༼འདི་ཡང་རྩོམ་རྙིང་ཞིག་ཡིན་ལ། ལོ་རྒྱུས་མཁན་པོ་དག་གིས་དགོངས་འཆར་ཡོང་སླད་འདིར་དྲངས་པ་ཡིན། དགེ་འདུན་རབ་གསལ་གྱིས།༽
འདིར་རྒྱལ་པོ་ན་རིམ་གྱི་མཛད་རྗེས་ལོ་ཚིགས་དང་བཅས་པ་རགས་གསལ་ཞིག་འགོད་རྒྱུ་གལ་ཆེར་མཐོང་ཞིང་། དེ་ཡང་དུས་ཕྱིས་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་བས་བསྟན་རྩིས་ཀུན་ལས་བཏུས་པའི་བསྟན་བཅོས་མཛད་དེ་ལོ་ཚིགས་ལ་སོགས་པའི་ཁུངས་དག་པར་མཛད་པ་ཉིད་ཕྱི་མོ་བྱ་འོས་སུ་མཐོང་བ་དང་མཉམ་དུ། གུས་ཀྱིས་དཀར་ཆག་ལྷན་དཀར་མ་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གཉིས་ཀྱི་སྐོར་ལ་དེབ་ཆུང་རེ་འབྲི་ཁུལ་བྱས་པའི་ནང་ཡང་ལོ་ཚིགས་ཀྱི་རིམ་པ་དེ་རང་ལ་གཞིར་བཞག་ཡོད་པས་འདིར་སྣོན་འཕྲི་དང་འགོད་པར་བྱ་བ་ལ།
ཕྱི་ལོ་ ༦༡༧ བོད་མེ་གླང་ལོར་སྲོང་བཙན་སྒམ་པོ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་དུ་ཕེབས་པ་ན་ཡབ་འདས་ནས་ཆབ་སྲིད་ཕྱག་ཏུ་བཞེས། ཁོང་གི་བློན་པོ་ཁྱུང་པོ་སྤུང་ཟད་ཟུ་ཙེ་དང་མོང་ཁྲི་དོ་རེ་སྣང་ཚབ་ཀྱིས་བྱས་ཤིང་། རྗེས་སུ་མོང་ལ་བཀྱོན་ཕབ་པ་དང་མགར་སྟོང་བཙན་གྱིས་བློན་པོ་ལོ་མང་རིང་བྱས། རྒྱལ་པོ་རང་གིས་ལོ་དྲུག་ཅུ་རྩ་དགུར་ཆབ་སྲིད་བསྐྱངས། སྐུ་ཚེ་སྟོད་ལ་བོད་རུ་བཞིར་ཕྱེ་བ་དང་རྒྱལ་ཕྲན་བཅུ་གཉིས་སོགས་དབང་དུ་བསྡུས། བསྐོས་པའི་རྒྱལ་པོ་སྡེ་བཞི་མངའ་འོག་ཏུ་བསྡུས། སོ་ཁ་རྒྱ་ཡུལ་དུ་བྱས། ཕྱི་ལོ་ ༦༣༣ ཙམ་ལ་ཐོན་མི་རྒྱ་གར་དུ་མངགས། དེ་ནས་བློན་ཆེན་ཐོན་མིས་རྒྱ་གར་ནས་རིག་པའི་གནས་ལ་སྦྱངས་ཏེ་མེ་རྟ་ལོ་སྟེ་ཕྱི་ལོ་ ༦༤༦ ཙམ་ལ་ད་ལྟའི་བོད་ཡིག་འདི་བཞིན་གསར་བཟོ་མཛད། སུམ་རྟགས་སོགས་བརྡའ་སྤྲོད་རིག་པའི་སྒྲོན་མེ་སྦར་ནས་བོད་དུ་ཡིག་ཐོག་རྩོམ་རིག་ཐོག་མར་དབུ་བཋྱེས། དེ་ལྟར་བོད་ཡིག་གསར་བཟོ་མཛད་པ་དེས་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་ཉར་གསོག་བྱས་པའི་རིག་པའི་གནས་དང་ཕྱོགས་བསྡུས་རང་བཞིན་གྱི་ཤེས་བྱའི་ཉམས་མྱོང་རྣམས་ཐོག་མར་ཡི་གེའི་འཇིག་རྟེན་དུ་འཕོ་བར་བྱས། ཚུལ་དེ་ཡང་འདི་ལྟར། “བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། །བཙན་པོ་འདི་འྀ་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོ་འྀ་རིམ་པ་དང་། ཆེ་ཆུང་གཉིས་ཀྱྀ་དབང་ཐང་དང་། ལེགས་པ་ཟིན་པ་འྀ་བྱ་དགའ་དང་། ཉེ་ཡོ་བ་འྀ་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སལུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན།། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལས་བྱུང་ངོ། མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས་། །སྲོང་རྩན་སྒམ་པོ་ཞེས་མཚན་གསོལ་ཏོ།།”[1] ཞེས་པ་ལྟར་གསར་དུ་བཟོས་པའི་ཡི་གེ་དེས་རྩོམ་རིག་ཁྱབ་ཁོངས་སྤྱིར་བཏང་བ་རྣམས་ལ་ཁྱབ་པ་སྨྲོས་མེད་ཐོག རྒྱལ་ཁབ་ཀྱི་བཀའ་ཁྲིམས་དང་། བློན་པོའི་གོ་ས་ཚུན་ཆད་ལ་ཡང་བཀོལ་ཏེ་ཆོས་སྲིད་ཀྱི་བྱ་བ་གང་ཅིའི་ཐོག་ནས་འཕེལ་རྒྱས་ཆེན་པོ་ཕྱིན། བསྒྱུར་བ་ལ་ཡང་ལོ་ཙཱ་བ་ཐོན་མི་དང་ཁོང་གི་མཆན་བུ་དྷརྨ་ཀོ་ཤ ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་དཔང་སྐོང་ཕྱག་རྒྱ་པ་ལ་སོགས་པའི་ཆོས་བཀའ་ཅི་རིགས་པར་བསྒྱུར་ཅིང་གཏན་ལ་ཕབ།[2] བཙན་པོ་འདིས་སྔ་ཕྱིར་བཙུན་མོ་གསུམ་ཁབ་ཏུ་བཞེས་ཀྱང་སྲས་མ་བྱུང་བས། མོང་བཟའ་ཁྲི་ལིཾམ་ཁབ་ཏུ་བཞེས་པའི་སྲས་གུང་སྲོང་གུང་བཙན་འཁྲུངས། མཐར་དགུང་ལོ་གྱ་གཉིས་སུ་ཕེབས་པའི་ས་ཁྱི་ཕྱི་ལོ་ ༦༩༨ ལོར་འཕན་ཡུལ་ཟབ་མོའི་ཚལ་དུ་དགུང་དུ་གཤེགས།[3]
སྲོང་བཙན་དགུང་གྲངས་ང་གཉིས་སུ་ཕེབས་པའི་ས་འབྲུག་སྟེ་ཕྱི་ལོ་ ༦༦༨ ལོར་གུང་སྲོང་གུང་བཙན་འཁྲུངས། ཕྱི་ལོ་ ༦༨༡ ལྩགས་སྦྲུལ་ལོར་གུང་སྲོང་རང་ཉིད་དགུང་ལོ་བཅུ་གསུམ་ལོན་པ་དང་ཆབ་སྲིད་ཕྱག་ཏུ་བཞེས། ལོ་ལྔ་ལ་རྒྱལ་སྲིད་བསྐྱངས་ནས་དགུང་ལོ་བཅུ་དགུ་བཞེས་པའི་མེ་ཁྱི་ཕྱི་ལོ་ ༦༨༦ པ་ལ་དགུང་དུ་གཤེགས། ཁོང་གི་བློན་པོ་མང་པོ་རྗེ་གསལ་སྣང་དང་སཁ ུབས་སཋོ་རེ་མང་སྣང་གིས་བྱས།
ཕྱི་ལོ་ ༦༨༦ མེ་ཁྱི་དེ་རང་ལ་གུང་སྲོང་གི་སྲས་མང་སྲོང་མང་བཙན་བལྟམས། དེ་ནས་ལོ་སྐོར་གཅིག་ན་མེས་སྲོང་བཙན་སྒམ་པོ་འདས། ཆབ་སྲིད་ལོ་བཅུ་བཞིར་བཟུང་ནས་དགུང་ལོ་ཉེར་བདུན་དུ་ཕེབས་པའི་ཆུ་བྱི་ཕྱི་ལོ་ ༧༡༢ པ་ལ་གཙང་གི་བར་སྣང་བྱ་བར་དགུང་དུ་གཤེགས།[4] བཙན་པོ་འདིའི་སྐུ་དུས་སུ་བཀའ་ཆོས་བསྒྱུར་ཚུལ་མིག་ལམ་དུ་མ་བྱུང་།
ཕྱི་ལོ་ ༧༡༢ ཆུ་བྱི་ལ་ཡབ་མང་སྲོང་འདས་པའི་རྗེས་སུ་ལོ་དེ་རང་ལ་མང་སྲོང་གི་སྲས་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་སྦྲགས་ཀྱི་ལྷ་ལུང་དུ་སྐུ་བལྟམས། འཁྲུངས་པ་ནས་བཟུང་ཆབ་སྲིད་ཀྱི་བདག་པོར་མངའ་གསོལ། བློན་ཆེན་པོ་མགར་སྟོང་བཙན་སྙ་ལྡོམ་བུ་དང་། མགར་ཁྲི་འབྲིང་བཙན་རྒོད་ཀྱིས་ལོ་བཅུ་རིང་བློན་པོ་བྱས། གར་ལོག་དང་ཧོར་ལ་དམག་བརྒྱབ་ནས་བཏུལ། བོད་ཀྱི་ཡུལ་ཁྱོན་བྱང་ཕྱོགས་སུ་རྒྱ་བསྐྱེད། དགུང་ལོ་ཉི་ཤུ་རྩ་དགུ་བཞེས་པའི་ལྕགས་འབྲུག་ཕྱི་ལོ་ ༧༤༠ ལོ་ལ་འཇང་གི་ཡུལ་དུ་ཧོར་དམག་གིས་བགྲོངས་ཏེ་སྐུ་གཤེགས།[5] རྒྱལ་པོ་འདིའི་རིང་ལ་ཡང་ཆོས་བཀའ་བསྒྱུར་བའི་ཚུལ་མ་གསལ།
འདུས་སྲོང་གི་སྲས་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་ཕྱི་ལོ་ ༧༤༠ ལྕགས་འབྲུག་ལོའི་དཔྱིད་ཀའི་དུས་སུ་ཕོ་བྲང་ལྷན་དཀར་དུ་སྐུ་བལྟམས། ལོ་དེའི་ལོ་མཇུག་ལ་ཡབ་གྲོངས་པས་ཆབ་སྲིད་ཀྱི་བདག་པོར་མངའ་གསོལ། རྒྱལ་པོ་འདིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དང་མཆིམས་ཕུ་ནམ་རའམ་གནམ་རལ། ཀྰ་ཆུ། བྲག་དམར་འགྲན་བཟང་། མདོ་སྨད་གླིང་གི་ཁྲི་ཙེ་བཅས་པའི་གཙུག་ལག་ཁང་དང་ཕོ་བྲང་བཞེངས། ལོ་ཙཱ་བ་བྲན་ཀ་མུ་ལ་ཀོ་ཤ་དང་། གཉགས་ཛྙ་ན་ཀུ་མྰ་རས་མདོ་སྡེ་ལས་བརྒྱ་པ་དང་གསེར་འོད་དམ་པ་གཉིས་བསྒྱུར། རྩིས་དང་སྨན་དཔྱད་ཀྱི་བསྟན་བཅོས་སོགས་བསྒྱུར་ཏེ་ཆོས་སྲོལ་ཆེར་མཛད་དོ་ཞེས་བུ་སྟོན་གསུངས།[6] སྲས་ཤིག་འཁྲུངས་པའི་བཙུན་མོར་རྒྱ་ཡུལ་ནས་གྱིམ་ཤིང་ཀོང་ཇོ་གདན་དྲངས་པ་ལ། བཙུན་མོ་མ་སླེབས་བར་སྲས་རྟ་ཡིས་གཡུགས་ཏེ་གྲོངས། གྱིམ་ཤིང་ཀོང་ཇོ་རང་གི་བཙུན་མོར་བསུས། ཕོ་བྲང་འཕང་ཐང་ཀ་མེད་ལ་བརྟེན་ནས་རོང་ཁ་བརྒྱད་བཅད་དེ་ཡུལ་གྱི་རྒྱ་བསྐྱེད།[7] ཁུ་མང་པོ་རྗེ་ལྷ་བཟུང་བློན་ཆེན་དུ་བསྐོས་པ་ལ་སྙན་ཕྲ་བཅུག་ནས་ཁུ་ལ་བཀྱོན་ཕབ། སྦས་ཁྲི་གཟིགས་ཞང་མཉེན་གྱིས་བློན་པོ་ལོ་བཞིའི་རིང་བྱས། འབྲོ་ཅུང་བཟའ་བར་མས་ལོ་ཉེར་གཅིག་གི་རིང་བློན་ཆེན་བྱས། མཐར་དགུང་ལོ་རེ་གསུམ་དུ་ཕེབས་པའི་ཆུ་རྟ་ཕྱི་ལོ་ ༨༠༢ པ་ལ་ཡར་འབྲོག་སྦས་ཚལ་དུ་དགུང་དུ་གཤེགས།[8]
མེས་ཨག་ཚོམ་གྱི་སྲས་བཙན་པོ་ཁྲི་སྲོང་ལྡེ་བཙན་ཕོ་བྲང་བྲག་དམར་དུ་ཕྱི་ལོ་ ༧༩༠ ལྕགས་རྟ་ཡི་ལོ་ལ་སྐུ་བལྟམས། དགུང་ལོ་བཅུ་གསུམ་ཕེབས་པའི་ཆུ་རྟ་ལ་ཡབ་འདས་ནས་ཆབ་སྲིད་ཕྱག་ཏུ་བཞེས། སྐུ་ཚེ་སྟོད་ལ་བློན་ཆེན་པོ་མཆིམས་ཁྲི་ཐོག་རྗེ་ཐང་ལ་འབར་དང་། ཅོག་རོ་སྐྱེས་བཟང་རྒྱལ་གོང་གིས་བློན་པོ་བྱས། དགུང་ལོ་ཉི་ཤུ་བ་ས་གླང་གི་ལོ་ལ་ཆོས་ཀྱི་དགོངས་པ་སྐྱེས། རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པད་མ་འབྱུང་གནས་སྤྱན་དྲངས། བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་བཞེངས། བསམ་ཡས་སུ་སྒྲ་བསྒྱུར་གྱི་གླིང་བཙུགས་ནས་ལོ་ཙཱ་བ་བེེ་རོ་ཙ་ན་དང་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ། རྨ་རིན་ཆེན་མཆོག་སོགས་ཀྱིས་ཆོས་དཔག་ཏུ་མེད་པ་བསྒྱུར། ཕྱི་ལོ་ ༨༢༤ ཤིང་འབྲུག་ཙམ་ལ་ཕོ་བྲང་ལྷན་དཀར་དུ་ནང་པའི་ཆོས་གཞུང་བསྒྱུར་བ་དང་བརྩམས་པའི་རིགས་དཀར་ཆག་ཏུ་བཏབ་པའི་ཚེ་ཡང་བཀའ་བསྟན་བསྡོམས་བདུན་བརྒྱ་ཉི་ཤུ་རྩ་དགུ་དང་། ཞུ་ཆེན་མ་བགྱིས་པ་གཉིས། བསྟན་བཅོས་བསྒྱུར་འཕྲོ་ལུས་པ་དགུ་བཅས་ཀྱི་མཚན་ཐོ་བྱུང་།
ཡང་ཀུན་མཁྱེན་བུས། “བོད་ཀྱི་ལོ་ཙཱ་བ་སད་མི་མི་བདུན་དང་། ཆོས་ཀྱི་སྣང་བ་དང་། བནྟྱྟྭེ་ནམ་མཁའ་དང་། སྒྲོ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་ལ་སོགས་པས་ལོ་ཙཱ་བྱས་ཏེ་ཆོས་མང་པོ་བསྒྱུར་ཏོ།།”[9] ཞེས་གསུངས། སད་མི་མི་བདུན་སོགས་བོད་འབངས་སུམ་བརྒྱ་རབ་ཏུ་བྱུང་།[10] དུས་དེ་ཙམ་ན་བོད་དུ་ཆོས་ལུགས་ཀྱི་རྩོད་རྙོག་མང་ཙམ་བྱུང་སྟེ་ཀྰ་ཆུ་སོགས་ཀྱི་གཙུག་ལག་ཁང་འགའ་ཞིག་བཤིག ཕྱིས་ཆོས་མི་བྱེད་པའི་བཀའ་ཁྲིམས་ཀྱང་བྲིས། སྐུ་ཚེ་སྨད་ལ་སྦ་གསལ་སྣང་བཞེར་ལ་བཙན་དང་། འགོས་ཁྲི་བཟང་ཡབ་ལྷག མཆིམས་རྒྱལ་གཟིགས་གླུ་ཐོ། ངན་ལམ་སྟག་ར་གླུ་གོང་། མཆིམས་མདོ་བཞེར་སྤྲོ་ཆུ་རྣམས་ཀྱིས་བློན་པོ་བྱས། ཁྱོན་བསྡོམས་ཆབ་སྲིད་ལོ་བཞི་བཅུ་རྩ་གཉིས་བཟུང་། རྒྱལ་ཁབ་ས་ཚིགས་ཀྱིས་བཅད། བོད་ཁམས་གླིང་དགུར་ཕྱེ། མཐའ་བཞིའི་རྒྱལ་པོ་དང་འཛངས་འདུམ་བྱས། བཀའ་ནན་གྱི་བརྗིད་ཀྱིས་གཞན་གྱི་སརྔ་བཀོང་བར་བྱས་ཞེས་གསལ་བ་ལ་བལྟས་ན་ཁོང་གི་སྲིད་དབང་གི་བཙན་ཚད་ཀྱང་ཚོར་ཐུབ། ཆབ་སྲིད་ལོ་གྲངས་ཞེ་བཞིར་བཟུང་ནས་མཐར་དགུང་གྲངས་ལྔ་བཅུ་རྩ་དྲུག་བཞེས་པའི་ཤིང་གླང་ཕྱི་ལོ་ ༨༤༥ པ་ལ་ཟུང་མཁར་ནང་དུ་དགུང་དུ་གཤེགས།[11]
