ང་རང་ཉིད་ཀྱི་བདེ་སྡུག་ཅི་ཞིག་ཞུ་རྒྱུ་ཡོད་ན་ཁོང་གི་མདུན་ལ་ཐད་ཀར་བཅར་གྱིན་ཡོད། དེ་ནི་ང་ལྟ་བུའི་བོད་ནས་གསར་དུ་འབྱོར་བའི་བཙན་བྱོལ་བ་སྐྱབས་མེད་མགོན་མེད་ཅིག་ལ་མཚོན་ན་རང་ཉིད་ལ་དཀའ་ངལ་ག་རེ་འཕྲད་ཀྱང་སྐུ་ངོ་ཁོང་ལ་ཞུ་ཆོག་གི་རེད་བསམ་དུས་སེམས་ལ་དྲོད་ཐིགས་ཤིག་སྟེར་གྱིན་འདུག ཁོང་ནི་ཧ་ཅང་མི་བརྟན་པོ་ཞིག་རེད་འདུག རྒྱུ་མཚན། ཁོང་ལ་འཁྲལ་འཁྲུལ་གྱི་གཡོ་སྒྱུའི་གཤིས་སྤྱོད་ཅི་ཡང་མེད་པར་ལས་ཁུངས་གཅིག་གི་ནང་དུ་ལོ་ངོ་སུམ་ཅུ་སོ་གྲངས་ཤིག་ལ་བཞུགས་ཐུབ་པ་དེས་ཁོང་མི་བརྟན་པོ་ཡིན་པ་གསལ་པོ་གསལ་རྐྱང་མཚོན་འདུག་སྙམ། ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་གསར་འགོད་པ་ཞིག་གིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་དམིགས་བསལ་གྱི་བཀའ་འདྲི་ཞུས་པར་སྐུ་ངོ་མཆོག་གིས་”དེ་སྔ་སྲིད་སྐྱོང་གི་འོས་གཞིར་བཞེངས་རྒྱུའི་འཆར་གཞི་གང་ཡང་མེད་ཀྱང་། བར་ལམ་ནས་སྤྱི་ཚོགས་དྲྭ་ལམ་ཁག་དང་། ལྷག་པར་དུ་དངོས་སུ་སེར་སྐྱ་ཕོ་མོ་རྒན་གཞོན་བར་གསུམ་དང་སྲི་ཞུ་བ་ཟུར་པ། དེ་བཞིན་བོད་ནས་ཕེབས་པ་དང་བོད་ནང་ཡོད་པའི་བོད་མི་ཁག་ཅིག་བཅས་ནས་རེ་སྐུལ་ཡང་ཡང་ཞུས་དང་ཞུ་མུ་ཡིན་སྟབས། རེ་སྐུལ་དེ་དག་བརྩི་མེད་དུ་བཞག་མ་ཐུབ་པས་ད་རེས་༢༠༢༡ལོའི་སྲིད་སྐྱོང་གི་འོས་མིར་བཞུགས་རྒྱུའི་ཐུགས་ཐག་བཅད་པ་ལྟར་མང་ཚོགས་ཀྱིས་རྒྱབ་སྐྱོར་གནང་ཐོག་དངོས་གཞིའི་འོས་མིར་ཚུད་ཚེ་ཕྱིར་འཐེན་གནང་རྒྱུ་མིན”ཞེས་གསུངས་ཡོད་པ་དེ་ཏག་ཏག་འགྲིག་འདུག་སྙམ་པའི་དགའ་ཚོར་ཞིག་བྱུང་། ད་ལྟའི་འོས་གཞི་ནང་ལ་བཞེངས་མཁན་མང་ཆེ་བ་བཀའ་ཟུར་དང་ཚོགས་ཟུར་སོགས་མི་རྙིང་པ་རྐྱང་རྐྱང་རེད་འདུག