ཁྲི་སྲོང་ལྡེ་བཙན་ལ་སྲས་མུ་ནེ་བཙན་པོ་དང་མུ་ཏིག་བཙན་པོ། གཅུང་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་དང་གསུམ་[12]ཡོད་པ་ལས་སད་ན་ལེགས་མཇིང་ཡོན་ཕྱི་ལོ་ ༨༢༤ ཤིང་འབྲུག་གི་ལོར་ཕོ་བྲང་བྲག་དམར་དུ་སྐུ་བལྟམས། དགུང་ལོ་ཉེར་གཉིས་པ་ཤིང་གླང་ལ་ཡབ་དགུང་དུ་གཤེགས་ནས་ཆབ་སྲིད་ལོ་ཉེར་ལྔ་བཟུང་།[13] འབྲོ་ཁྲི་བཟུང་ངམ་ཤག་སོགས་ཀྱིས་བློན་པོ་བྱས། རྒྱལ་པོ་འདིའི་སྐུ་དུས་སུ་ལོ་ཙཱ་བ་འཁོན་ཀླུའི་དབང་པོ་དང་རྨ་རིན་ཆེན་མཆོག་ལ་སོགས་ཀྱིས་ཆོས་མང་དུ་བསྒྱུར།[14]
ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་བརྩམས་པའི་བསྟན་རྩིས་ཀུན་བཏུས་ལས། ཕྱི་ལོ་ ༨༦༢ པ་ཆུ་རྟ་དང་། ཡང་ན་ཕྱི་ལོ་ ༨༧༤ པར་ཤིང་རྟ་གང་རུང་ལ་སྒྲ་སྦྱོར་བམ་གཉིས་བརྩམས་ཞེས་གསལ་ཞིང་།[15] ཕྱི་ལོ་ ༨༤༥ ཤིང་གླང་ལ་ཁྲི་སྲོང་ལྡེ་བཙན་འདས་ཤིང་། ལོ་དེ་རང་ལ་མུ་ནེ་བཙན་པོ་དང་མུ་ཏིག་བཙན་པོ་གཉིས་ཀྱང་འདས་པ་ཚེ་ཏན་ཚང་རང་གི་རང་ལུགས་སུ་བཀོད་པ་ན་གསལ། ད་དུང་ཚེ་ཏན་ཚང་གིས། སྒྲ་སྦྱོར་བམ་གཉིས་མཛད་པའི་ལོ་ནི་སད་ན་ལེགས་འཇིང་ཡོན་གྱི་སྐུུ་དུས་ལ་འཁེལ་བ་མ་ཟད། སྒྲ་སྦྱོར་བམ་གཉིས་སུ་གསལ་བའི་བཙད་པོ་ཁྲི་ལྡེ་སྲོང་བཙན་ནི་སད་ན་ལེགས་འཇིང་ཡོན་ཡིན་ཞིང་། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཞེས་པའང་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཡིན་པ་བཅས་གསལ་པོར་གྲུབ་འདུག་ཅེས་གསུངས་ཤིང་། ཡིན་ན་ཡང་། རྒྱལ་དབང་ལྔ་བའི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ། སྲས་ཆུང་བ་མུ་ཏིག་བཙན་པོ་སད་ན་ལེགས་འཇིང་ཡོན་གྱི་མཚན་ལ་ཁྲི་ལྡེ་སྲོང་བཙན་དུ་འཆད་པ་ནི་སྒྲ་སྦྱོར་བམ་གཉིས་པ་སོགས་མ་མཐོང་བས་སྐྱོན་ནོ།། ཞེས་གསལ་བ་ལ་ཚེ་ཏན་ཞབས་དྲུང་བས་བསྟན་རྩིས་ཀུན་བཏུས་ཀྱི་མཇུག་ཏུ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་ལོ་ཚིགས་ལ་དག་སེལ་མཛད་སྐབས་ཁྲི་ལྡེ་སྲོང་བཙན་ནི་བཙན་པོ་སད་ན་ལེགས་འཇིང་ཡོན་ཡིན་པ་ལས་རལ་བ་ཅན་མིན་པ་དང་། དེ་ཙམ་དུ་མ་ཟད་བསམ་ཡས་ཀྱི་ལྷ་ཁང་དུ་སད་ན་ལེགས་ཀྱི་རིང་ལ་བཀའ་གཙིགས་བྲིས་པ་ལས་བཤུས་པ་མཁས་པའི་དགའ་སྟོན་དུ་བཀོད་པ་དྲངས་པ་ལས་ཀྱང་། བཙན་པོ་ཁྲི་ལྡེ་སྲོང་བཙན་ངའི་ཞལ་སྔ་ནས། ཞེས་པའི་བཙན་པོ་ནི་སད་ན་ལེགས་འཇིང་ཡོན་ཡིན་པ་ཡང་དེབ་དེ་རང་དུ་ཤིན་ཏུ་གསལ་སྐོར་གསུངས་འདུག་ཅིང་།[16] དེ་ལྟར་ན་སྒྲ་སྦྱོར་བམ་གཉིས་ཀྱང་བཙད་པོ་འདིའི་སྐབས་སུ་མཛད་དགོས་པས། བཀས་བཅད་ཀྱི་རིམ་པ་ཞིག་མཛད་ཡོད་ཅེས་ཁས་ལེན་དགོས་པར་འགྱུར་རོ།། ཀུན་མཁྱེན་བུས་ཀྱང་ཆོས་འབྱུང་དུ། སད་ན་ལེགས་མཇིང་ཡོན་གྱི་སྔོན་ལ་གཅེན་མུ་ནེ་བཙན་པོས་ཆབ་སྲིད་ལོ་གཅིག་དང་ཟླ་བདུན་སོང་སྐབས་ཡུམ་གྱིས་དུག་བཏང་ནས་བགྲོངས་པ་དང་། དེའི་རིང་བོད་ཀྱི་དབུལ་ཕྱུག་ལན་གསུམ་བསྙམས་པའི་གནས་ཚུལ་བཀོད་ནས། “དེ་ནས་གཅུང་ཁྲི་ལྡེ་བཙན་ལོ་བཞི་ལ་རྒྱལ་སྲིད་གཏད་པས་སད་ན་ལེགས་ཞེས་གྲགས་ཏེ་དེས་སྐར་ཆུང་རྒྱལ་སྡེ་བཞེངས། ཆོས་སྲོལ་ཆེར་མཛད་དོ།།[17] ཅེས་གསུངས་འདུག་གོ། མཐར་དགུང་གྲངས་ང་བཞི་ལོན་པའི་མེ་བྱ་ཕྱི་ལོ་ ༨༧༦ ལོའི་སྟོན་ཁར་སྒྲགས་ཀྱི་ཕུར་གྲོངས།[18]
སད་ན་ལེགས་ལ་སྲས་ལྔ་ལས་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ནི་ཕྱི་ལོ་ ༨༦༦ པ་མེ་ཁྱི་ལོ་ལ་ཕོ་བྲང་འོན་ཅང་རྡོར་སྐུ་བལྟམས། ཁོང་དགུང་གྲངས་བཅུ་གཉིས་སུ་ཕེབས་པའི་མེ་བྱ་ལོ་ལ་ཡབ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་དགུང་དུ་གཤེགས་པས་ཆབ་སྲིད་ཕྱག་ཏུ་བཞེས། བློན་ཆེན་པོ་ཞང་ཁྲི་སུམ་རྗེ་དང་ཞང་ལྷ་བཟང་། བྲན་ཀ་དཔལ་ཡོན་སོགས་ཀྱིས་བློན་པོ་བྱས། སྐུ་ཚེའི་སྟོད་ལ་མཐའ་མཚམས་ཀྱི་དགྲ་རྒྱ་དམག་འདུལ་བའི་སླད་དམག་འཐབ་བྱས། ཕྱི་ཡི་སོ་སྡེ་གསུམ་ཞེས་པ་དང་འཐབ་པས་དགྲ་བོས་དམག་ས་མ་ཟིན་པ་དང་། དགྲ་ཕྱོགས་ནས་བར་འདུམ་བྱེད་རྒྱུའི་གྲོས་མགོ་བཏོན། ཕྱི་ལོ་ ༨༨༦ མེ་རྟ་ཙམ་ལ་མདོ་ཁམས་ཀྱི་དབྱར་མོ་ཐང་དུ་དགུན་གྱི་ལ་གསུམ་རིང་ཕན་ཚུན་ས་མཚམས་སྐོར་གྱི་གྲོས་མོལ་གནང་། ས་མཚམས་སུ་རྡོ་རིངས་བསླངས་ནས་ཆིངས་ཡིག་ཆེན་མོ་བཞག དབྱར་མོ་ཐང་དུ་གཙུག་ལག་ཁང་བཞེངས་ནས་ཆོས་ཀྱི་བྱེད་སྒོ་སྤེལ། རྒྱལ་བློན་རྣམས་ཀྱིས་དམག་ཆེན་བྱས་པའི་སྐབས་མི་བསད་ཁྲག་སྦྱོར་གྱི་སྡིག་ལས་མང་དུ་བྱས་པ་ལ་བཤགས་སྡོམ་བྱས། བོད་ཀྱི་ཆབ་སྲིད་དང་། རྒྱ་དང་འཇང་ལ་སོགས་པའི་རྒྱལ་ཁབ་དང་ལྷན་བཞག་པའི་ཆིངས་ཡིག་དེ་ཡུན་དུ་བརྟན་པའི་སྨོན་ལམ་བྱས། བཙན་པོའི་དབུ་རྨོག་བཙན་པ་དང་བློན་གྱི་འཕྲུལ་མཛངས་ཕུལ་དུ་བྱུང་བའི་བདག་རྐྱེན་ལས་དུས་འདི་ཙམ་ན་འཛམ་གླིང་སུམ་གཉིས་དབང་དུ་བསྡུས་པའི་ལོ་རྒྱུས་ཀྱི་སྙན་གྲགས་ཡོངས་སུ་ཁྱབ།[19] ཚལ་པའི་དེབ་དམར་དུ། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཛྙུ་ཤྲི་ཝརྨ་དང་། རཏྣནྡྲ་ཤཱི་ལ་ལ་སོགས་པས་ཆོས་རྣམས་ལ་ཞུ་དག་དཀའ་སྤྱད་བྱས།[20] ཞེས་འབྱུང་།
ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་འདི་བཞིན་བརྒྱ་ཕྲག་བཅུ་གཉིས་པའི་ནང་བརྩམས་པར་གྲགས་ཤིང་། ལོ་རྒྱུས་བྱིངས་ལ་ཡང་བོད་རྩོམ་གྱི་འགྲོས་ཤུར་རེ་འདུག་པས་ཆོས་འབྱུང་སྔ་གྲས་ཤིག་ཡིན་པ་གོར་མ་ཆག་ཅིང་། དེར་ཁྲི་རལ་པ་ཅན་གྱི་དུས་སུ་སྐད་གསར་བཅད་ཀྱི་རིམ་པ་ཞིག་གསལ་འདུག་ཅིང་། ཁོང་གིས་བོད་དུ་འགྱུར་བའི་ཆོས་ལ་གཟིགས་ཞིབ་གནང་སྐབས་སུ་རྒྱ་གར་དང་རྒྱ་ནག བལ་པོ། ཨུ་རྒྱན་བཅས་ཀྱི་སྐད་རིགས་སྣ་ཚོགས་མཐོང་བ་དང་། ཐུགས་དགོངས་ལ་མེས་ཀྱི་ཆོས་སྐད་སྣ་ཚོགས་སུ་འདུག་པ་འདི་སློབ་མི་བདེ་ཞིང་། སངས་རྒྱས་རྒྱ་གར་དུ་བྱོན་ནས་ཆོས་རྒྱ་གར་སྐད་དུ་གསུངས་པ་ཡིན་པས། སྐད་གཞན་རྣམས་བསྒྱུར་ནས་རྒྱ་གར་གྱི་སྐད་ཡུགས་ཅིག་ཏུ་འགྱུར་བར་བྱེད་ཅེས་བཀའ་བསྩལ་ནས་བོད་ཕྲུག་བློ་རྣོ་བ་སུམ་ཅུ་རྒྱ་གར་དུ་ལོ་ཙཱ་སློབ་ཏུ་བཏང་ཡང་སྒྲ་མ་ཤེས་ཤིང་ལ་ལ་ཚད་པས་གུམ་སྟེ་དོན་མ་འགྲུབ་པར་བརྟེན། “དེ་ནས་བཙན་པོ། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ལ་བྱོན་པ་འབྲོ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ་ལ་བཀའ་བསྩལ་ནས་འགྱུར་སྐྱོན་ཐམས་ཅད་བསལ་ཏེ། མ་འགྱུར་བ་དང་མ་གྲགས་པ་གཉིས། འགྱུར་ཆད་པ་དང་ལྷག་པ་གཉིས། འགྱུར་ལོག་དང་འགྱུར་འཁྲུགས་པ་གཉིས། འགྱུར་དམན་དང་འགྱུར་གཅོང་གཉིས་ཏེ། འགྱུར་སྐྱོན་བརྒྱད་ཀྱི་ཆ་ཅུང་ཟད་ཀྱང་མེད་པར་བྱས་ནས་འགྱུར་ཐམས་ཅད་དག་པར་བྱས། རྒྱ་གར་ཉི་འོག་གི་མཁན་པོ་ཨ་ཙཱརྱ་དང་། ཁ་ཆེའི་པཎ་ཌི་ཏ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོདྷི་དང་། དྷ་ན་ཤི་ལ་བཞིས་གཏན་ལ་ཕབ་ནས། སྔར་གྱི་བསྒྱུར་བ་རྣམས་ནི་མི་ཉམས་པར་བྱ་བ་དང་། ཕྱིས་འགྱུར་སློབ་པ་རྣམས་ལ་ཕན་པའི་ཡན་ལག་ཏུ། རྟ་ཆེ་ཆུང་དང་། བཀའ་བཅད་དང་། དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་དོ།། ལོ་པཎ་བགྲེས་པོ་དེ་རྣམས་ལ་སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་ཆ་རྐྱེན་བལ་ནས་སྦྱར་ཏེ། མེས་ཀྱི་ལྷ་ཁང་ན་བཞུགས་པ་དང་།”[21] སོགས་གསུངས་ནས། བཀའ་བསྟན་སྐོར་ཅིག་ལ་འགྱུར་བཅོས་གནང་བའི་སྐོར་གསལ་འདུག མཐར་དགུང་ལོ་སོ་དྲུག་ལ་ཕེབས་པའི་ལྕགས་མོ་བྱ་སྟེ་ཕྱི་ལོ་ ༩༠༡ ལ་དགུང་དུ་གཤེགས་སོ།།[22]
ཁྲིི་རལ་དགུང་དུ་གཤེགས་པའི་ལོ་རྗེས་མ་ཕྱི་ལོ་ ༩༠༢ པ་ཆུ་ཕོ་ཁྱི་ལ་མངའ་བདག་འུ་དུམ་བཙན་པོ་ཡང་ལྷ་ལུང་དཔལ་གྱི་རྡོ་རྗེས་བགྲོངས་པ་ཡིན་ལ། འུ་དུམ་བཙན་གྱི་སྐབས་སུ་སློབ་དཔོན་པཎྜིཏ་དང་ལོ་ཙཱ་བ་རྣམས་ཀྱི་ཁ་ཤས་སྤྱུགས་ཤིང་ཁ་ཤས་བྲོས། ཉང་ཏིང་འཛིན་བཟང་པོ་དང་རྨ་རིན་མཆོག་ལ་སོགས་པ་བསད་དེ་བསྟན་པ་མེད་པར་བྱས་པ་ཡིན་ནོ།།[23] དེ་ལྟར་ན་སྲོང་བཙན་འཁྲུངས་པ་ནས་མངའ་བདག་འུ་དུམ་བཙན་པོ་འདས་པའི་བར་གྱི་ལོ་གྲངས་ ༢༨༥ ནི་བོད་ཀྱི་བཙན་པོའི་དུས་རབས་ལས་བོད་རྗེ་འབངས་ཀྱི་མངའ་ཐང་དགུང་དང་མཉམ་ཞིང་ལོ་རྒྱུས་ནང་ཆེས་རླབས་ཆེ་བའི་གཟི་བརྗིད་ཅན་གྱི་དུས་ཚོད་ཅིག་ལ་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་མཐུན་སྣང་དུ་ངོས་འཛིན་བྱེད་བཞིན་པ་ཡིན་ནོ།།
བཙན་པོ་དར་མའི་བརྒྱུད་པ་བྱུང་ཚུལ་སྐོར་ལ་ལོ་ཚིགས་བརྩི་སྟངས་མི་མཐུན་པ་མང་ན་ཡང་འདིར་བུ་སྟོན་ཆོས་འབྱུང་དུ་གསལ་བ་རྣམས་ཚེ་ཏན་ཞབས་དྲུང་བའི་བསྟན་རྩིས་དང་སྦྱར་ཏེ་ཞུས་ན།
བཙན་པོ་དར་མའི་བཙུན་མོ་ཆེ་ཆུང་གཉིས་ལ་བུ་རེ་རེ་བྱུང་བར་ཆེ་བརྒྱུད་དང་ཆུང་བརྒྱུད་དུ་གྲགས་ཤིང་།[24] བཙུན་མོ་ཆུང་བའི་སྲས་འོད་སྲུངས་ཤིང་མོ་གླང་སྟེ་ཕྱི་ལོ་ ༩༠༥ ལོར་འཁྲུངས་ཤིང་རྒྱལ་སྲིད་བཟུང་ནས་དགུང་ལོ་རེ་གསུམ་པ་མེ་མོ་ཡོས་ཏེ་ཕྱི་ལོ་ ༩༦༧ ལོར་གཤེགས། མངའ་བདག་འོད་སྲུངས་ཀྱི་སྲས་དཔལ་འཁོར་བཙན་ཤིང་མོ་ཡོས་ཏེ་ཕྱི་ལོ་ ༩༥༥ ལོར་འཁྲུངས་ཤིང་། འདིས་ཆབ་སྲིད་ལོ་བཅོ་བརྒྱད་ཙམ་ལ་བཟུང་ནས་དགུང་ལོ་སོ་གཅིག་པ་སྟེ་ཤིང་མོ་བྱ་ཕྱི་ལོ་ ༩༨༥ པ་འདས།[25] འདི་མན་གྱི་བཙན་པོ་ཚོའི་འཁྲུངས་གཤེགས་ཀྱི་ལོ་ཁམས་ནི་སྐབས་འདིའི་བུ་སྟོན་ཆོས་འབྱུང་དུ་མི་གསལ། དེ་ནས་དཔལ་འཁོར་བཙན་ལ་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས་ལས། བཀྲ་ཤིས་བརྩེགས་པས་རྒྱལ་སྲིད་བཟུང་ཞིང་། སྲས་དཔལ་ལྡེ་དང་འོད་ལྡེ། སྐྱིད་ལྡེ་གསུམ་མོ།།
ཉི་མ་མགོན་མངའ་རིས་སུ་སྤྱུགས་པས་པུ་རངས་སུ་སྐུ་མཁར་བརྩིགས་ནས་ཆབ་སྲིད་བཟུང་།[26] དེ་ལ་སྲས་གསུམ་བྱུང་བ་ལས། ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང་། བར་བ་བཀྲ་ཤིས་ལྡེ་མགོན་གྱིས་པུ་རངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། འདི་དེབ་སྔོན་དང་ཡང་མཐུན། ཆུང་བ་ལྡེ་གཙུག་མགོན་ལ་སྲས་ཁོ་རེ་དང་སྲོང་ངེ་གཉིས།[27] འདིའི་སྐབས་སུ་དབུས་གཙང་ན་སྡོམ་པ་དང་འཆད་ཉན་མེད།[28] བཙན་པོ་ཁོར་རེས་རྒྱལ་སྲིད་གཅུང་སྲོང་ངེ་ལ་གཏད་ནས་རབ་ཏུ་བྱུང་བའི་མཚན་ལ་ཡེ་ཤེས་འོད་བཏགས། ཁོང་གིས་མཚན་ཉིད་ཀྱི་ཐེག་པ་བཀར་ཤེས་ཀྱང་། སྔགས་པ་རྣམས་ཀྱི་སྦྱོར་སྒྲོལ་སོགས་བཀའ་ཡིན་མིན་ཐེ་ཚོམ་གྱིས་རིན་ཆེན་བཟང་པོ་སོགས་ཁྱེའུ་ཉེར་གཅིག་རྒྱ་གར་ལ་ཆོས་སློབ་ཏུ་བཏང་བས་རིན་བཟང་དང་ལེགས་པའི་ཤེས་རབ་གཉིས་ཚུར་འཁོར་ཏེ་ཆོས་མང་པོ་བསྒྱུར། ལྷ་བླ་མ་ཡེ་ཤེས་འོད་རང་གིས་ཀྱང་མེ་ཕོ་སྤྲེལ་ལོ་སྟེ་ཕྱི་ལོ་ ༩༩༦ ལོར་ཞང་ཞུང་མཐོ་ལྡིང་གི་གཙུག་ལག་ཁང་བཞེངས། གཅུང་སྲོང་ངེའི་སྲས་ལྷ་སྡེ།[29] ལྷ་སྡེ་ལ་སྲས་གསུམ་བྱུང་བས་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་དང་གསུམ་ལས། བཙུན་པ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ལ་གསེར་བསྐུར་ནས་ཇོ་བོ་རྗེ་གདན་དྲངས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་འདིར་དྲན་པ་ཡེ་ཤེས་གྲགས་པ་སྟེ་སྨྲི་ཏི་ཡང་པཎ་ཌི་ཏ་ཕྲ་ལ་རིང་བ་ཞེས་པ་དང་ལྷན་དུ་བོད་དུ་བྱོན། མངའ་བདག་འོད་ལྡེའི་སྲས་རྩེ་ལྡེས་རྔོག་བློ་ལྡན་ཤེས་རབ་ཁ་ཆེར་ཆོས་སློབ་ཏུ་བརྫངས། འདི་ནི་བུ་སྟོན་གྱིས་བཞེད་པའི་ལོ་རྒྱུས་སོ།།
དེ་ལྟར་ན། ཀུན་མཁྱེན་བུའི་བཞེད་པ་ལྟར་ན། ཕྱི་ལོ་ ༩༧༣ ཆུ་མོ་བྱ་ཡི་ལོར་བོད་དུ་བསྟན་པ་ཕྱི་དར་བྱུང་བ་དང་། ༡༠༤༡ ལོ་ཙམ་ལ་ཇོ་བོ་རྗེ་བོད་དུ་ཕེབས་པ་སོགས་ཀྱི་ལོ་ཚིགས་རོབ་ཙམ་སྨྲ་བཏུབ་མོད། རྒྱལ་རབས་གཞན་དང་གཞན་དུ་འདི་དག་ལ་འདོད་ཚུལ་སྣ་མང་འདུག་པ་ཚེ་ཞབས་པའི་བསྟན་རྩིས་ན་ཡང་གསལ་ལེར་བཀྲམས་འདུག་པས་འདི་ཙམ་ལས་ཞིབ་ཏུ་སྤྲོར་མ་བཏུབ་ཅིང་། གནད་ཆེ་ས་ཞིག་ནི། སྲོང་བཙན་དགུང་ལོ་སོ་བཞི་དང་གྱ་གཉིས་སུ་བཞུགས་པའི་ལོ་ཚིགས་མ་མཐུན་པའི་དབང་གིས་མུ་མཐུད་བསྣར་ནས་ཡོང་གིན་ཡོད་ལ། དེ་བཞིན་བསྟན་བསྣུབས་ཀྱི་ལོ་ཚིགས་དང་། དར་མས་སྲིད་ཇི་ཙམ་བཟུང་བའི་ལོ་རྒྱུས་མི་གཅིག་པ། ཡང་། བཙན་པོའི་སྲིད་དབང་གི་ཤུགས་དེ་དབུས་གཙང་ནས་ལོ་དུས་ནམ་ཞིག་ལ་ཡལ་བ་སོགས་ལ་དགོངས་ཚུལ་མི་མཐུན་པའི་དབང་གིས་སྣ་ཚོགས་པའི་དགོངས་ཚུལ་མི་མཐུན་པ་འདི་བྱུང་བ་ཡིན་ལ། ཡང་ཕྱི་ལོ་ ༡༠༢༧ ལོའི་བར་རབ་བྱུང་རྩི་སྲོལ་མ་དར་བས་ཀྱང་ལོ་ཁམས་གོང་འོག་འཁྲུགས་ཐེབས་པའི་སྐབས་འཕར་མ་ཞིག་བྱུང་སྣང་ངོ་།།
དེ་བཞིན་བསྟན་པ་བསྣུབས་པ་ནས་ཇོ་བོ་རྗེ་བྱོན་པའི་བར་གྱི་ལོ་ཕྱེད་དང་ཉིས་བརྒྱའི་རིང་འོད་སྲུང་གི་བརྒྱུད་པ་འབྱུང་དགོས་པ་འདི་དག་ལ་ཡང་དཔྱད་གཞི་ཞིག་ཡོད་པར་སྣང་ཡང་འདིར་མ་སྤྲོས་ལ། ས་སྐྱ་པའི་བཞེད་པ་ལྟར་བརྩིས་པའི་ལོ་ཚིགས་ཀྱི་མཚམས་སྦྱོར་ཞིག་བྱས་ན། རྗེ་བླ་མ་ཆེན་པོའི་རྣམ་ཐར་ཞེས་པ་ལས། “དེ་ནས་མེ་ཕོ་འབྲུག་གི་ལོ་ལ་བྲུ་ཞ་ཡུལ་གྱི་འདུན་ས་ཤིབ་བེ་ལྕོག་ལ་ཚལ་དུ་སྟོད་ཀྱི་ཆོས་གཞི་འཛིན་པ་བརྒྥེ་ཆོས་ཀྱི་བློ་གྲོས་དང་། ཞང་སྐྱིད་སུམ་རྗེ་ལ་སོགས་པའི་བསྡུས་པའི་དུས་སུ་བརྩིས་པ་ན། ལོ་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་རྩ་དགུ་ལོན་ནོ།། དེ་ནས་ཤིང་མོ་གླང་གི་ལོ་ལ་གཙང་དང་གཡོན་རུར། བཙད་པོ་ཁྲི་དཔལ། འཁོར་བཙན་གཙང་ལ་སྟོད་གྲོམ་པ་ལྷ་རྩེ་ན་བཞུགས་ནས་ཡབ་ཀྱི་མདད་མཛད་པའི་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་དང་སུམ་ཅུ་སོ་བརྒྱད་ལོན་ནོ།། དེའི་དུས་སུ་རྒྱལ་པོ་མགོན་སྤྱན་འཕན་ཡུལ་བྲག་མཁར་ན་བཞུགས་སོ།། ཆུ་ཕོ་འབྲུག་གི་ལོ་ལྕོག་ལ་ཡུལ་གྱི་སྦེག་མཁར་དུ་སྟོད་སྨད་ཀྱི་ཡབ་མཆེད་གདན་འཛོམ་པའི་དུས་སུ་མོལ་པ་ཆེན་པོ་མཛད། ཏུམ་ཡུལ་ས་སྒམ་གྱི་དབེན་ས་གསར་དུ་བཙུགས་པའི་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་ཆིག་བརྒྱ་ཉི་ཤུ་རྩ་ལྔ་ལོན་ནོ།། དེ་ནས་མེ་ཕོ་འབྲུག་གི་ལོ་ལ་ལྷ་བླ་མ་ཡབ་སྲས་དབེན་གནས་ས་སྒོམ་བྱམས་སྙོམས་གླིང་དུ་ཞལ་འཛོམ། ལྷ་སྲས་གཅུང་ལྷ་འཁོར་རབ་ཏུ་བྱུང་། གུ་གེའི་ཡུལ་ན་གནས་པའི་འབངས་ཞང་ཞུང་གི་ཆེན་གྱི་འཁོས་ཆེན་པོ་མཛད་པའི་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་ཆིག་བརྒྱ་བཞི་བཅུ་ཞེ་དགུ་ལོན། སལན་ཆད་ཀྱང་དེ་བཞིན་དུ་བརྩིའོ།། ་་་ ་་་ དེ་ནས་སྟོད་དུ་མངའ་བདག་འོད་ལྡེ་བཙན་གྱིས་བཙད་པོ་ཁྲི་བཀྲ་ཤིས་ལྡེ་ཕྱག་ནས་སྤྱན་དྲངས་པའི་ཚེ། སྟོད་ཀྱི་ཆོས་ཉན་པའི་སར་འཛོམ་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་ཆིག་བརྒྱ་དགུ་བཅུ་ཐམ་པ་ལོན་ནོ། དེ་ནས་ས་མོ་ཕག་གི་ལོ་ལ་བླ་མ་ལོ་ཙཱ་བ་བློ་ལྡན་ཤེས་རབ་འདས་ཏེ། ལྕགས་ཕོ་སྟག་གི་ལོ་ལ་འདུ་བ་ཆེན་པོ་མཛད་པའི་དུས་སུ་བརྩིས་པ་ན། ལོ་སུམ་སྟོང་ཉིས་བརྒྱ་བཞི་བཅུ་རྩ་གསུམ་ལོན་ནོ།། དེ་ནས་མེ་མོ་ཕག་གི་ལོའི་མཇུག་ལ། གུང་ཐང་གི་སྟོད་ན་ལ་ཚེ་གནས་པོ་ཆེའི་གཙུག་ལག་ཁང་དུ་དཔལ་ས་སྐྱ་པའི་སྲས་ཀྱི་ཐུ་བོ། མི་འཕྲོགས་པའི་བློ་གྲོས་ཅན། མཁས་པོ་ཆེན་པོ་བསོད་ནམས་རྩེ་མོ་ཞེས་བྱ་བས་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་མཛད་དེ། དེའི་དུས་སུ་ཕག་གི་ལོ་འདི་ཡན་ཆད། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་སུམ་སྟོང་སུམ་བརྒྱ་ཐམ་པ་ལོན་ནོ།། ་་་་་་ དེ་ནས་གཙང་ལ་སྟོད་གྲོམ་པ་ས་སྐྱའི་དགོན་པར་ཆོས་ཀྱི་རྗེ། རྗེ་བཙུན་ཆེན་པོ་བདེ་བ་ཅན་དུ་གཤེགས་པའི་དུས་སུ། མེ་ཕོ་བྱི་བའི་ལོ་ལ་ཕྱོགས་ཀྱི་མཁས་པ་རྣམས་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ནི་བསྐོར། བཤད་པ་དང་འབེལ་གཏམ་གྱི་གྲྭ་ཆེན་པོ་ནི་བཙུགས། སྡེ་སྣོད་མཐའ་དག་ལ་གཏན་ལ་འབེབས་པའི་དགའ་སྟོན་ཆེན་པོ་མཛད་་་སངས་རྒྱས་ཀྱི་བསྟན་པ་ལ་བྱི་དོར་བྱས་པའི་དུས་སུ་བརྩིས་པ་ན། མེ་ཕོ་བྱི་བ་འདི་ཡན་ཆད་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་ལྔ་བཅུ་ཐམ་པ་ལོན་པ་ཡིན་ནོ།།”[30]
ཞེས་འབྱུང་བའི་ལོ་ཚིགས་འདི་དག་ཕྱི་ལོའི་རེའུ་མིག་ཏུ་དྲངས་ན། ས་སྐྱ་བའི་ལུགས་ཀྱི་འདས་ལོ་ ༣༣༥༠ དེ་ནི་ཕྱི་ལོ་ ༡༢༡༦ པ་མེ་ཕོ་བྱི་བའི་ལོ་འཁེལ་ཞིང་། ལོ་འདིར་རྗེ་བཙུན་གྲགས་པ་རྒྱལ་མཚན་འདས། སློབ་དཔོན་བསོད་ནམས་རྩེ་མོས་ཆོས་ལ་འཇུག་པའི་སྒོ་བརྩམས་པའི་ལོ་དེ་ནི་ས་སྐྱའི་ལུགས་ཀྱི་འདས་ལོ་ ༣༣༠༠ ཡོལ་བའི་ ༣༣༠༡ ལ་འཁེལ་ཞིང་དེ་ནི་མེ་མོ་ཕག་གི་ལོ་སྟེ་ཕྱི་ལོ་ ༡༡༦༧ ལོ་ལ་འཁེལ། དེ་ནས་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་འདས་ནས་འདུ་བ་ཆེན་པོ་མཛད་པའི་ལྕགས་ཕོ་སྟག་གི་ལོ་ནི་ས་སྐྱའི་འདས་ལོ་ ༣༢༤༣ གྱི་ཕྱི་ལོ་ ༣༢༤༤ པ་སྟེ་ཕྱི་ལོ་ ༡༡༡༠ པ་ལྕགས་ཕོ་སྟག་ལ་འཁེལ། དེ་ནས་སྟོད་དུ་མངའ་བདག་འོད་ལྡེ་བཙན་གྱིས་བཙད་པོ་ཁྲི་བཀྲ་ཤིས་ལྡེ་ཕྱག་ནས་སྤྱན་དྲངས་པའི་ཚེ། སྟོད་ཀྱི་ཆོས་ཉན་པའི་སར་འཛོམས་པ་དེ་ས་སྐྱའི་འདས་ལོ་ ༣༡༩༠ འདས་པའི་ ༣༡༩༡ པ་མེ་མོ་བྱ་ཡིན་ཚེ་དེ་ནི་ཕྱི་ལོ་ ༡༠༥༧ ལ་འཁེལ་ཞིང་ལོ་འདིར་ར་སྒྲེང་བཏབ། དེ་ནས་མེ་ཕོ་འབྲུག་གི་ལོ་ལ་ལྷ་བླ་མ་ཡབ་སྲས་དབེན་གནས་ས་སྒོམ་བྱམས་སྙོམས་གླིང་དུ་ཞལ་འཛོམས། ལྷ་སྲས་གཅུང་ལྷ་འཁོར་རབ་ཏུ་བྱུང་། གུ་གེའི་ཡུལ་ན་གནས་པའི་འབངས་ཞང་ཞུང་གི་ཆེན་གྱི་འཁོས་ཆེན་པོ་མཛད་ཅེས་གསལ་བའི་ལོ་ས་སྐྱའི་འདས་ལོ་ ༣༡༤༩ འདས་པའི་ཕྱི་ལོ་ ༣༡༥༠ པ་ལ་འཁེལ་ཞིང་ལོ་དེ་ནི་ཕྱི་ལོ་ ༡༠༡༧ མེ་མོ་འབྲུག་ལ་འཁེལ། ལོ་འདིའི་ལྷ་སྲས་གཅུང་ལྷ་འཁོར་ཞེས་པ་ལྷ་བླ་མ་ཡེ་ཤེས་འོད་ཡིན་ཚེ་ཁོང་རབ་ཏུ་བྱུང་བའི་ལོ་འདི་ཡིན། དེ་ནས་ཆུ་ཕོ་འབྲུག་གི་ལོ་ལྕོག་ལ་ཡུལ་གྱི་སྦེག་མཁར་དུ་སྟོད་སྨད་ཀྱི་ཡབ་མཆེད་གདན་འཛོམསཔའི་དུས་སུ་མོལ་པ་ཆེན་པོ་མཛད། ཏུམ་ཡུལ་ས་སྒམ་གྱི་དབེན་ས་གསར་དུ་བཙུགས་ཞེས་པའི་ལོ་འདི་ཡང་ས་སྐྱའི་འདས་ལོ་ ༣༡༢༥ ཕྱིན་པའི་ ༣༡༢༥ པ་ལ་འཁེལ་ཞིང་དེ་ནི་ཕྱི་ལོ་ ༩༩༢ ཆུ་ཕོ་འབྲུག་ལ་འཁེལ་ཞིང་། ལོ་འདིར་ཏུམ་ཡུལ་ས་སྒམ་གྱི་དབེན་ས་བཙུགས་ཞེས་ཚེ་ཏན་ཞབས་དྲུང་བས་བསྟན་རྩིས་སུ་བཞེད། དེ་ནས་ཤིང་མོ་གླང་གི་ལོ་ལ་གཙང་དང་གཡོན་རུར། བཙད་པོ་ཁྲི་དཔལ་འཁོར་བཙན་གཙང་ལ་སྟོད་གྲོམ་པ་ལྷ་རྩེ་ན་བཞུགས་ནས་ཡབ་ཀྱི་འདད་མཛད་ཅེས་པའི་ལོ་འདི་ཡང་། ས་སྐྱའི་འདས་ལོ་ ༣༠༣༨ འདས་པའི་ ༣༠༣༩ པ་ཤིང་མོ་གླང་ལ་འཁེལ་ཞིང་། དེ་ནི་ཕྱི་ལོ་ ༩༠༥ པ་ཡིན། དེ་ནས་མེ་ཕོ་འབྲུག་གི་ལོ་ལ་བྲུ་ཞ་ཡུལ་གྱི་འདུན་ས་ཤིབ་བེ་ལྕོག་ལ་ཚལ་དུ་སྟོད་ཀྱི་ཆོས་གཞི་འཛིན་པ་བརྒྥེ་ཆོས་ཀྱི་བློ་གྲོས་དང་། ཞང་སྐྱིད་སུམ་རྗེ་ལ་སོགས་པས་བསྡུས་ཞེས་པའི་ལོ་འདི་ས་སྐྱའི་འདས་ལོ་ ༢༩༦༤ དེ་བཞིན་ཕྱི་ལོ་ ༨༣༠ པ་ལྕགས་ཕོ་ཁྱི་ལ་འཁེལ་ཞིང་། འདིའི་མེ་ཕོ་འབྲུག་ནི་ས་སྐྱའི་འདས་ལོ་ ༢༩༧༠ པ་སྟེ་ཕྱི་ལོ་ ༨༣༦ པར་འཁེལ་འདུག གོང་གསལ་འདི་ནི་ས་པཎ་གྱིས་རང་ཉིད་ནས་བརྩིས་ཏེ་རང་ཉིད་ཀྱི་བླ་མ་སོགས་ལས་བརྩམས་པའི་ལོ་ཚིགས་དྲངས་པ་རི་མོར་བཀོད་པ་ཡིན་ལ། འདིས་ཀྱང་སྐབས་འདིའི་ཆེས་རྙོག་ཟིང་ཅན་གྱི་བཙན་པོའི་བརྒྱུད་པ་ཁག་དང་བཅས་པའི་ལོ་ཚིགས་ལ་གསལ་ཆ་ཞིག་ཨེ་ཐེབས་བསམས་ནས་བྲིས་སོ།།