བོད་སྤྱི་བའི་སྡིངས་ཆ་སྟེང་ནས་ལས་ཀ་ལོ་མང་བྱས་ཚར་མཁན་ཞིག་གིས་ད་དུང་གོ་སྐབས་སྤྲད་ན་སྔར་དང་མ་འདྲ་བ་ཞིག་བྱ་རྒྱུ་ཡོད་མདོག་མདོག་གསུང་བཞིན་ཡོད་པ་དེ་སྐྱག་རྫུན་ཡིན་ནི་རེད། དྲིལ་བསྒྲགས་ཀྱིས་མི་མང་གི་ཁ་ཕྱོགས་བསྒྱུར་ནས་རང་ཉིད་ལ་གོ་གནས་མཐོ་བོ་རག་རྒྱུ་དང་སྙན་གྲགས་ཆེན་པོ་རྒྱས་ཆེད་ཁོ་ན་ལས། བོད་ཀྱི་མ་འོངས་པའི་ཆེད་དུ་ལས་ཀ་གསར་པ་ཞིག་བྱ་རྒྱུ་ཡོད་རེད་བསམ་གྱི་མི་འདུག ལྷག་པར་དུ་ལོ་ངོ་ཉི་ཤུ་སུམ་ཅུ་ལ་ལས་ཀ་བྱས་པའི་སྐབས་སུ་མ་དྲན་པ་ཞིག་སྲིད་སྐྱོང་འོས་བསྡུ་བྱེད་ལ་ཉེ་བའི་སྐབས་གློ་བུར་དུ་དྲན་རྒྱུ་ཞིག་ཡོད་མདོག་སྟོན་གྱིན་པ་དེ་ཡང་བདེན་པ་རེད་ཟེར་ནས་བཤད་ཁག་པོ་འདུག སྐུ་ངོ་བཀའ་ཟུར་མཆོག་ནི་དེ་འདྲ་མ་ཡིན་པར་”ང་དངོས་གཞིའི་འོས་མིའི་ཁུངས་སུ་ཚུད་ན་ས་གནས་ས་ཐོག་ལ་ཕེབས་ཏེ་ཁྱབ་བསྒྲགས་དང་གཏམ་བཤད། དེ་བཞིན་འགྲན་རྩོད་སོགས་ཀྱི་ལས་རིམ་ནང་ཆ་ཤས་བཞེས་རྒྱུ་མིན་”གསུང་བ་དང་ལྷག་པར་དུ་”འོས་འཕེན་པ་ཚོའི་ལྷན་སྐྱེས་ཀྱི་བསམ་བློའི་གདམ་ཀ་དེ་གུས་བརྩི་བྱ་རྒྱུ་ཡིན་”གསུངས་པ་དེ་གཟི་བརྗིད་ལྡན་པ་ཞིག་རེད་སྙམ། མི་རྙིང་པ་ཞིག་ལ་ལས་ཀ་གསར་པ་ཞིག་བྱ་རྒྱུ་ཡོད་མདོག་མདོག་བྱས་ན་རྫུན་ཆགས་ངེས། དེ་ལས་ལོ་མང་རིང་མི་མང་ལ་ཞབས་ཞུ་ཞུས་ནས་མི་མང་གི་བློ་སེམས་མགུ་བ་དང་ཡིད་ཁ་ཚིམ་པ་ཞིག་བྱུང་ཡོད་ཚེ། མི་མང་གིས་རང་བཞིན་གྱི་དགའ་མོས་བྱ་རྒྱུ་ཡིན་པ་སྨོས་ག་ལ་དགོས། ལོ་མང་རང་མི་མང་གི་ཆེད་དུ་ཕྱག་ལས་ལྷག་བསམ་རྣམ་དག་གིས་བྱས་ཡོད་བསམ་པའི་གདེང་ཚོད་ཡོད་མཁན་ཞིག་ཡིན་ན། དྲིལ་བསྒྲགས་ཀྱིས་མི་མང་པོ་ཁ་ལོ་བསྒྱུར་ག་ལ་དགོས། མི་ཕལ་ཆེར་གྱིས་མི་ཤེས་པ་ག་ལ་སྲིད། རང་ཉིད་ཀྱིས་མི་ལོ་མང་པོར་ལས་ཀ་བྱས་བ་དེས་མི་མང་གི་འདོད་པ་ཚིམ་ནས་མང་ཚོགས་ཀྱི་ལྷན་སྐྱེས་ཀྱི་བསམ་བློས་འོས་བླུག་ནས་ཐོབ་སོང་ན་དེ་ལ་རིན་ཐང་ཧ་ཅང་ལྡན། དེ་མིན་ད་དུང་དམིགས་བསལ་ལས་རྒྱུ་མེད་ན་ཡོད་མདོག་བྱས་ནས་མི་མང་ལ་མགོ་སྐོར་གཏོང་དགོས་ཚེ་མ་ལངས་ན་ཡག་གི་རེད་སྙམ་ཡོད།

ད་ལྟའི་འོས་མི་དག་ལས་སུ་ཞིག་ལ་འོས་ཐོབ་སོང་ན་བོད་རྒྱལ་ཁབ་སླར་གསོ་ཕར་ཟད་བོད་ནང་རང་དབང་སླར་གསོ་ཙམ་ཞིག་ཡོང་རེ་བསམ་པ་ང་ལ་མེད། འོན་ཀྱང་ང་ཚོ་བཙན་བྱོས་སྤྱི་ཚོགས་སྤར་མོ་གང་པོ་ཁ་འཐོར་དགུ་འཐོར་ལ་མི་འགྲོ་བའི་ཆེད་དུ་མི་བབ་བརླིང་བརྟན་གསུམ་ཅན་ཞིག་གིས་སྲིད་སྐྱོང་བྱས་ན་ཏན་ཏན་ཕན་ཐོགས་འབྱུང་གི་རེད་བསམ་པ་དེ་ཡིན། འདི་ལྟར་བཤད་ན་སྐུ་ངོ་བཀའ་ཟུར་མཆོག་ཕྱི་ལོ་༢༠༡༦ཟླ་༤ཚེས་༦རེས་གཟའ་ལྷག་པའི་ཉིན་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་བ་དེ། རྒྱུ་མཚན་དུ་བྱས་ནས་ཁོང་གི་སྲིད་སྐྱོང་གི་འགན་ཆོག་གི་མ་རེད་གསུང་མཁན་རེ་ཟུང་ཡོང་གི་རེད། ང་ཚོ་འགྲོ་བ་མི་ཚང་མའི་བསམ་བློ་གཏོང་སྟངས་མ་འདྲ་བ་ཡོད་པ་དེ་མཁྱེན་གསལ་རེད། དེར་བརྟེན་སྐུ་ངོ་ཁོང་གིས་རྩ་དགོངས་ཞུ་དགོས་བའི་རྒྱུ་མཚན་གསུང་སྐབས་”གཙོ་བོ་བར་ལམ་རྣམ་པ་ཚོ་ཚང་མས་མཁྱེན་གསལ་ལྟར་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལྗིད་པོ་ཕེབས་གནང་ཡོད་པ་དང་། དེའི་ཐོག་ཉེ་ཆར་གྲོས་ཚོགས་གྲོལ་རྗེས་ཆོས་སྐྱོང་ཚོ་སྤྱན་འདྲེན་ཞུས་སྐབས་བཀའ་ལུང་ལྗིད་པོ་ཞེ་བོ་ཕེབས་འདུག དེ་འདྲ་ལ་བརྟེན་སོ་སོའི་སེམས་ལ་རྡོག་ཁྲེས་ཡོད་པ་ཡིན་ཙང་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན་ཞེས་གསུངས་ཡོད།”དེ་མིན་བཀའ་བློན་འགའ་ཤས་ཀྱིས་གསུང་སྟངས་བྱས་ན་དཔལ་ལྡན་སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་འགྲིག་གི་མི་འདུག་མདོག་མདོག་དང་། ད་དུང་ཧ་ལམ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསང་བ་ཞིག་བཤད་རྒྱུ་ཡོད་མདོག་བྱས་ནས་ས་བསྒྲགས་གནམ་བསྒྲགས་བྱས་བ་དང་མི་འདྲ་།