[1] ཏུན་ཧོང་ཡིག་རྙིང་ཤོག་དྲིལ་ P.T 1287རྟགས་ཅན་གྱི་ཐིག་ཕྲེང་ ༤༥༡ ནས་གསལ།
[2] ཚལ་པའི་དེབ་དམར། ཤོག་གྲངས། ༣༦ མི་རིགས་དཔེ་སྐྲུན་ཁང་། ཚལ་པ་ཀུན་དགའ་རྡོ་རྗེས་དེབ་དམར་ཕྱི་ལོ་ ༡༣༤༦ ལོར་རྩོམ་་མགོ་བཙུགས་ནས་ ༡༣༦༣ ལོར་བརྩམས་གྲུབ།
[3] ཏུན་ཧོང་ཡིག་རྙིང་ལས། ཁྱྀའི་ལོ་ལ་བབསྟེ། བཙན་པོ་མྱེས་ཁྲྀ་སྲོང་རྩན་གྱྀ་སྤུར་ཕྱྀང་བའྀ་རིང་ཁང་ནའ་མཁྱུད་ཆྀང་བཞུགས་སྟེ། བཙན་པོ་ཁྲི་སྦོན་མང་སློན་མང་རྩན་མེར་ཀེ་ན་བཞུགས་ཕར་ལོ་གཅིག P.T 1288 རྟགས་ཅན་གྱི་ཐིག་ཕྲེང་ ༡༥ ནས་གསལ།
རྗེ་བཙུན་གྲགས་རྒྱན་པའི་རྒྱལ་རབས་ལས། སྲོང་བཙན་སྒམ་པོ་མེ་མོ་གླང་གི་ལོ་ལ་འཁྲུངས། སྤྱན་རས་གཟིགས་ཏེ་བཅུ་གསུམ་ལོན་ནས་ཡབ་འདས་ནས་ཆབ་སྲིད་ལོ་གྲངས་དྲུག་ཅུ་རྩ་དགུར་བཟུང་ནས་སྤྱིར་ལོ་བརྒྱད་ཅུ་གྱ་གཉིས་ནས་་་་་་་འཕན་ཡུལ་ཟལ་མོ་སྒང་དུ་འདས་ཀྱང་ཟེར། ས་སྐྱ་བཀའ་འབུམ། ཏ ཤོག་གྲངས་ ༡༩༨ ན ༣
[4] ཏུན་ཧོང་ཡིག་རྙིང་ལས། བྱྀ་བའི་ལོ་ལ་བབསྟེ། དབྱརད་བཙན་ཕོ་སྤྲགས་གྱྀ་ཤ་ར་ན་བཞུགས་ཤྀང་། དགུན་ཚང་བང་སྣ་ནས། ཁྲྀ་མང་སློན་དགུང་དུ་གཤེགས། བཙན་ཕོ་སྲས་ཁྲྀ་འདུས་སྲོང་སྒྲེགས་ཀྱྀ་ལྷ་ལུང་དུ་བལྟམ། I.O 750 རྟགས་ཅན་གྱི་ཐིག་ཕྲེང་ ༡༥ ནས་གསལ།
རྗེ་བཙུན་གྲགས་རྒྱན་པའི་རྒྱལ་རབས་ལས། མེ་ཕོ་བྱི་ལ་མང་སྲོང་འཁྲུངས་ནས་ནི།། ལོ་སྐོར་གཅིག་ནས་མེས་འདས་མང་སྲོང་དེས།། བཅོ་ལྔར་སྲིད་བཟུང་ཉི་ཤུ་རྩ་བདུན་དཔྱིད།། གཙང་གི་བང་སྣང་ཞེས་བྱར་འདས་སོ་སྐད།། ས་སྐྱ་བཀའ་འབུམ། ཏ ཤོག་གྲངས་ ༡༩༨ ༥ པར་གསལ།
[5] ཏུན་ཧོང་ཡིག་རྙིང་ལས། འབྲུགྀ་ལོ་ལ་བབསྟེ། དཔྱྀད་ཕོ་བྲང་ཚལ་དུ་རྒྱལ་གཙུག་རུ་བལྟམ། ་་་་་དགུན་བཙན་ཕོ་ཆབ་སྲྀད་ལ་མྱྭ་ལ་གཤེགས་པ་ལས་དགུང་དུ་གཤེགས། I.O 750 རྟགས་ཅན་གྱི་ཐིག་ཕྲེང་ ༩༥ ནས་གསལ།
རྗེ་བཙུན་གྲགས་རྒྱན་པའི་རྒྱལ་རབས་ལས། དུར་སྲོང་མ་བལྟམས་པ་ནས་ཡབ་འདས་ཏེ།། ཆུ་ཕོ་བྱི་བའི་ལོ་བསྒྲགས་སུ་བལྟམས།། ཅིག་ཅར་སྲིད་བཟུང་ཉི་ཤུ་རྩ་དགུ་ན།། འཇང་གི་ཡུལ་དུ་འདས་ཏེ་་་་་། ས་སྐྱ་བཀའ་འབུམ། ཏ ཤོག་གྲངས་ ༡༩༨ ན ༦
[6] བུ་སྟོན་ཆོས་འབྱུང་། ཤོག་གྲངས་ ༡༨༣ འབྲས་བློ་གསལ་གླིང་དཔེ་མཛོད་ཁང་གི་དེབ་གཟུགས་པར་མ།
[7] རོང་ཁ་བརྒྱད་ནས་སྐྱེས་རྫོང་ཞེས་མཁས་པ་ལྡེའུའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པར་གསལ་བས་རོང་ཁ་ནི་ཤོག་ཁག་གམ་ལུང་ཚན་ཞེས་པའི་དོན་ཡིན་པ་འདྲ།
[8] རྗེ་བཙུན་གྲགས་རྒྱན་པའི་རྒྱལ་རབས་ལས། ཁྲི་ལྡེ་གཙུག་བརྟན་ལྕགས་འབྲུག་དཔྱིད་དུས།། ཕོ་བྲང་ལྡན་དཀར་འདས་ཏེ་ལོ་གཞུག་ལ།། ཡབ་འདས་ཅིག་ཅར་སྲིད་བཟུང་དགུང་ལོ་ནི།། དྲུག་ཅུ་རྩ་གསུམ་བཞེས་ནས་ཆུ་ཏྲ་ལ།། ཡར་འབྲོག་སྷྭས་པ་བྱ་བར་འདས་སོ་སྐད།། ས་སྐྱ་བཀའ་འབུམ། ཏ ཤོག་གྲངས་ ༡༩༨ བ ༡ པོར་གསལ།
འདིར་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ལས་དགུང་གྲངས་ང་ལྔ་བཞེས་པའི་ཕག་གི་ལོ་ལ་དགོངས་པ་རྫོགས་པར་བཤད་ཀྱང་། ཁོང་དགུང་གྲངས་ང་ལྔ་པ་ནི་ཕག་ལོ་མིན་པར་ཤིང་ཁྱི་ལོ་ཡིན་པ་དང་། དེའི་འོག་ཏུ་ཁྲི་སྲོང་ལྡེ་བཙན་ཏྲ་ཡི་ལོ་ལ་འཁྲུངས་པར་གསུངས་ནས་ཡང་འདི་ལྟར། “ལོ་བཅུ་གསུམ་ལོན་ནས་ཡབ་འདས་ནས་གཅིག་ཅར་རྒྱལ་སྲིད་བཟུང་།” ཞེས་འབྱུང་བ་དང་བསྡུར་ན། ཁྲི་སྲོང་ལྡེ་བཙན་རྟ་ལོ་ལ་འཁྲུངས་པ་ཡིན་ན་ཁོང་གི་དགུང་གྲངས་བཅུ་གསུམ་དུ་ཕེབས་པའི་ལོ་ཡང་རྟ་ལོ་ལས་ཕག་ལོ་འོང་ཐབས་མེད་པས། འདིར་རྗེ་བཙུན་གྲགས་རྒྱན་པའི་རྒྱལ་རབས་ལྟར་དགུང་གྲངས་རེ་གསུམ་བཞེས་ནས་དགུང་དུ་གཤེགས་པ་རང་ལུགས་སུ་བྱས་པ་ཡིན་ནོ།།
[9] བུ་སྟོན་ཆོས་འབྱུང་། ཤོག་གྲངས་ ༡༨༧ པར་གསལ་འབྲས་བློ་གསལ་གླིང་དཔེ་མཛོད་ཀྱི་དེབ་གཟུགས་པར་མ། དང་། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཤོག་གྲངས་ ༣༣༣ པར་གསལ།
[10] ཚལ་པའི་དེབ་དམར། ཤོག་གྲངས་ ༣༧ པར་གསལ།
[11] ཏུན་ཧོང་ཡིག་རྙིང་ལས། རྟའྀ་ལོ་ལ། བཙན་པོ་པོ་བྲང་དབྱརད་མཚར་བུ་སྣ་ན་བཞུགས། ་་་་་་བཙན་པོ་སྲོང་ལྡེ་བརྩན་བྲག་མར་དུའ་བལྟམ། ཡུམ་མང་མོ་རྗེ་ནོངས་ནས་ལོ་གཆྀག I.O 750 རྟགས་ཅན་གྱི་ཐིག་ཕྲེང་ ༢༣༨ ནས་གསལ།
རྗེ་བཙུན་གྲགས་རྒྱན་པའི་རྒྱལ་རབས་ལས། ཁྲི་སྲོང་ལྕགས་རྟའི་དཔྱིད་ཀ་བྲག་དམར་དུ།། འཁྲུངས་ནས་བཅུ་གསུམ་ལོན་ནས་ཡབ་འདས་ཏེ།། ཅིག་ཅར་སྲིད་བཞེས་བཞི་བཅུ་རྩ་གསུམ་བཟུང་།། ལྔ་བཅུ་རྩ་དྲུག་ལོན་ཏེ་ཤིང་གླང་ལ།། ཟུང་འཕྲང་ནང་དུ་འདས་ཞེས་གསལ་བར་ཐོས།། ས་སྐྱ་བཀའ་འབུམ། ཏ ཤོག་གྲངས་ ༡༩༨ བ ༢
[12] རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བོད་ཀྱི་རྒྱལ་རབས་ལས། ཁྲི་སྲོང་ལྡེ་བཙན་དེས་བཙུན་མོ་བཞེས་པའི་ཚེ་སྤོང་བཟའ་རྨ་རྒྱལ་མཚོ་སྐར་ལ་སྲས་བཞི་འཁྲུངས་ཏེ། ཞེས་གསུངས་ནས་མུ་ཁྲི་བཙན་པོ་དང་། མུ་ཏིག་བཙན་པོ། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན་བཅས་བཞི་བགྲངས་འདུག ས་སྐྱ་བཀའ་འབུམ། ཏ ༡༩༧ བ ༤ པར་གསལ།
[13] གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས་ལས། དེ་ནས་ཡབ་ཀྱི་སྲས་ཆུང་བ་ཁྲི་ལྡེ་སྲོང་སྲོང་བཙན་ལོ་བཞི་པ་ལ་རྒྱལ་སྲིད་ལ་བསྐོས་ནས། དེ་ལ་རྒྱལ་སྲིད་བྱེད་པ་ལ་འོང་མི་འོང་སད་པའི་ཕྱིར། དབུ་རྒྱན་བསྐོན་ཏེ་བལྟས་པས། དབུ་རྒྱན་གྱི་ལྗིད་ཀྱིས་ལྗིངས་པ་ཡོ་ནས་སྡད་པས་རྒྱལ་པོ་འོང་པར་ཤེས་ནས་མངའ་གསོལ་ཏེ། སད་ན་ལེགས་མཇིང་ཡོན་དུ་གྲགས་སོ།། ཞེས་འབྱུང་། ཤོག་གྲངས་ ༤༣ ཐོ་ལིང་གཙུག་ལག་ཁང་ལོ་ ༡༠༠༠ འཁོར་བའི་རྗེས་དྲན་གྲ་སྒྲིག་ཚོགས་ཆུང་གིས་ ༡༩༩༦ ལོར་པར་དུ་བཏབ་པ།
[14] ཚལ་པའི་དེབ་དམར། ཤོག་གྲངས་ ༣༨ པར་གསལ། ཀུན་མཁྱེན་བུས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ལོ་ཙྰ་བ་སད་མི་མི་བདུན་བྱོན་གསུངས་པའི་གྲས་སུ་ལོ་ཆེན་འདི་གཉིས་ཀྱང་སྣང་།
[15] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་ ༡༣༩ པར་གསལ།
[16] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། P.T. རྟགས་ཅན་གྱི་ཐིག་ཕྲེང་། ༦༧ པ་ནས་གསལ་བ་འདི་ལྟར། ཁྲི་སྲོང་ལྡེ་བརྩན་དང་། ཚེས་པོང་ཟ་རྨ་རྒྱལ་ལྡོང་སྐར་དུ་བཤོས་པ་འྷྱ་སྲས། མུ་ནེ་བརྩན་དང་། ལྡེ་སྲོང་བཙན། མུ་བརྩན་གདུང་ཆད་ནས། ལྡེ་སྲོང་བརྩན་དང་། འབྲོ་ཟ་ལྷ་རྒྱལ་མང་མོ་རྗེར་བཤོས་པ་འྀ་སྲས། ཁྲི་གཙུག་ལྡེ་བཙན་དང་། འུ་འྀ་དུམ་བརྟན་་་་ ཞེས་གསལ།
[17] བུ་སྟོན་ཆོས་འབྱུང་། ཤོག་གྲངས་ ༡༩༠ འབྲས་བློ་གསལ་གླིང་དཔེ་མཛོད་པར་མ།
[18] རྗེ་བཙུན་གྲགས་རྒྱན་པའི་རྒྱལ་རབས་ལས། གཅུང་པོ་ཁྲི་ལྡེ་སྲོང་བཙན་ཤིང་འབྲུག་སྟོན།། བྲག་དམར་དུ་འཁྲུངས་ཉི་ཤུ་རྩ་བཞི་ནས།། གཅེན་གྲོངས་རྒྱལ་སྲིད་སུམ་ཅུ་སོ་གཅིག་བཟུང་།། སྤྱིར་ལོ་ལྔ་བཅུ་རྩ་བཞི་བཞེས་པ་ན།། མེ་བྱའི་སྟོན་ཀར་བསྒྲགས་ཀྱི་ཕུར་འདས་སོ།། ས་སྐྱ་བཀའ་འབུམ། ཏ ༡༩༨ བ ༣
འདིར་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ལས་དགུང་ལོ་བཞི་བཅུ་ཞེ་བཞི་པ་ལུག་གི་ལོའི་སྟོན་ཁར་བསྒྲགས་ཀྱི་ཕུར་གྲོངས་ཞེས་གསལ་ཀྱང་ཁོང་དགུང་ལོ་ཞེ་བཞི་པ་ནི་ཕྱི་ལོ་ ༨༦༧ མེ་ཕག་གི་ལོ་ཡིན་པ་དང་། ཆོས་འབྱུང་རང་དུ་དགུང་གྲངས་ཉེར་གསུམ་སྟེང་ཆབ་སྲིད་བཞེས་ནས་ལོ་གྲངས་ཉེར་ལྔ་ལ་ཆབ་སྲིད་བསྐྱངས་པར་བཤད་པས་དེ་གཉིས་བསྡོམས་པས་ཀྱང་ལོ་གྲངས་ཞེ་བཞི་བརྒལ་འགྲོ་བའི་དབང་གིས་རྗེ་བཙུན་གྲགས་རྒྱན་པའི་རྒྱལ་རབས་ལྟར་བཀོད་པ་ཡིན།
[19] ལྡེའུ་ཆོས་འབྱུང་། ཤོག་གྲངས་ ༡༣༧ པར། འཛམ་བུ་གླིང་སུམ་གཉིས་བླའི་མང་ར་འདུས་ནས་ ཁྲིམས་ཀྱིས་འཁོལ་ཐེབས་ནས་ཆོས་ལུགས་ཟབ་མོས་ཡུལ་གྱི་སྲིད་བསྟན འབངས་བན་རྡེ་རྣམས་འཚོ་བ་བླ་ནས་སྦྱོར ལེགས་དགུ་མཁར་བཅུ་རྩིག་ཅིང་སྙན་དགུ་གཏམ་དུ་སྒྲོག དཔའ་མཛངས་ཀྱི་རུ་མ་བྱེད་མཁས་བཙུན་གྱི་དྲ་མ་འཆོས མི་ཡན་ལ་ཁུངས་མེད ཏྲ་ཡན་ལ་སྒྲོག་མེད བ་ཡན་ལ་སྣ་མེད མི་ཉིས་མས་སློང་ ཕྱུགས་ཞག་ལས་བསྡུད འབངས་ལྷ་རིས་པ་ནི་དཀོན་མཆོག་དུས་སུ་མཆོད་ རྗེའི་མངའ་ཐང་ནི་ནམ་མཁའི་མཐའ་དང་མཉམ་ འབངས་ཀྱི་སྒོ་སྲིད་ནི་ཆུ་བོའི་གཞུང་ལས་རིང་ བོད་རྗེ་འབངས་སྐྱིད་པའི་ཉི་མ་གཡང་རུང་དུ་བརྡལ། མི་ལུགས་མཐར་ཕྱིན་པ་སུམ་སུམ་ཅུ་རྩ་གསུམ་གྱི་ལྷ་དང་འདྲ། ཆོས་ལུགས་མངའ་རྒྱས་པ་སཋུག་པོ་བཀོད་པའི་ཞིང་དང་འདྲ་སྟེ་ དར་ཞིང་རྒྱས་པར་མཛད་དོ།། ཞེས་གསལ། ལྷ་སར་ ༡༩༨༧ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
[20] ཚལ་པའི་དེབ་དམར། ཤོག་གྲངས་ ༣༩ པར་གསལ།
[21] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། གངས་ཅན་རིག་མཛོད། དེབ་ཨང་ལྔ་པ། ཤོག་གྲངས་ ༤༢༠ པར་གསལ།
[22] ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ཞེས་པ།། མེ་ཕོ་ཁྱི་ལ་འོ་ཅང་དེའུར་བལྟམས།། གསུམ་གྱི་གཅུང་པོ་ཡོན་ཏན་ལྡན་པ་འདི།། བཅུ་གཉིས་ལོན་ནས་ཡབ་འདས་རྒྱལ་སར་བཏོན།། ཉི་ཤུ་རྩ་བཞི་རྒྱལ་ས་བཟུང་བ་ལ།། ་་་་་་་ལྕགས་བྱ་སུམ་ཅུ་རྩ་དྲུག་འདས་སོ་སྐད།། ས་སྐྱ་བཀའ་འབུམ། ཏ ༡༩༨ བ ༤ པར་གསལ།
[23] བུའི་ཆོས་འབྱུང་། ཤོག་གྲངས་ ༡༩༢ པར་གསལ།
མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། གངས་ཅན་རིག་མཛོད། ཨང་གསུམ་པ། ཤོག་གྲངས་ ༣༦༦ པར། རྨ་རིན་ཆེན་མཆོག་བསོད་མི་བཏང་བས་བུད་མེད་དུ་རྫུས་ནས་བྲོས་པས་ལམ་དུ་ཕྲད་ཀྱང་ངོ་མ་ཤེས། གཙང་གི་འུ་ཡུག་ཏུ་ཡིབ་ནས་བཞུགས་པ་ལ་ལོ་དགུ་ན་འདས་པ་ལས་མ་ཚོར། ཞེས་གསལ།
[24] མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ལས། བཙུན་མོ་ཆེ་བའི་བུ་སྲས་སུ་རྫུས་པ་ཡིན་ཟེར་བའི་ཡུམ་བརྟན་དང་བཙུན་མོ་ཆུང་ངུའི་བུ་འོད་སྲུངས་གཉིས་ནང་མ་མཐུན་པར་འཁྲུག་ལོང་དུ་སོང་བས། ཡུམ་བརྟན་གྱིས་འོད་སྲུངས་སྟོད་དུ་སྤྱུགས་ཟེར་ཞེས་འཁོད་འདུག ཤོག་ངོས་ ༦༢ གངས་ཅན་རིག་མཛོད་ཨང་ ༤ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
[25] འོད་སྲུངས་ཆུ་ཁྱི་ལ་འཁྲུངས་ནས་ལོ་རེ་གསུམ་པ་ཤིང་བྱི་ལ་གཤེགས་པ་དང་། སྲས་དཔལ་འཁོར་བཙན་ཆུ་གླང་ལ་འཁྲུངས་ནས་རང་ལོ་སོ་གཅིག་པར་གཤེགས་ཟེར་ཞེས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་བཤད།
དེབ་སྔོན་ན། དར་མའི་སྲས་གནམ་ལྡེ་འོད་སྲུངས་དང་། དེའི་སྲས་དཔལ་འཁོར་བཙན། དེ་འབངས་ཀྱིས་བཀྲོངས་དབུས་གཙང་མཐིལ་གྱི་རྒྱལ་སྲིད་ཤོར་ནས། སྲས་ཁྲི་བཀྲ་ཤིས་རྩེགས་དཔལ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས་ཡོད་པ། ཁྲི་བཀྲ་ཤིས་རྩེགས་པ་དཔལ་གཙང་སྟོད་དུ་བཞུགས། ཉི་མ་མགོན་མངའ་རིས་སུ་བྱོན། ཞེས་གསལ་འདུག་པས། དབུས་གཙང་གི་ཆབ་སྲིད་ཤོར་བ་དེ་ཡང་དཔལ་འཁོར་བཙན་གྱི་རིང་ལ་འཁེལ་འདུག་གོ། ཤོག་གྲངས་ ༦༢ པར་གསལ།
[26] ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་དམ་ཀློང་ཆེན་ཆོས་འབྱུང་ན་ཡང་འདི་དང་མཐུན་པར་འབྱུང་།
[27] གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས་ལས། ༈མངའ་བདག་བཀྲ་ཤིས་མགོན་ལ་བཙུན་མོ་ཟངས་མ་ཁབ་ཏུ་བཞེས་པའི་སྲས། ཁོ་རེ་དང་སྲོང་ངེ་གཉིས་སོ། ཞེས་འབྱུང་། ཤོག་གྲངས་ ༥༡ ཐོ་ལིང་གཙུག་ལག་ཁང་ལོ་ ༡༠༠༠ འཁོར་བའི་རྗེས་དྲན་གྲ་སྒྲིག་ཚོགས་ཆུང་གིས་ ༡༩༩༦ ལོར་པར་དུ་བཏབ་པ།
[28] ཡང་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པའི་ཆོས་ལ་འཇུག་པའི་སྒོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་བོད་ཀྱི་རྒྱལ་རབས། འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པའི་བོད་ཀྱི་རྒྱལ་རབས་བཅས་སུ་གསལ་དག་ལོ་ཚིགས་གུང་བསྒྲིགས་ན། མངའ་བདག་འོད་སྲུངས་ནི་ཕྱི་ལོ་ ༩༠༣ ཆུ་མོ་ཕག་གི་ལོར་འཁྲུངས། དགུང་གྲངས་རེ་གསུམ་པ་ཤིང་མོ་གླང་ཕྱི་ལོ་ ༩༦༥ ལ་འདས། གྲགས་རྒྱན་པའི་རྒྱལ་རབས་སུ་སོ་གསུམ་ན་འདས་ཞེས་འབྱུང་མོད། འགྲོ་མགོན་གྱིས་རེ་གསུམ་དུ་བཞེད་ཅིང་། ཀློང་ཆེན་རབ་འབྱམས་པའི་ཆོས་འབྱུང་དང་བུའི་ཆོས་འབྱུང་སོགས་ན་ཡང་རེ་གསུམ་དུ་ཡོངས་གྲགས་ཀྱིས་མཆིས་སོ།། དེའི་སྲས་དཔལ་འཁོར་བཙན་ནི་ཕྱི་ལོ་ ༩༥༣ པ་ཆུ་མོ་གླང་གི་ལོ་ལ་འཁྲུངས། དགུང་ལོ་བཅུ་གསུམ་དུ་ཕེབས་པ་ན་རྒྱལ་སྲིད་མཛད་ནས་དགུང་ལོ་སོ་གཅིག་པ་ཆུ་མོ་ལུག་སྟེ་ཕྱི་ལོ་ ༩༨༣ པར་འདས་ཞེས་གསལ་འདི་མན་ལ་བཙན་པོའི་རྒྱུད་པ་ཁག་གི་འཁྲུངས་འདས་ཀྱི་ལོ་ཚིགས་མ་བྱུང་ངོ་།།
[29] དེབ་སྔོན་ན། སྲོང་ངེའི་སྲས་ལྷ་ལྡེ་དང་། དེ་ལ་སྲས་གསུམ་བྱུང་བ་འོད་ལྡེ་དང་། བྱང་ཆུབ་འོད། ཞི་བ་འོད་ཡིན་སྐོར་གསལ་འདུག ཤོག་ངོས་ ༦༢ པར་གསལ།
[30] བླ་མ་རྗེ་བཙུན་ཆེན་པོའི་རྣམ་ཐར། ས་སྐྱ་བཀའ་འབུམ། ཐ ༢༩༧ བ ༢ པ་ནས་གསལ།
བཀའ་དྲིན་ཆེ་ད་ལྟར་དགོས་ངེས་པའི་ཡིག་ཆ་རེད།
བོད་རྒྱལ་ཐོག་མ་་་་་་
རྡོ་རྗེ་སྐེ་བཟུང་མིན་པར་ཤོག
Please shut up!!! you aren’t ok.
རྒྱ་མོ་ཀྱིམ་ཤིང་ཀོང་ཇོ་བོད་དུ་བྱོན་ལོ་ རྒྱའི་ལོ་རྒྱུས་ཁག་དང་ཏུན་ཧོང་གཉིས་ཀ་མཐུན་པར་ ༧༡༠ ལོར་རེད། མོ་ཁྲི་ལྡེ་གཙུག་བཙན་མེས་ཨོག་ཚོམ་གྱི་བཙུན་མོ་རེད། དེ་བོད་ཀྱི་ལོ་རྒྱུས་ནང་ཡོངས་གྲགས་རེད། གོང་གསལ་ཁྱེད་ཀྱིས་བྲིས་པ་ལྟར། མེས་ཨོག་ཚོམ་༧༤༠ ལོ་འཁྲུངས་པ་ལྟར་ན། མེས་ཨོག་ཚོམ་ཀོང་ཇོ་བོད་དུ་སླེབས་ནས་ལོ་སུམ་ཅུའི་རྗེས་ལ་འཁྲུངས་འདུག སྲས་འཇང་ཚའི་བཙུན་མོ་ཕར་ཞོག་ཡབ་མེས་ཨོག་ཚོམ་གྱི་བཙུན་མོར་ཡང་དཀའོ། རྒྱ་མོའི་ལོ་རྒྱུས་ལ་རྒྱའི་ལོ་རྒྱུས་ལས་ལྷག་པའི་ཁུངས་ཐུབ་ཅིག་རྙེད་རྒྱུ་མ་རེད་འདོད།
ཏུན་ཧོང་ལྟར་ན། ༦༧༦ བྱི་བའི་ལོ་ལ་མང་སྲོང་མང་བཙན་གཤེགས། ཁྲི་འདུས་སྲོང་འཁྲུངས། ཐང་ཡི་གསར་རྙིང་གཉིས་ཀའི་ནང་། ༦༧༩ ལོར་མང་སྲོང་འདས་པ་དང་ཁྲི་འདུས་སྲོང་རྒྱལ་སར་བཀོད་པའི་གནས་ཚུལ་ཞུས་པ་དང་གོང་མས་འདས་མཆོད་དུ་ཕོ་ཉ་བརྫངས་ཚུལ་བྲིས་ཡོད་པ་དེ་གཉིས་བར་ལོ་གསུམ་གྱི་བར་ཁྱད་ལས་མི་འདུག རྒྱལ་པོ་རེ་གྲོངས་སྐབས་ལོ་གཉིས་གསུམ་རེའི་རྗེས་ནས་མ་གཏོགས་མདད་གཏོང་གི་མེད་པ་ཏུན་ཧོང་ནང་ཡང་ཡང་མཐོང་རྒྱུ་འདུག ཁྱེད་ལྟར་ན། ༧༡༢ལོར་མང་སྲོང་འདས་འདུག ད་ལོ་ཚིགས་ཚང་མ་འཁྲུགས་བསྡད་ཡོད་པ་གནས་ཚུལ་འདི་གཉིས་ལས་ཤེས་ཐུབ། ད་རུང་རྒྱལ་པོ་གཞན་དང་གཞན་གྱི་འཁྲུངས་གཤེགས་ཀྱི་ལོ། ཀོང་ཇོ་སྔ་མའི་གཤེགས་ལོ། རྗེས་མའི་གཤེགས་ལོ་སོགས་རེ་རེ་བཞིན་ཏུན་ཧོང་གསལ་བོར་ཐོ་བཀོད་ཡོད་པ་མ་ཟད་ཐང་ཡིག་གར་རྙིང་གཉིས་ཀྱི་ནང་ཡང་བོད་རྒྱལ་གྲོངས་ལོ་བྲིས་ཡོད་པ་གཉིས་ལ་ལོ་རེ་ཟུང་གི་ཁྱད་པར་ལས་མི་འདུག
ད་རུང་ཅུང་ཟད་ཅིག་འབྲི། ཚང་མས་ངོ་འཕྲོད་ཐུབ་པའི་ལོ་རྒྱུས་གཞན་ཞིག་ནི། དབོན་ཞང་རྡོ་རིང་ངམ་ཁྲང་ཆིངས་མཐུན་སྒྲིལ་རྡོ་རིང་དེ་ག་དུས་བཙུགས་མིན་དེ་ད་ལྟའི་རྒྱ་བོད་ཀྱི་ལོ་རྒྱུས་མཁན་ཕལ་ཆེ་བ་ཞལ་མཐུན་པར་༨༢༡ ལོར་ཁྲང་ཨན། ༨༢༢ ལོར་ལྷ་སར་རྡོ་རིང་བཙུགས་པ་དེ་རེད། དེ་ནི་ཁྲི་རལ་བ་ཅན་གྱི་སྐབས་ཡིན་པ་བོད་ཀྱི་ལོ་རྒྱུས་ནང་ཡོངས་གྲགས་རེད།
ཁྱེད་ཀྱིས། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ནི་ཕྱི་ལོ་ ༨༦༦ པ་མེ་ཁྱི་ལོ་ལ་ཕོ་བྲང་འོན་ཅང་རྡོར་སྐུ་བལྟམས། ཞེས་བྲིས་ཡོད་པ་ལྟར་ན། དབོན་ཞང་རྡོ་རིང་བཙུགས་ནས་ལོ་༤༤ རྗེས་ཁྲི་རལ་འཁྲུངས་འདུག
གང་ཉིད་ཀྱིས་བོད་ཀྱི་ཡོངས་གྲགས་ཀྱི་ལོ་རྒྱུས་གལ་ཆེན་དག་གཞིར་བཟུང་ནས་བྲིས་པས་ཁྱེད་རང་ནོར་བ་མིན་པ་ངས་ཤེས་ཀྱི་ཡོད། བོད་ཀྱི་ལོ་རྒྱུས་ཁག་གི་ལོ་ཚིགས་མང་པོ་ཞིག་འཁྲུགས་བསྡད་ཡོད་པར་འདོད། ལྷག་པར་ཨ་ལགས་ཚང་གིས་བོད་གནའ་རབས་ཀྱི་མཁས་པ་ཚོ་དང་ལོ་རྒྱུས་ཁག་གི་ཞེན་ཁོག་ཅིག་བཟུང་ནས་ཏུན་ཧོང་གི་ལོ་རྒྱུས་ལ་ཁ་གཏད་བཅག་ནས་བྲིས་པ་འདི་དག་ལ་ཁུངས་བཅོལ་འོས་སུ་མ་མཆིས་སྙམ། ལོ་རྒྱུས་སྨྲ་བའི་དབང་བོ་དུང་དཀར་ཚང་ལྟ་བུ་ཡིན་ན་ང་ཚོས་ཚད་མར་འཛིན་འོས་པའི་ཆ་མང་པོ་ཞིག་ཡོད་པར་འདོད། ད་དེ་ཙམ་ཡིན་ལོ་ཚིགས་རེ་རེ་བཞིན་དག་ཐེར་བྱེད་མ་དགོས་པ་གྱིས།
འདི་ཙམ་ཀློག་ལ་དགའ་བར་གྱིས་ཤིག་བུ།།
མང་མང་ལབ་ན་ཚང་མ་ཉོག་འགྲོ་བསམ།།
ང་རང་རང་ཡང་ཀླད་པ་འཐིབས་འགྲོ་གི།
ཅུང་ཟད་དཔྱད་ནས་ཅུང་ཟད་བྲིས་འདི་དགེ།
འདིར་ངོས་ཀྱིས་རབ་གསལ་དང་མགོན་ཕྱག་གཉིས་ལ་དྲ་ངོས་འདིར་ལོ་རྒྱུས་ཀྱི་འབེན་འཛུགས་མཁན་དང་མདའ་འཕེན་མཁན་གྱི་ཆོ་ལོ་བསྩལ་པ་ཡིན་པས། ཀུན་གྱིས་གོ་བར་གྱིས་ཤིག
ངས་ད་ལྟའི་བར་ལ་མཐོང་མྱོང་བའི་བོད་རྒྱལ་རབ་སྣང་བ་འགྲོ་ཤོས་ནི། འབྲི་གུང་སྐྱབས་མགོན་གྱིས་བརྩམས་པའི། བོད་བཙན་པོའི་རྒྱལ་རབ་ཅེས་པ་དེ་བྱུང་སོང༌།
མགོན་པོ་ལགས་ཀྱིས་གསུངས་པའི་རྩོད་པ་དེ་ངས་གོ་ཡོད། ལོ་ཚིགས་འཁྲུགས་འདུག་ཅེས་གསུངས་སྐབས་མགོ་བོ་སྒུར་ནས་ལེགས་སོ་ཞུ་རྒྱུ་ལས་གཞན་མེད། འོན་ཀྱང་ལོ་ཚིགས་འཁྲུགས་འདུག་གསུངས་སའི་རྩ་འཛིན་གྱི་ཡིག་ཆ་ཁག་དང་། ངས་ཁུངས་གཏུགས་སའི་ཡིག་ཆ་རྣམས་ཀྱི་ལོ་ཚིགས་བརྩི་སྟངས་མི་འདྲ་བ་དེ་ཁྱེད་ཀྱིས་ཀྱང་གསུངས་པ་དེ་ག་རང་རེད། ངས་རྩོམ་འདི་འབྲི་དུས་ཕོ་ལོ་ ༢༦ ཙམ་ཡིན་པ་རེད། ཞེན་ཁོག་དང་ང་རྒྱལ་གཉིས་ཀ་རྒྱས་པའི་སྒང་རེད། ད་ནི་འདི་འདྲའི་ཧམ་པ་ཚ་བོ་ཡང་འབྲི་ཕོད་ས་མ་རེད། འདི་དག་ནི་གསལ་བཤད་ཀྱི་ཚུལ་དུ་ཕུལ་བ་ཡིན།
ངས་ཀུན་སློང་ནི་འདི་རེད། བསྟན་པ་སྔ་དར་ཕྱི་དར་སོགས་ནས་བརྒྱུད་ཡོང་བའི་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཡོད་དོ་ཅོག་ནས་དགེ་ཆོས་ཀྱི་དེབ་དཀར་དང་། དུས་རབས་བཅུ་དགུ་བ་ཡིན་ནམ་ཅིག་ལ་བརྩམས་པའི་བོན་གྱི་བསྟན་བཅོས་གཅིག་ཁོ་ན་ལས་གཞན་རྣམས་ཧ་ལམ་ཡོངས་གྲགས་ཀྱིས་སྲོང་བཙན་བརྒྱད་ཅུ་ཅན་པ་དེ་ལ་འདོད་པ་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ དེང་གི་གསར་བཤད་གཅིག་གིས་སྔོན་གྱི་དམ་པ་རྣམས་ཀྱི་ཞལ་ལ་ཐལ་བ་འདེབས་མི་འདོད་པ་ཙམ་ཞིག་རེད། འདི་ཞེན་ཁོག་གི་སྐད་ཆ་ཡིན་པ་རེད། ཞེན་ཁོག་འདིའི་ནང་ན། རྒྱའི་ཡིག་ཆ་ལ་ཆ་འཇོག་ཅིང་བོད་ཀྱི་ཡིག་ཆ་ལ་ཆ་མི་འཇོག་པ་འདི་ཅི་རེད་ལྟ་བུའི་དྲི་བ་ཡང་ཡོད་པ་རེད།
འདི་རྒྱུ་མཚན་གཞན་གཅིག་ནི། གྲགས་རྒྱན་པའི་རྒྱལ་རབས་དང་ཏུན་ཧོང་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་བཙན་པོའི་འཁྲུངས་འདས་ཀྱི་ལོ་ཁམས་རྣམས་འགྲོ་བ་དེ་རེད། དེ་རྣམས་མཆན་གྱི་ནང་ནས་ངོ་འཕྲོད་པ་ཡོད། ད་དེ་ཕྱི་ལོ་ནམ་ཡིན་གྱི་རྩིས་རྣམས་རྩིས་པ་སོ་སོས་རྒྱག་རྒྱུ་རེད། དེང་སང་ཡོངས་གྲགས་ནི་ཁྱེད་ཀྱི་དགོངས་ཚུལ་ལྟར་རེད།
རྩོམ་གྱི་འགོ་སྟོད་དང་མཆན་བུ་མ་གཏོགས་ཀློག་ཁོམ་མ་བྱྱུང་ཡང་། རབ་གསལ་གྱིས་སྲོང་བཙན་དགུང་ལོ་༨༠ལྷག་དང་མགོན་ཕྱག་གིས་སྲོང་བཙན་དགུང་ལོ་༣༠ཡོལ་ཙམ་འདོད་ཚུལ་གཉིས་ཀྱི་ཁྱད་པར་སོང་བ་མིན་ནམ། ང་གཞོན་དུས་སྲོང་བཙན་རྒད་པོར་དད་ཆེ་ཡང་། ད་རྒས་དུས་སྲོང་བཙན་གཞོན་པའི་ལོ་རྒྱུས་ལ་བརྩིག་ཆེ་བ་ཡོང་བགྱིད་འདུག ད་དུང་མུ་མཐུད་ནས་རྩོད་རོགས་གནོངས། བློ་བསྐྱེད་ལེན་རྒྱུར་བྱ་རོགས་ཀྱིས་གཏོར་མ་སྒུག་པ་ལྟར་བསྒུག་ནས་བསྡད་ཡོད།
བྱ་རོགས་ཀྱིས་དེ་བྱ་རོག་གིས་ལ་བཅོས།
མགོན་པོ་ལགས།
ད་ངས་ ཕར་ལ་གཅིག་འདྲི། གཤམ་གསལ་འདི་ཅིག་གཟིགས་རོགས།
“རྒྱ་མོ་ཀྱིམ་ཤིང་ཀོང་ཇོ་བོད་དུ་བྱོན་ལོ་ རྒྱའི་ལོ་རྒྱུས་ཁག་དང་ཏུན་ཧོང་གཉིས་ཀ་མཐུན་པར་ ༧༡༠ ལོར་རེད།”
ཏུན་ཧོང་ཡིག་ཆ་ན་ ༧༡༠ ཡིན་པ་དེ་ཇི་ལྟར་གསལ་བ་རེད།
ཨོ་ཧོ། ངའི་སྔོན་ལ་མཆན་བུ་༨པར་རབ་གསལ་ལགས་ཕེབས་ཚར་འདུག་ག
ཡ་ཡ། ད་ང་འདི་ལ་མང་དུ་སྨྲ་རྒྱུ་ཅང་མི་འདུག ངའི་འཁྲུངས་འདས་ལོ་ཚིགས་རྣམས་ བསྟན་རྩིས་ཀུན་བཏུས་ཀྱི་མཇུག་ཏུ་ཡོད་པའི་ “རང་ལུགས་འཐད་ལྡན་གྱི་རེའུ་མིག་”ཅེས་པ་གཞིར་བཟུང་འདུག ད་དུང་གཞན་གྱི་ནོར་འཁྲུལ་འདུག་ན་ཡང་གསུངས་རོགས་གནང་། རིམ་གྱིས་དུས་ཚོད་ལྷོད་ལྷོད་ཡོད་པའི་སྐབས་ཤིག་ལ་ སྤང་ལྗོངས་གཡུ་ཡི་གདན་སྟེང་ནས་འོ་ཇ་རླངས་པ་འཕྱུར་བ་ཞིག་འཐུང་ཞོར་ བཙན་པོའི་རྣམ་ཤེས་ལ་མཇལ་ཁ་ཞུ་འདོད་པ་ཡིན།
ཏུན་ཧོང་ནང་ ༧༡༠ ཡིན་པ་ཇི་ལྟར་གསལ་ཞེ་ན། ཁྱི་ལོ་ལ་བབ་སྟེ་བྲིས་ཡོད་པ་རེད། ཁྱི་ལོ་དེ་ ༧༡༠ ཡིན་པ་རྒྱའི་ལོ་རྒྱུས་དང་ཏག་ཏག་ཐོ་ཐུག་གི་འདུག་ག བོད་ཀྱི་ལོ་རྒྱུས་རྒྱའི་ལོ་རྒྱུས་ལ་གཏུགས་ན་དེ་ཁྱད་མཚར་པོ་ཞིག་རེད། ཡིན་ནའང་། རྒྱ་བཟས་སྔ་ཕྱི་གཉིས་ཀྱི་ལོ་རྒྱུས་དེ་རྒྱ་ལ་ཁུངས་གཏུགས་ན་འགྲིགས་ཀྱི་མི་འདུག་གམ།
དེ་ནས་རྒྱ་བཟའ་ཀོང་ཇོ་རྒྱ་ནས་བོད་ལ་ཡོང་ལོ་དེ་རྒྱ་ཡི་ལོ་རྒྱུས་མཁན། ཕྱི་རྒྱལ་གྱི་ལོ་རྒྱུས་མཁན། བོད་ཀྱི་ལོ་རྒྱུས་མཁན་མང་པོ་ཞིག་ནས་༦༤༡ ལ་ངོས་འཛིན་གྱི་ཡོད་པ་རེད། ཏུན་ཧོང་དུ། བཙན་མོ་མུན་ཆང་ཀོང་ཇོ་མགར་སྟོང་བཙན་གྱིས་སྤྱན་དྲངས་ཚུལ་བྲིས་པའི་འོག་ཏུ། དེ་ནས་ལོ་གསུམ་ན། ལུག་སྙ་ཤུར་བརླག་སྟེ་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་ཚུལ་བྲིས་ཡོད་པ་རེད། དེ་ནས་ལོ་དྲུག་ན། བཙན་པོ་ཁྲི་སྲོང་བཙན་དགུང་དུ་གཤེགས་སོ་ཞེས་བྲིས་ཡོད་པ་རེད། དེའི་གཤམ་དུ་ཁྱི་ལོ་ལ་བབ་སྟེ། བཙན་པོ་མྱེས་སྲོང་བཙན་གྱི་སྤུར་ཕྱིང་བའི་རིང་ཁང་ན་མཁྱུད་ཅིང་བཞུགས་ཞེས་བྲིས་ཡོད་པ་རེད། དེས་ན། ཁྱི་ལོ་འདི་༦༥༠ ཡིན་པ་ཤེས་ཐུབ་པ་རེད། སྲོང་བཙན་གྲོངས་ལོ་དེ་ ༦༤༩ ཡིན་པ་ཤེས་ཐུབ་པ་རེད།
༦༥༠ ནས་ཏུན་ཧོང་གི་ལོ་ཚིགས་གཅིག་ཀྱང་མ་ཆད་པར་པང་བསྒྲིགས་ནས་༧༦༣ བར་དུ་ཡོད་པ་རེད། ༦༤༡ ནས་མར་རྩིས་ནའང་། ཀྱིམ་ཤིང་ཀོང་ཇོ་བོད་དུ་བྱོན་ལོ་ཁྱི་ལོ་དེ་ཏག་ཏག་༧༡༠ ལ་ཁེལ་གྱི་ཡོད་པ་མ་ཟད་རྒྱའི་ལོ་རྒྱུས་ཐང་ཡིག་གསར་རྙིང་གཉིས་ཀྱི་ལོ་ཚིགས་དང་ཡང་ཏག་ཏག་མཐུན་གྱི་ཡོད་པ་རེད།
ད་རུང་ནོར་འཁྲུལ་ཡོད་ན་ཟེར་རྒྱུ་མི་འདུག གཅིག་འཁྲུགས་དུས་ཚང་མ་འཁྲུགས་བསྡད་ཡོད་པ་རེད། ད་ཉལ་དུ་འགྲོ་གི་ཡིན། གཟིམས་འཇགས་གནང་། སང་ཉིན་ཁ་བརྡ་བྱེད།
འོ་དགེ་རབ་ལགས་ད་དེབ་མ་བྲིས་སྔོན་དུ་དྲ་རྒྱར་དཔྱད་ཞིབ་ཏུ་ཕུལ་ན་ཉིན་མ་གཅིག་ དགེ་འདུན་ཆོས་འཕེལ་གྱིས་གསུང་པ་ལྟར། ད་ནང་བྲིས་པ་དེར་ཕྱི་དྲོར་བལྟ་དུས་ཡང་སྐྱོན་གཅིག་མཐོང་ཡང་བཟོ་བཅོས་གཅིག་བྱས། ཡང་ཁར་དགོང་བྲིས་པ་དེར་ཞོགས་པར་བལྟ་དུས་ཡང་སྐྱོན་གཅིག་མཐོང་ཡང་བཟོ་བཅོས་གཅིག་བྱས། དེ་ནས་རྩོམ་དེ་ཚར་རྒྱུ་མེད་པ་ཞིག་ཆགས་འགྲོ་ཉེན་ཆེ། བློ་ཐག་སེམས་ཐག་བཅད་ནས་དཔར་པ་ཡིན་ན་དེ་གས་ཆོག་ག
མ་གཞི་ནས་མགོན་པོ་ནས་ཞིབ་འཇུག་མཐིལ་ཕྱིན་པ་དང་ངེསཤེས་འདྲོངས་པའི་གནད་བཀྲོལ་བྱས་འདུག་ག དེ་ལ་དགོངས་ཚོམས་གནང་མི་ཉན། ལེགས་ཆ་ལེན་དགོས།
ཡ་ཡ། ད་མགོན་ཕྱག་གཟིམས་ཚར་སོང་ང་།
ད་ངས་ལོ་ཚིགས་མ་ཡིན་པའི་ནོར་འཁྲུལ་གཞན་ཡོད་ན་གསུངས་རོགས་ཞུས་པ་ཡིན། ལོ་ཚིགས་ཀྱི་སྐོར་དེ་བཤད་མ་བཤད་ཡོད་པ་མ་རེད། ངས་ཅི་ཞིག་བྲིས་པ་དེ་མགོན་པོས་མཁྱེན་ཡོད་པ་རེད། མགོན་པོས་ཅི་ཞིག་གསུངས་པ་དེ་ངས་ཀྱང་ཤེས་ཡོད། གསལ་བཤད་དགོས་པ་རྣམས་གོ་བརྡ་འཕྲོད་ཐག་ཆོད་ཅིག་བྲིས་ཟིན། མཆན་བུ་གོང་མ་རྣམས་སུ།
ད་ཐལ་དོང་ལ་ཕྱིན་ཟིན་པའི་ཡིག་ཆའི་དཔེ་མཚོན་གྱི་ཚུལ་དུ་བུ་སྟོན་ཆོས་འབྱུང་གི་ལུང་ཞིག་འདྲེན།
བཙན་པོའི་ཀོང་ཇོ་ནི་ང་ཚོའི་བཙུན་མོ་ཡིན་པས་བརྩིས་དང་གུས་པ་ངེས་པར་དུ་དགོས་པ་ཞིག་རེད། གོང་དུ་མགོན་པོ་ཕྱག་གཉིས་པས་མོ་དང་མོ་ཟེར་བ་དང་། རྒྱ་མོ་དང་རྒྱ་མོ་ཟེར་བ་ནི་ཁོང་ཁྲོ་འདྲེ་ལ་ཟ་ནས་བརྡུང་རྒྱུ་རྔ་བརྡུང་བ་རང་རེད། བུད་མེད་ཅིག་རིགས་གང་ཡིན་ཀྱང་རུང་ཁྱིམ་ནང་མནའ་མར་སླེབས་ནས་བཟུང་ཁྱིམ་དེའི་མི་ཡིན་པབའཇིག་རྟེན་པའི་འགྲོ་སྟངས་ཤིག་ཡིན་པས་རྒྱལ་པོའི་བཙུན་མོ་ནི་དེ་བས་ཀྱང་རེད། ལྷག་པར་དུ་འོན་ཤིང་ཀོང་ཇོ་ལ་བསམ་ན་བོད་ལ་ལྷག་བསམ་རྣམ་དག་ཡིན་པ་དང་བྱས་རྗེས་ཡང་མི་ཉུང་བ་བཞག་ཡོད་པ་ཞིག་རེད།
རྣམ་པ་ཚོར་སྙན་བསུན་བཟོས་ཡོད། ད་ཡང་བསྐྱར་སྙན་བསུན་ཞིག་བཟོ་ཆོག་པ་ཞུ། ད་ལན་སྙན་བསུན་པོ་ཚ་སིང་ངེ་ཞིག་བཟོ་གི་ཡིན། ང་ལ་བཀའ་བཀྱོན་ཚ་ཐག་ཆོད་རེ་གཏོང་རོགས་ཞུ།
མཚམས་རེར་ལན་རེར་ང་ཚོ་ལ་རྒད་པོ་མགོ་མཁྲེགས་དེ་ཚོའི་གཤིས་ཀ་ཞིག་དགོས་ཀྱི་འདུག དོན་དག་ཆེ་ས་ནས་བཤད་ན། མི་རིགས་དཀར་པོས་ ༡༤༩༢ ལོར་ཨ་མི་རི་ཀ་ཞེས་པའི་ས་ཆ་འདི་རྙེད་པ་རེད་ཅེས་པ་འདི་ལོ་རྒྱུས་རེད། འདི་ལ་རྩོད་པ་བྱེད་མཁན་མེད་པ་རེད། འོན་ཀྱང་ངོ་མ་བཤད་ན། ལོ་དེ་ལ་ཡུ་རོབ་པས་ཨ་མི་རི་ཀ་རྙེད་པ་རེད་མ་གཏོགས། ལུང་པ་འདི་འགྲོ་བ་མི་ཡོད་ཡོད་རེད། དཔེ་མཚོན་འདི་ལ་བརྟེན་ནས་ཡོངས་གྲགས་ཀྱི་འཛམ་གླིང་ལོ་རྒྱུས་དེ་ཚོ་ལ་ཆ་འཇོག་བྱེད་དགོས་པ་རེད། སོ་སོའི་བདེན་པ་ལ་ཤི་འཐམ་རོ་འཐམ་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་རེད། མཁྲེགས་འཛིན་པའམ་རྙིང་ཞེན་པ་ཞེས་པའི་ལུགས་སྲོལ་དེ་ཚོ་ཡང་དགོས་ངེས་ཤིག་ཡིན་པ་འདྲ། ང་ཚོ་བོད་ཀྱི་ལོ་རྒྱུས་འདི་ཡིན། བོད་ཀྱི་བདེན་པ་འདི་ཡིན་ཞེས་ལྐུགས་པ་ཨུ་ཚུགས་ཚ་ཐག་ཆོད་ཅིག་བྱེད་རྒྱུ་དེ་ཚོ་ཡང་གལ་ཆེན་པོ་ཡིན་པར་སྣང་། “སྣང་བ་སྐྱིད་པོ་བཤད་མ་ཡོང་། ང་ཚོའི་མི་ལ་རས་པས་རྫུ་འཕྲུལ་དྲུག་གསུམ་བཅོ་བརྒྱད་བསྟན་པ་འདི་བདེན་པ་བདེན་རྐྱང་མིན་ན་དཀོན་མཆོག་གསུམ།” ཟེར་བའི་ཨུ་ཚུགས་ཤིག་དགོས་པ་འདྲ། འདི་ང་ཚོའི་བདེན་པ་ཡིན། དེ་ཁྱེད་ཚོའི་བདེན་པ་རེད། ཅེས་ཤི་འཐམ་རོ་འཐམ་བྱེད་དགོས་པ་དེ་འདྲ་ཡང་མི་རིགས་ཤིག་གི་ངོས་ནས་དགོས་ངེས་ཅན་ཞིག་ཏུ་སྣང་། ཁ་ཆེའི་རྒྱལ་ཁབ་ཚོ་ལ་གཟིགས་དང་། རྒྱ་གར་གྱི་བི་ཇི་པི་ལ་གཟིགས་དང་། ལུང་པ་ཚང་མ་ལ་འདི་འདྲ་རེ་འདུག ང་ཚོ་ནི་གུ་ཡངས་དང་རང་དབང་ཞེས་པའི་འོ་མ་དཀར་པོའི་ནང་ཐིམ་འགྲོ་གི་འདུག་ག།
གྲགས་རྒྱན་པའི་རྒྱལ་རབས་དང་ཏུན་ཧོང་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་བཙན་པོའི་འཁྲུངས་འདས་ཀྱི་ལོ་ཁམས་རྣམས་འགྲོ་བ་དེ་རེད། ཞེས་པ་དེར་ཨ་ལགས་ཚེ་རྟན་ཚང་གིས་ལོ་ཚིགས་གུང་བསྒྲིགས་ནས་གསུངས་སྐབས་ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་ལོ་ཚིགས་སྒྲིག་སྟངས་དེ་ཁུངས་བཙན་ཤོས་དང་བློ་ལ་འབབ་ཤོས་ཡིན་པར་གསུངས་པ་ཞིག་དྲན་སོང་། བོད་ལ་ལོ་ཚིགས་གང་ནས་མགོ་ཚུགས་པ་དང་སྲོང་བཙན་ཡར་སྔོན་གྱི་རང་རེའི་བོན་དག་ལ་ལོ་ཚིགས་འདེད་ཀྱི་ཨེ་ཡོད།?
དྲ་གྲོགས་ཚོ། བོད་ཀྱི་ལོ་རྒྱུས་ལོ་ཚིག་སྐོར་ལ་ཞིབ་འཇུག་མུ་འཐུད་དགོས་པ་ལས། སྟབས་བདེ་དང་རང་བཟོ་ཡི་ཐབས་ལམ་སྤྱད་དེ་ཐག་གཅོད་ཡོང་དཀའ་བར་སོང་། དུས་ཚོད་རིང་པོ་ཞིག་ལ་ལོ་ཚིགས་ཀྱི་དཀའ་རྙོག་འདི་དག་ཁུངས་སྐྱེལ་ཐུབ་པ་ཞིག་མ་རེད། ཡིན་ནའང་། བཙན་པོའི་དུས་སྐབས་ཀྱི་ལོ་ཚིགས་ལ་དཔྱད་བརྗོད་བྱེད་དགོས་ན། སྔར་གྱི་རྡོ་རིང་གི་ཡི་གེ་དང་། བྲག་རྐོས་ཡི་གེ། ཏུན་ཧོང་གི་ཡིག་རྙིང་སོགས་སུ་བྱུང་བ་དང་ལོ་ཁམས་ཁ་གསལ་འཁོད་ཡོད་པ་འདི་དག་གཞི་རྟེན་གཙོ་བོ་ཞིག་ཏུ་བཟུང་ཐུབ་ན་སྙམ། དེ་མིན་གནའ་དེང་གི་མཁས་པར་གྲགས་པ་དང་། མཁས་པར་སྒྲོག་པ། ཡང་ན་མཁས་པར་རློམ་པའི་རིགས་ཀྱི་བསྟན་རྩིས་ཁག་ལ་དེ་ཙམ་ཡིད་ཆེས་བྱེད་མི་ཉན།
“སྲོང་བཙན་དགུང་གྲངས་ང་གཉིས་སུ་ཕེབས་པའི་ས་འབྲུག་སྟེ་ཕྱི་ལོ་ ༦༦༨ ལོར་གུང་སྲོང་གུང་བཙན་འཁྲུངས། ཕྱི་ལོ་ ༦༨༡ ལྩགས་སྦྲུལ་ལོར་གུང་སྲོང་རང་ཉིད་དགུང་ལོ་བཅུ་གསུམ་ལོན་པ་དང་ཆབ་སྲིད་ཕྱག་ཏུ་བཞེས། ལོ་ལྔ་ལ་རྒྱལ་སྲིད་བསྐྱངས་ནས་དགུང་ལོ་བཅུ་དགུ་བཞེས་པའི་མེ་ཁྱི་ཕྱི་ལོ་ ༦༨༦ པ་ལ་དགུང་དུ་གཤེགས
”འདིའི་ཁུངས་གཏུགས་ས་གང་ཡིན་ནམ། རྒྱལ་རབས་གསལ་བའི་མེ་ལོང་གི་ནང་དུ། “མང་སྲོང་མང་བཙན་གྱིས་རྒྱལ་སྲིད་ལོ་ལྔ་བཟུང་། དགུང་ལོ་བཅོ་བརྒྱད་བཞེས་དུས་པོ་ཊ་ལར་སྐུ་གཤེགས་”ཞེས་པ་འདིར་འཁྲུལ་བ་ཡིན་ནམ།
རྒྱ་བཟའ་ཀོང་ཇོའི་སྐོར་གྱི་དོགས་པ་གླེང་ཚར་འདུག མགར་སྟོང་བཙན་གྱི་འདས་ལོ་ཤིང་གླང་༦༦༥བཞེས་མཁན་གཅིག་དང་། མེ་ཡོས་༦༦༧བཞེས་མཁན་ཡོད་ནའང་། བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མི་དང་དུང་དཀར་ཚིག་མཛོད་ཆེན་མོ་སོགས་སུ་ཀྱིས་མེ་ཡོས་ལོ་འདི་ཁུངས་བཙན་ཤོས་དགོངས་འདུག དེས་ན་མགར་སྟོང་བཙན་གཤེགས་སྐབས་གུང་སྲོང་བཙན་དང་མང་སྲོང་བཙན་འཁྲུངས་མི་འདུག ཡིན་ནའང་། དེབ་དཀར་དུ་“སྲོང་བཙན་གྱི་རྗེས་སུ། བཙན་པོ་མང་སྲོང་མང་བཙན་བོད་ཀྱི་ཁྲི་ལ་བཞུགས་པ་ཡིན་ཅིང་། མང་སྲོང་འདི་སྔར་བཤད་པ་ལྟར་སྲོང་བཙན་གྱི་སྐུའི་ཚ་བོ་ཡིན། འདི་ཁྲི་ལ་འཁོད་དུས་སྐུ་ཉ་ཤིན་ཏུ་ཕྲ་བས། དོན་ལ་བློན་ཆེན་པོ་མགར་སྟོང་བཙན་གྱིས་སྲིད་ཀྱི་གཉེར་ཁ་ཐམས་ཅད་བཟུང་སྟེ་ཁྲ་ལོ་བཅོ་ལྔའི་བར་ཆབ་སྲིད་བསྐྱངས་”ཞེས་གསལ། འདི་ལ་འགྲེལ་བཤད་ག་རེ་གནང་ངམ། ངས་དཔྱད་གཞིར་ཕུལ་གྱི་ཡོད།
“མགར་ཁྲི་འབྲིང་བཙན་རྒོད་ཀྱིས་ལོ་བཅུ་རིང་བློན་པོ་བྱས། གར་ལོག་དང་ཧོར་ལ་དམག་བརྒྱབ་ནས་བཏུལ།”
གར་ལོག་ཅེས་པའི་མིང་འདི་ལན་མང་འབྱུང་། ས་ཆ་དེ་གང་ཡིན་ནམ། བོད་ཀྱི་ལོ་རྒྱུས་ཁྲོད་དུ་གར་ལོག་གི་ཕོ་ཉས་ཕྱག་འཚལ་ཞེས་པའི་གར་ལོག་དེ་དུང་དཀར་ཚང་གིས་བོད་ཀྱི་ལོ་རྒྱུས་ཐོག་གསལ་བའི་གར་ལོག་ཅེས་པའི་སྒྲ་ནི་བྱི་སི་ལན་ཆོས་ལུགས་ཀྱི་གཙོ་བདག་མི་རབས་གཉིས་པ་ཀ་ལིབ་ཨུ་མར་སྤྱི་ལོ་༦༣༤ནས་༦༤༤གྱིས་ལོ་བཅུ་གཅིག་ཙམ་ལ་སྲིད་དབང་བཟུང་ཞིང་ཨ་ཧྥེ་རི་ཀའི་བྱང་ཕྱོགས་ཀྱི་ཨེ་ཇིད་དང་། སི་ནི་ཡ། ཨ་རབ་སོགས་དབང་དུ་བསྡུས་པ་དེར་རྒྱ་གར་གྱི་ལོ་རྒྱུས་ཐོག་ཀ་ལིབ་ཀྱི་རྒྱལ་ཁབ་ཏུ་འབོད་ཅིང་། ཀ་ལིབ་ཅེས་པའི་སྒྲ་དེ་ནི་ཨ་རབ་ཀྱི་སྐད་ཡིན་པ་དང་། སྒྲ་དེ་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་སྐབས་ཟུར་ཆག་ནས་གར་ལོག་ཅེས་འབོད་གསུངས། དེས་ན་ལྷ་བླ་མ་ཡི་ཤེས་འོད་གར་ལོག་གིས་བཟུང་སྟེ་བཀྲོངས་པར་བཤད་པའི་གར་ལོག་དེ་གང་ཡིན་ནམ། ངས་གསལ་པོར་མི་དྲན་ཡང་ལོ་རྒྱུས་ཀྱི་དེབ་ཅིག་ཏུ་བོད་ཀྱི་མཁས་པ་མི་གསུམ་གར་ལོག་བརྒྱུད་དེ་མདོ་སྨད་དུ་ཕེབས་ཞེས་གསལ། སྐབས་འདིའི་གར་ལོག་འདི་ས་ཆ་གང་ཡིན་ནམ། མཁྱེན་མཁན་ཡོད་ན་ལན་འདེབས་རོགས།
སྙན་བཟང་ལགས།
དང་པོ། ༡༩༥༩ སྔོན་ལ་པར་བཏབ་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁྲོད་ན་ བོད་ཀྱི་ལོ་ཚིགས་རྣམས་ ལོ་ཁམས་དང་རབ་བྱུང་སོགས་ཀྱི་ནང་ན་ཡོད་པ་རེད། དེ་ད་ལྟའི་ཕྱི་ལོའམ་སྤྱི་ལོ་ལ་དྲངས་མེད་པ་རེད།
གཉིས་པ། རྒྱའི་ཡིག་ཚང་ལ་གཏུགས་ནས་སྲོང་བཙན་གཤེགས་ལོ་དང་དེ་ནས་ཀོང་ཇོ་སྔ་ཕྱི། རྡོ་རིང་སོགས་ཀྱི་ལོ་ཚིགས་དེ་རྣམས་སྤྱི་ལོ་དྲངས་པ་དེ་དག་མགོན་པོས་གསུངས་པ་དེ་རེད། འོན་ཀྱང་འདི་ཁུངས་གཏུགས་སའི་ ༡༩༥༩ ལོའི་གོང་གི་བོད་ཀྱི་ཡིག་ཆ་ཞིག་རྙེད་མེད་པ་རེད།
གསུམ་པ། དེབ་དཀར་ནས་བཟུང་སྟེ། ལོ་ཚིགས་བརྩི་སྟངས་རྒྱ་ལ་བསྟུན་ཏེ་སོང་ཡོད་པ་རེད། འོན་ཀྱང་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ སྔོན་གྱི་བོད་རྒྱལ་རབས་ཀྱི་ལོ་ཚིགས་བརྩི་སྟངས་དེ་ལ་གལ་ཆེན་པོས་བརྩིས་ཤིང་། དེའི་རང་ལུགས་ཤིག་བསྟན་རྩིས་ཀུན་བཏུས་ནང་བཀོད་ཡོད་པ་རེད།
བཞི་བ། དེང་སང་ང་ལ་ཡང་བསམ་བློ་གསར་པ་རེ་འཁོར་གི་འདུག ལོ་ཚིགས་བརྩི་སྲོལ་གཉི་ག་མཉམ་པོ་སོང་ནའང་སྐྱོན་ཡོད་པ་མ་རེད་བསམས་ཀྱི་འདུག སངས་རྒྱས་ཀྱི་འདས་ལོ་ལའང་མི་འདྲ་བ་མང་པོ་འདུག་ག
ལྔ་བ། ངས་རྩོམ་འདི་བསྟན་རྩིས་ཀྱི་རང་ལུགས་བཞག་པ་ལ་རྩ་འཛིན་བྱས་པ་ཡིན། དེ་ལྟར་ཡིན་ལུགས་བྲིས་ཀྱང་ཡོད། ཁྱེད་རྣམ་པ་ཡ་མཚར་ཞིང་ང་རང་ཡ་མཚར་བའི་དོན་ནི་ས་སྐྱའི་རྣམ་ཐར་དེ་ཡིན། དེའི་ཚིག་འགྲོས་ནི་ཏུན་ཧོང་གི་ལོ་ཚིགས་ཅན་གྱི་ཚིག་འགྲོས་ལ་ཧ་ཅང་འདྲ་བོ་འདུག འདི་འདྲ་བོད་ཀྱི་མཁས་པས་བརྩམས་པའི་གསུང་ན་རྙེད་རྒྱུ་དཀོན་པོ་རེད། གསང་བ་ཞིག་གི་སྒོ་འབྱེད་བྱད་ཀྱི་ལྡེ་མིག་ཅིག་ཡིན་ནམ།
ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ཏུན་ཧོང་གཏེར་ཡིག་གི་ལོ་ཚིགས་ལ་ཡིད་རྟོན་ཆེན་པོ་གནང་གི་རྒྱུ་མཚན་གང་ཡིན་ནམ།
སྙན་བཟང་ལགས། ཨ་ལགས་ཚང་གིས་ལོ་ཚིགས་ལ་ཐུགས་སྣང་ཆེན་པོ་གནང་ནས་བསྟན་རྩིས་ཀུན་བཏུས་མཛད་པ་རེད། སྤྱི་ལོ་སྔོན་གྱི་ལོ་ ༡༠༡༤ ལོ་ནས་ ཕྱི་ལོ་ ༢༠༠༠ བར་གྱི་ལོ་ངོ་སུམ་སྟོང་ཙམ་ཞིག་གི་རེའུ་མིག་བརྩམས་གནང་བ་རེད། སྔོན་གྱི་ཆོས་འབྱུང་དང་རྒྱལ་རབས་ཁག་གི་ལོ་ཚིགས་ལ་ཡང་དཔྱད་བསྡུར་མཛད་ནས་རྩོམ་ཡིག་དེ་འདྲ་སྤེལ་གནང་འདུག དེ་ནས་རང་ལུགས་ཀྱི་ལོ་ཚིགས་རེའུ་མིག་བཀོད་པ་རེད།
དེ་ནས་ ཁྱེད་ཀྱིས་ཏུན་ཧོང་གི་ལོ་ཚིགས་ཞེས་གསུངས་འདུག ཏུན་ཧོང་ན་ཡོད་པ་དེ་ལོ་འཁོར་བཅུ་གཉིས་ཀྱི་སེམས་ཅན་དེ་ཚོ་རེད་པཱ། ད་དུང་ཐེངས་མ་གཉིས་ཙམ་ལ་སེམས་ཅན་གྱི་གོ་རིམ་དེ་འཆོལ་ཡོད་པ་རེད། དཔེར་ན། ལུག་གི་རྗེས་སྤྲེལ་མ་ཡོང་བར་ཁྱི་སླེབས་པ་འདྲ་བོ་རེད། ད་འདི་ལ་ལོ་ག་ཚོད་ཅིག་ཆད་ཡོད་པ་རེད། དེ་ཡང་ལྟ་དགོས་པ་ཞིག་འདུག
དགེ་རབ། ལུག་གི་རྗེས་ལ་སྤྲེའུ་མ་ཡོང་བ་གང་ན་འདུག ཤོག་གྲངས་སོགས་གསལ་པོ་ཞིག་མི་བཤད་ལ།
ཕག་གི་ལོ་༧༤༧ བར་དུ་པང་བསྒྲིགས་ནས་ཡོད་པ་རེད་བསམ་སོང་། ། དེ་ནས་སྤྲེའུ། བྱ། ཁྱི། ཕག་བཞི་སླེབས་ཡོད་པ་རེད། དེ་ཚོ་བཞི་ལོ་ཚིགས་གང་ལ་སྦྱར་དགོས་པ་ཁག་པོ་རེད། ཕལ་ཆེར་གོང་དུ་སོང་མ་ཐག་པའི་སྤྲེའི་བྱ་ཁྱི་ཕག་ལ་སྦྱར་དགོས་པ་མིན་ནམ་བསམ། ཞབས་ཀྱི་སྤྲེའུ་ལོའི་ནང་བཙན་པོ་བྱང་རོལ་དུ་གཤེགས་ཟེར་ནས་བྲིས་ཡོད་པ་རེད། གོང་གི་སྤྲེའུ་ལོའི་ནང་བཙན་པོ་དབྱར་བྱང་རོལ་དུ་གཤེགས་པ་ལས་སླར་འཁོར་ཟེར་ནས་བྲིས་ཡོད་པ་རེད།
དེའི་རྗེས་སུ་ལུག་༧༥༥ནས་མགོ་བཙུགས་ཡོད་པ་རེད། དེ་ནས་ཚར་ཚར་བར་ཁྱད་ལྷག་མི་འདུག། ༧༤༧ ནས་ ༧༥༥ བར་ བྱི་བ། གླང་། སྟག ཡོས།འབྲུག སྦྲུལ། རྟ་བཅས་ལོ་བདུན་ཆད་འདུག། ༧༤༧ གྱི་རྗེས་དེ་ཡིག་ཆ་B.M82129(18)7 ཤོག་ལྷེའམ་ཡིག་ཆ་གསར་པ་ཞིག་གི་མགོ་བཟུང་འདུག དེའི་བར་དུ་ཕལ་ཆེར་ཤོག་གྲངས་གཅིག་བོར་ཡོད་པ་འདྲ།
༢༤ སྙང་བཟང་ལགས། སྤྱིར་གར་ལོག་ཅེས་པ་དེར་ཡུལ་དུས་ཀྱི་སྒོ་ནས་འཇུག་ཚུལ་མི་འདྲ་བ་ཡོད་པ་ནི། སྐབས་ཐོབ་སྐབས་ཀྱི་གོ་ལེན་དགོས་པ་ཡང་ལོ་རྒྱུས་ཀྱི་གོ་བ་ལེན་སྟངས་ཤིག་ཡིན་ནི་རེད། ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གིས་བཀྲོངས་ཞེས་པའི་གར་ལོག་ནི། སྐབས་དེའི་ཤིང་ཅང་ལ་ངོས་འཛིན་པར་སྣང་ངོ༌།།
མགོན་པོ་ལགས། དེ་རིང་ཁྱེད་ཀྱི་གར་ལོག་གི་འགྲེལ་བཤད་དེས་ང་བཟི་ནས་བསྡད་ཡོད། ངོ་མ་བཟང་ཐལ། ངས་དྲན་ཐོག་ནས་བཤད་སྟབས་ལུག་སྤྲེལ་སོགས་ལ་ཆ་འཇོག་མེད་པ་གནང་རོགས། དེབ་གཟུགས་དེ་ང་གཉིས་ལ་ཡོད་པ་གཅིག་པ་ཡིན་ན། ཤོག་གྲངས་ ༢༩ པའི་སྟེང་ཕག་གི་ལོ་མཇུག་ན་སྤྲའུ་ལོ་དེ་སླེབས་པ་ཁྱེད་ཀྱིས་ཀྱང་དྲངས་འདུག་པ་ལྟར་རེད་ལགས། དེ་ནས། དེའི་མཇུག་དེ་མ་ཐག་ནས་བརྩིས་ན། བྱ་ ཁྱི་ ཕག་ ༼གུག་རྟགས་ཅན་གྱི་༽ལུག སྤྲེལ་སོགས་འཁོད་པ་ལྟར་རེད། འདི་ཕལ་ཆེར་ཁྱེད་ཀྱིས་མཁྱེན་མཁྱེན་པ་དེ་རེད། འདི་སྐོར་གྱི་རྩོམ་ཞིག་བྲིས་ནས་སྔོན་མའི་ཁྱེད་རྣམ་པ་ཚོའི་ལྗང་གཞོན་ཐོག་བཀོད་པ་རེད། ད་དེའི་ནང་དོན་ཞིབ་ཚགས་རྣམས་བརྗེད་འདུག
བཀུར་འོས་དགེ་རབ་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱིས་གསུངས་པ་ལྟར་ཏུན་ཧོང་གི་ལོ་ཚིགས་ཟེར་ནའང་འདྲ། སྤྲུལ་གྱི་ལོ། བྱ་གག་གི་ལོ། ཕག་གི་ལོ་ཟེར་བ་ལྟ་བུ་ལོ་འཁོར་བཅུ་གཉིས་ཀྱི་སེམས་ཅན་དེ་དག་ཡིན་པ་ཤེས་ཡོད། ༡༩༩༩ལོའི་གཡས་གཡོན་ཡིན་པ་ཡོད། བོད་ནང་གི་མཁས་དབང་ཨ་ལགས་བོན་རྒྱ་ཚང་གིས་མཛད་པའི་བོད་རྒྱལ་ལོ་ཚིགས་ལ་དཔྱད་པ་སྒྲོན་མེ་ཆུང་ངུའི་འོད་སྣང་ཞེས་པའི་དཔྱད་རྩོམ་དེ་ནོར་མཛོད་དུས་དེབ་ཏུ་སྤེལ་སྐབས། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་བསྟན་རྩིས་ཀུན་བཏུས་ལ་མཇལ་མྱོང་། ངས་ཨ་ལགས་ཚང་གིས་ཏུན་ཧོང་གི་ལོ་ཚིགས་ལ་ཐུགས་སྣང་ཆེན་པོ་གནང་མི་འདུག་ཟེར་བ་དེ་སྣང་བ་གང་དྲན་གྱིས་བརྗོད་པ་མིན། གནས་སྐབས་རིང་ཕྲན་གྱི་ལག་ཏུ་ཨ་ལགས་ཚང་གི་གསུང་འབུམ་ཁག་མེད་སྟབས་ཞུ་ཁག་པོ་རེད། སྤྱིར་ཏུན་ཧོང་གཏེར་ཡིག་གི་ལོ་ཚིགས་དེ་དག་གཞིར་བཟུང་ན་འཇང་ཚ་ལྷ་དབོན་ཟེར་བ་ཞིག་འཁྲུངས་མེད་པ་འདྲ། ཨ་ལགས་ཚང་གི་རྩོམ་ཞིག་ཏུ་ཁོང་གིས་མེས་ཨག་ཚོམ་ལ་སྲས་འཇང་ཚ་ལྷ་དབོན་ཟེར་བ་ཞིག་འཁྲུངས་ཡོད་མེད་ཀྱི་སྐོར་གསུངས་སྐབས། ཏུན་ཧོང་གཏེར་ཡིག་གི་ལོ་ཚིགས་ལ་ཡིད་རྟོན་ཧ་ཅང་བྱེད་མི་རུང་ནའང་། དེབ་ཐེར་གཞན་ན་མི་གསལ་བའི་སྲིད་ཀྱི་དོན་དག་མང་པོ་ཞིག་དེས་ཁ་སྐོང་བྱེད་ཐུབ་པས་རེ་ཞིག་དེའི་རྗེས་སུ་ཞུགས་པ་ཡིན་ཟེར་བ་ལྟ་བུ་གསུངས་ཡོད་སྟབས། ཁ་སང་ངས་དེ་ལྟར་དྲིས་པ་ཡིན། སྐབས་རེར་དྲི་བ་ཆུང་ཆུང་འདི་འདྲ་ཁ་ནང་ནས་ཤོར་འགྲོ་གི་འདུག ཡང་། མཚམས་རེར་དྲི་བ་མ་དྲིས་ན་བློ་མི་བདེ་བ་འདྲ་བོ། དྲི་བ་དྲིས་ནའང་བློ་མི་བདེ་བ་འདྲ་བོ་ལན་མང་འབྱུང་། དེར་དཔེ་མཚོན་དང་བཅས་ཞུ་རྒྱུ་ཡོད།
དགེ་ཆོས་ལགས་ཀྱིས།
ཁོང་རྣམས་བརྒྱད་ཅུ་བཞུགས་ཟེར་བ་དེ་ཡང་། དོན་ལ་རྒྱུད་ཀྱི་ལུང་བསྟན་ཞིག་ལ་བརྟེན་པ་ཙམ་ཡིན་ལ། རྒྱུད་ཚིག་དེའི་དོན་ཡང་ཆེས་གཞན་ཞིག་ཡིན་མོད་ཀྱི། སྐབས་སུ་མ་བབས་པས་མ་སྤྲོས་སོ། ཟེར། རྒྱུད་ཚིག་གི་དོན་གཞན་ཡིན་ཚུལ་གསུངས་མྱོང་ཡོད་དམ།
འཇམ་དཔལ་རྩ་བའི་རྒྱུད་ལས།
རྒྱལ་པོ་མི་ཡི་ལྷ་ཞེས་པ། །
ལི་ཙྖ་བྰི་རྣམས་རིགས་སུ་བྱུང་། །
དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ། །
ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །
རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །
མི་ཡི་བདག་པོ་དེ་ཡང་གྲུབ། །
ལོ་ནི་བརྒྱད་བཅུར་རྒྱལ་སྲིད་བྱས། །
དེས་ནི་རྐུན་མ་རྣམ་པར་སྤངས། །
རྒྱལ་པོ་དེས་ནི་སྲོག་སྤངས་ནས། །
དེ་ཡི་བར་དུ་ལྷ་ཐོ་ཐོ་རི་གཉན་བཙན་ལུང་བསྟན་པ་ཡིན་ཏེ། ཆོས་རྒྱལ་སྲོང་བཙན་ཡིན་ན། ལོ་ནི་བརྒྱད་བཅུ་རྩ་བཞིར་བཞུགས། །ཞེས་པ་ཞིག་དགོས་པ་དང་། ལྷ་ཐོ་ཐོ་རི་དྲུག་ཅུ་ཚར་གཉིས་བསྡོམས་ནས་དགུང་ལོ་བརྒྱ་དང་ཉི་ཤུ་བཞུགས་ཡོད་ན། ལོ་ནི་བརྒྱད་ཅུ་རྒྱལ་སྲིད་བྱས། །གསུངས་པ་ལྟར་རྒྱལ་སྲིད་ལོ་བརྒྱད་ཅུ་ཏག་ཏག་སྲིད་བསྐྱངས་པའང་སྲིད།
དེ་ཡང་སྔགས་ཀྱི་དོན་གྲུབ་སྟེ། །དེ་ཡང་གསུངས་སྟངས་འདིས། ལི་ཙྖ་བྰིའི་རིགས་ཅན་གཞན་རྣམ་ལྟར་རྒྱལ་པོ་དེ་ཡང་ཞེས་པས་ཡངས་པ་ཅན་གྱི་རྒྱ་གར་རྒྱལ་པོའི་རིགས་བརྒྱུད་ལས་འཁྲུངས་པ་ལོག་བཤད་གསུངས་པ་ཡང་ཤུགས་ཀྱིས་ཁེགས། ལྷ་ཐོ་ཐོ་རི་གཉན་བཙན་བྱང་སེམས་ཀུན་ཏུ་བཟང་པོའི་སྤྲུལ་པར་བཞེད་པ་དང་ཡང་མཐུན།
འོ་ན་རྒྱལ་པོ་སྲོང་བཙན་ལུང་ཚིག་གང་གིས་བསྟན་ཅེས་ན།
དེར་ཡང་སྔགས་ནི་མྱུར་འགྲུབ་སྟེ། །
ཞི་དང་རྒྱས་པ་བསིལ་བྱེད་པའོ། །
འོག་གི་རྒྱལ་པོ་གཞན་རྣམས་ལྟར། མཚན་ནས་མ་སུངས་པར་མཛད་རྗེས་ཀྱི་སྒོ་ནས། ཞི་བ་དང་། རྒྱས་པ་དང་བསིལ་བ་བྱེད་པ་པོས་ཚིག་གིས་བསྟན་ཟེར་ན་སྐྱོན་ཅི་ཡོད་དྲ་གྲོགས་ཚོ།
ལུང་དོན་འདིས་སྲོང་བཙན་དགུང་ལོ་བརྒྱད་ཅུ་ལྷག་བཞུགས་དགོས་པའི་ལུང་གི་དམ་རྒྱ་ལས་གྲོལ། ལྷ་ཐོ་ཐོ་རིའི་རྒལ་པོའི་སྙན་པ་ཡང་མི་རྒྱས་སམ། ཧ་ཧ་སྔོན་མེད་ལེགས་བཤད་མིན་ནམ།
མཆན་བུ་༣༢༽པ ཀརྡོ་གཉེར་ཕྱག་པ་དེ་ང་དགེ་བསྙེན་རྡོ་རྗེར་སྤྲུལ་ནས་ལན་བཏབ་པ་ཡིན་་ནོ། དྲི་བ་པོ་ཡང་ང་ཡིན་ནོ། ལན་འདེབས་མཁན་མེད་པས། ལན་འདེབས་མཁན་ཡང་ང་རང་ཡིན་ནོ། །འདི་ལ་དགོངས་སེལ་ཞུའོ། །
དགེ་ཆོས་ཀྱིས་འཇམ་དཔལ་རྩ་རྒྱུད་ནང་གི་ལུང་བསྟན་འདི་བོད་ཀྱི་རྒྱལ་རྒྱུད་དག་མིན་པར་བལ་ཡུལ་གྱི་རྒྱལ་རྒྱུད་ཡིན་པ་རེ་རེ་བཞིན་ངོ་སྤྲད་ནས་མཛུབ་མོ་རི་སྟོནགནང་འདུག རྒྱ་དཔེ་ལས། ནེེཔྰལནཎཌ་ལེཁྱྰཏེཧིམྰདྲེཀུཀཥིམ་ཤྲིཏེ།
ལྷ་ལྡན་ཅེས་པ་མ་དག བལ་ཡུལ་ཅེས་ནི་བྱ་བ་ཡི།། གངས་ཅན་རི་ཡི་ནང་གནས་པར་ཅེས་བསྒྱུར་དགོས་པའི་ཕྱིར་ཞེས་གསུངས། འདིའི་རྒྱལ་པོ་རྣམས་ཀྱི་མིང་རྒྱ་དཔེ་ལས་བྱུང་བ་ཐམས་ཅད་བལ་ཡུལ་གྱི་རྒྱལ་པོ་རྐྱང་གི་མིང་ཡིན་པ་འདི་ལྟར་ཟེར་ནས་མར་ལེགས་སྦྱར་སྐད་དང་བོད་སྐད་ཤན་བསྒྱུར་བཀོད་པ་མ་ཟད། མིང་རེ་རེ་ནས་ནེ་པ་ལའི་རྒྱལ་པོ་གང་ཡིན་མིན་ཡང་ཁོ་སྤྲད་ནས་གསུངས་འདུག
བྱང་ཕྱོགས་ཀྱི་གངས་རི་དང་དེ་ལས་འཕྲོས་པའི་དོགས་དཔྱོད་ཅེས་པའི་མགོ་ཤོག་དང་པོ་ནས་མར་གསལ་བར་ལྟོས།
ལོ་བརྒྱད་ཅུའི་རིང་ལ་རྒྱལ་སྲིད་བསྐྱངས་པའི་བལ་པོའི་རྒྱལ་པོ་དེའི་ལོ་རྒྱུས་བྱུང་ཡོད་དམ། འཇིག་རྟེན་སྒྲོལ་མ་དང་། ལྷ་མོ་གོས་དཀར་མོ་དང་། དཀར་མོ་གསུམ་བརྟེན་ནས་རྟག་ཏུ་ཡིད་སྐྱོ་བར་བཞུགས་ཆོས་རྒྱལ་སྲོང་བཙན་ལས་གཞན་པ་གཅིག་ཀྱང་ཡོད་པ་གཅིག་སུས་གསུངས་ཐུབ་བམ། ད་དུང་བེའུ་དང་། འོདལྡན་དང་། ཐ་མ་འཆར་རྒྱལ་ངང་ཚུལ་སྐོར་ཅི་ཡོད་དམ། གཞན་ཡང་དེ་ཐམས་ཅད་ནང་པའི་རྒྱལ་་པོ་ཡིན་དགོས་ལ། དེ་མིན་ན་ལུང་བསྟན་པ་ལ་དགོས་པ་མེད་པའི་ཕྱིར། དེག་ཆོས་ལགས་དང་ཁོང་གི་རྗེས་འབྲང་ཕྱག་གཉིས་པ་ལ་སོགས་ལ་འབྲིའོ། །
ལུ་བསྟན་ནོར་བར་བཀྲལ་བ་ནི། ཅང་མི་ཧང་མི་སང་ཡང་། འཇམ་དཔལ་རྩ་རྒྱུད་སྒྱུར་མཁན་ལོ་རྩ་པས། ནེེཔྰལ་ཞེས་པ་འདི་ལྷ་ལྡན་ལ་བསྒྱར་འདུག་གསུངས་པ་འདི་ནི་ཤིན་ཏུ་ནས་ཡིད་ཆེས་དཀའ་བའི་གནས་སུ་མི་མཐོང་ངམ།
དྷརྨ་པཱ་ལ་ཞེས་པ་ཆོས་སྐྱོང་དང་ནེེཔྰལ་ཞེས་པ་ལུག་སྐྱོང་བའམ་འཚོ་བ་ལ་གོ་བས། བལ་ཡུལ་ཞེས་བསྒྱུར་བ་ལུག་གི་བལ་ཐོན་པའི་ཡུལ་ལམ་གནའ་སྔ་མོར་བོད་ཀྱི་མངའ་ཁོངས་ཡིན་པར་འདུག །བལ་ཡུལ་ཅེས་ནི་བྱ་བ་ཡི།། གངས་ཅན་རི་ཡི་ནང་གནས་པར།།ཞེས་པ་ལྟར་དེང་སང་བལ་ཡུལ་ཤར་བ་དང་རྟ་མང་། སྟོད་ལུང་། བྷ་ལུང་ཁོག །བྲུག་ཆ། གསང་བདག་གྲོང་སྡེ་དེ་ཚོ་ཕལ་ཆེ་བ་ལུག་འཚོ་བ་རྐྱང་རེད། ལུང་པ་ཁུང་གྱོག་རེ་ན་བྲག་གཟར་མོ་དང་རི་གྲོང་གི་ཁྱིམ་ཚང་དེ་ཚོའི་ནང་དུ་ད་དུང་གནའ་སྔ་མོའི་བོད་ཡིག་ལག་བྲིས་གླེགས་བམ་མང་དུ་མཐོང་རྒྱུ་ཡོད། ལམ་བར་མ་ནི་དང་བཛྲ་གུ་རུ་རྡོ་བརྐོས་མང་པོ་མཐོང་མྱོང་། དེང་རབས་ཀྱི་གློག་སྒྲོན་སོགས་འཕྲུལ་ཆས་ཀྱི་ཆ་རྐྱེན་མཐོང་དཀོན། ཁྱིམ་བདག་མས་མཆིག་གུས་རྩམ་པ་འཐགས། བཟའ་མི་རྣམས་སྒྱེད་བུའི་མཐའ་ནས་སྐོར་སྐོར་བྱེད་ནས་ཁ་ཟས་གཙོ་བོ་བྲ་བོའི་བག་ལེབ་བཟོ་ཞོར་དང་ཟ་ཞོར་བྱེད། སྐབས་རེར་རྩམ་འདུར་བཀོལ། རྩམ་མར་ཕྱུར་གསུམ་ཁོ་ཚོའི་འཚོ་རྟེན་གཙོ་བོ་རེད། དེར་བསླེབས་ན་གནའ་སྔ་མོའི་བོད་ཀྱི་གྲོང་གསེབ་ཅིག་ཏུ་བསླེབས་པའི་སྣང་བ་བཅོས་མིན་སྟེར།
དགེ་ཆོས་ཀྱིས། ཧི་མ་ལ་ཡའི་རི་རྒྱུད་སྤྱི་ལ་གངས་ཅན་དུ་བྱས་པས། ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་ཤར་དུ་ཀོང་ཡུལ་དང་དར་རྩེ་མདོ་ལ་ཐུག་པའི་བར་གངས་ཅན་