ད་དུང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་གྱི་མཐའ་མའི་དངོས་གཞིའི་འོས་བསྡུ་མཇུག་སྒྲིལ་ནས་ཉིན་བཅུ་དྲུག་གི་རྗེས་སུ་༢༠༡༦ ཟླ་༤ ཚེས་༦ ཉིན་བཀའ་ཟུར་འབྲུང་ཆུང་དངོས་གྲུབ་མཆོག་གིས་བཀའ་བློན་ནས་དགོངས་ཞུ་གནང་ཡོད་པ་དེ་ག་རང་གི་སྟེང་ནས་སྐུ་ངོ་ཁོང་གིས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འོས་ཤོག་ལ་གནོད་པ་ཏིལ་འབྲུ་ཙམ་ཞིག་བྱེད་འདོད་ཅིག་བསམ་པའི་ཡུལ་ལ་མེད་པ་ཤེས་གསལ་རེད་འདོད།

མ་ཟད་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ནས་འགོ་འཛུགས་ཀྱིས་ཕྱི་ལོ་༢༠༡༦ ཟླ་ ༤ ཚེས་ ༡ ཉིན་དངོས་སུ་གྲོལ་ཡོད་པའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་མཐའ་མ་ལ་གསལ་བཤད་ལན་འདེབས་ཆ་ཚང་བྱས་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅུ་བཞི་པ་ལ་སྐྱིད་སྡུག་མཉམ་མྱོང་གནང་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་ཡིན།

སྐུ་ངོ་ཁོང་ནི་དད་པ་ཡོད་མཁན་གྱི་མི་ཞིག་ཡིན་པའི་ཆ་ནས་༧རྒྱལ་བའི་བཀའ་གསུང་དང་ཆོས་སྐྱོང་གི་བཀའ་ལུང་གཙུག་ཆེན་དུ་བཟུང་ནས་དགོངས་ཞུས་གནང་བ་དེ་ང་ཚོའི་བསམ་ཤེས་བྱ་མི་ཐུབ་པ་དང་ཁོང་ཁྲོ་ལངས་དགོས་དོན་ཞིག་རྩ་བ་ནས་མི་འདུག་སྙམ། བདེ་སྲུང་བཀའ་བློན་ནས་དགོངས་པ་ཞུས་པ་ཙམ་གྱིས་སྲིད་སྐྱོང་གི་འགན་ཆོག་གི་མ་རེད་གསུངས་བ་དེ་རྒྱུ་མཚན་ཡང་དག་ཅིག་མིན། རྒྱུ་མཚན་ནི། སྔོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་མི་ལོ་ཆིག་སྟོང་བཞི་བརྒྱ་བརྒལ་བའི་སྔོན་བདག་ཉིད་ཆེན་པོ་སུ་ཁ་ར་ཏིའི་(Socrates)བཟོད་གསོལ་ལ་དཔེ་བླངས་ནས་བོད་ཀྱི་གྲོས་ཚོགས་ནང་བཟོད་གསོལ་རིང་ཙམ་ཞུས་རྗེས་དགོངས་པ་ཞུས་པ་རེད་དེ། དེའི་རྗེས་སུ་བཀའ་བློན་ཁྲི་བ་འདེམས་ཐོན་བྱུང་ནས་ལོ་བཅུ་ལ་འགན་ཁུར་བླངས་བ་དེས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བདེ་སྲུང་བཀའ་བློན་ནས་དགོངས་པ་ཞུས་བ་ཙམ་གྱིས་སྲིད་སྐྱོང་གི་འགན་ཆོག་གིས་མ་རེད་གསུངས་པ་དེ་བདེན་པ་མིན་པ་གསལ་པོ་ཤེས་ཐུབ་བོ། །

ཕྱི་ལོ་༢༠༢༠ཟླ་༩ ཚེས་ ༡༦ རེས་གཟའ་ལྷག་དཀར་ཉིན་ནུབ་ཨོ་གླིང་ནས་སྤེལ།།

བསམ་ཚུལ།

Post navigation

Previous Post: གངས་ཅན་པའི་ཕུགས་བསམ།
Next Post: དབུ་ཁྲིད་ཀྱི་ཁྱད་ཡོན་འབུར་ཏུ་མཐོན་པའི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག

Comments (2) on “བབ་བརླིང་བརྟན་གསུམ་ལྡན་པའི་མི་དེ་ཁྱོད་ཡིན།”

  1. བོད་ཡིག་སྐྱབས། says:
    2020-09-17 at 8:15 am

    “ད་དུང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་གྱི་མཐའ་མའི་དངོས་གཞིའི་འོས་བསྡུ་མཇུག་སྒྲིལ་ནས་ཉིན་བཅུ་དྲུག་གི་རྗེས་སུ་༢༠༡༦ ཟླ་༤ ཚེས་༦ ཉིན་བཀའ་ཟུར་འབྲུང་ཆུང་དངོས་གྲུབ་མཆོག་གིས་བཀའ་བློན་ནས་དགོངས་ཞུ་གནང་ཡོད་པ་དེ་ག་རང་གི་སྟེང་ནས་སྐུ་ངོ་ཁོང་གིས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འོས་ཤོག་ལ་གནོད་པ་ཏིལ་འབྲུ་ཙམ་ཞིག་བྱེད་འདོད་ཅིག་བསམ་པའི་ཡུལ་ལ་མེད་པ་ཤེས་གསལ་རེད་འདོད།”
    གནད་འགག་རྡོག་རྡོག་ཅིག་རེད། ཡིན་ཡང་རྣམ་རྟོག་ཅན་ཚོར་བྱ་ཐབས་དཀའ་མོ་གདའ།

  2. ཚེ་བརྟན་འགྱུར་མེད། says:
    2020-09-17 at 2:28 pm

    ཚེ་འབར་ལགས་ཁྱེད་ལྟར་ངའང་བཀའ་ཟུར་འབྲོང་ཆུང་ལགས་སུ་མོས་མཁན་ཞིག་ཡིན། ཁྱེད་བོད་རྒྱལ་ཁབ་དང་མི་དམངས་ཆེད་རྒྱའི་བཙོན་འཇུག་དུ་འགྲོ་དགོས་བྱུང་བར་རྗེས་སུ་ཡིད་རང་ཡོད། ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་དགོངས་ཚུལ་རེ་གཉིས་ལ་ང་འདོད་བློ་བྱུང་མ་སོང།
    ང་ལྟ་བུའི་བོད་ནས་གསར་དུ་འབྱོར་བའི་བཙན་བྱོལ་བ་སྐྱབས་མེད་མགོན་མེད་ཅིག་ལ་མཚོན་ན་ཞེས་པ་དེ་ཡིན། ཉིད་ལྟ་བུ་ཆབ་སྲིད་བཙོན་པས་སྐྱབས་མེད་མགོན་མེད་བསམ་ནས་༢༠༠༩་ནང་བཙན་བྱོལ་ཕེབས་ན་༥༩དང་༦༠་ནང་བཙན་བྱོལ་དུ་ཡོང་མཁན་ཚོས་ཇི་བསམ་དགོས་བསམ། ངས་ཚོད་དཔག་ཞུས་ན་༸རྒྱལ་བ་རིན་ཆེ་སྐྱབས་བཅོལ་དུ་ཕེབས་འདུག་ད་ང་ཚོ་འགྲོ་ཅེས་སྐྱབས་མགོན་དུ་བསམ་ནས་ཡོང་ཡོད་ངེས། འགའ་ཤས་ཀྱི་རྒྱའང་མཐོང་ཨེ་ཡོད་ཞུས་ན་ཕལ་ཆེར་འུར་མིན་འགྲོ ངས་སློབ་གྲྭ་ནས་ཤེས་པ་ལྟར་ན་མགོན་སྐྱབས་དཔུང་གཉེན་ཞུ་དུས་མགོན་སྐྱབས་དེ་ང་ཚོའི་བླ་ན་མེད་པའི་དབུ་འཁྲིད་མཆོག་ལ་ཞུ་བ་དང་དཔུང་དེ་བོད་གཞུང་། གཉེན་དེ་ཤ་རུས་གཅིག་པའི་བོད་མི་ལ་གོ་བ་ལེན་དགོས་ཟེར། ཡང་བོད་མི་ཆོས་པ་ཞིག་ལ་ཞིབ་ན་ཚེ་འདིའི་ལྟོ་གོས་གཏམ་གསུམ་དང་ཚེ་ཕྱི་མ་ད་ལྟའི་མི་ལུས་ལས་རྟེན་བཟང་པ་ཞིག་ཏུ་སྐྱེ་བའི་སྐྱབས་བཅོལ་ས་དང་མགོན་ཞུ་ཡུལ་དེ་༸གོང་ས་མཆོག་ཡིན་པ་ངོས་ལེན་ཞུ་གི་མ་རེད་པས། གང་ལྟར་ཡང་སྐྱབས་བཅོལ་དུ་བྱུང་བའི་བདེ་དོན་དེ་ཁོང་གིས་དབུ་འཁྲིད་ལས་བྱུང་བ་དང་སྐུ་ངོ་མཆོག་དེའི་ནང་གི་ཞབས་ཞུ་བ་ཡང་དག་མང་པོ་བྱུང་བ་དང་ཡོད་པ་ནས་ཁྱེད་ཀྱི་མཇལ་བ་དེ་རེད། བསྟོད་ཆེས་ན་སྐྱོན་དུའང་འགྲོ་སྲིད། དེ་ན་མགོན་མིན་འདུག་གམ། སྐྱབས་མིན་འདུག་གམ། དཔུང་གཉེན་ཡང་འདུག་བསམ། དཔེ་དེབ་ནང་དང་ཕྱི་ལོ་ ༢༠༠༥་ཡས་མས་སུ་ང་རང་གིས་གཞུང་གི་ཡིག་ཚོགས་ཤིག་ནང་དུའང་མགོན་མེད་སྐྱབས་མེད་ཅེས་མཇལ་སོང་བས་གོང་ཞུས་ལྟར་མོས་མ་སོང། ང་ནོར་ཡོད་ན་དགོངས་དག་ལ་ང་རས་ཀྱང་དེ་ཐོག་བཀའ་སྐོར་ཞུ་ཡི་ཡིན།
    ཡང་། ད་ལྟའི་འོས་མི་དག་ལས་སུ་ཞིག་ལ་འོས་ཐོབ་སོང་ན་བོད་རྒྱལ་ཁབ་སླར་གསོ་ཕར་ཟད་བོད་ནང་རང་དབང་སླར་གསོ་ཙམ་ཞིག་ཡོང་རེ་བསམ་པ་ང་ལ་མེད། འོན་ཀྱང་ང་ཚོ་བཙན་བྱོས་སྤྱི་ཚོགས་སྤར་མོ་གང་པོ་ཁ་འཐོར་དགུ་འཐོར་ལ་མི་འགྲོ་བའི་ཆེད་དུ་མི་བབ་བརླིང་བརྟན་གསུམ་ཅན་ཞིག་གིས་སྲིད་སྐྱོང་བྱས་ན་ཏན་ཏན་ཕན་ཐོགས་འབྱུང་གི་རེད་བསམ་པ་དེ་ཡིན། ཞེས་པ་ཐུགས་བསམ་ཆུང་བའམ་ཐུང་བའི་སྐྱོན་རེད་ཅེས་ངས་ཞུ་ཐུབ། སྐྱབས་བཅོལ་བོད་གཞུང་དང་དེའི་ཕྱག་ལས་ཁག་དུང་ཕྲུག་འོ་མས་གསོས་པ་དེ་དགྲ་ཆུ་སྲིན་ཁ་ལ་བཏབ་རྒྱུའི་དགོངས་བཞེས་མ་རེད་པས། དེ་ལས་གཟབ་ཏུ་ཞུས་ན་བོད་པའི་བདེ་དོན་དེ་བོད་པས་འཛིན་ཆེད་དུ་དམིགས་ནས་ང་ཚོའི་དབུ་འཁྲིད་མཆོག་ནས་དམངས་གཙོའི་ལམ་བཟང་བསྐྲུན་གནང་མ་རེད་དམ། ནང་བཀྲ་མ་ཤིས་ན་ཕྱི་དོན་མ་འགྲུབ་ཟེར་བ་ལོས་བདེན། དེ་དགོས་ན་ང་རང་ཚོ་ཚང་མས་བསམ་ལོ་ཡངས་པོ་དང་ཞིབ་པོ་གཏོང་དགོས་ཡོད། དེ་མིན་འདི་བྱས་ན་ཕ་ཡི་དགའ་ཡི་མ་རེད་བསམ་ནས་ངོ་བསྲུང་ཁོ་ནར་ལུས་བསྡད་ན་བསྡད་ཅིག་དང་དེ་ལས་མི་མཐར། སྤྱི་སེམས་དོན་དུ་དམིགས་ལས་དོན་སྤྱོད་པ་མི་དང་མཐུན་པའི་ལམ་ནས་བྱས་ན་ཐམས་ཅད་མགུ་པ་དེ་ལ་ཉེ་གསུངས་པ་ལྟར་འོང་ཆེ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme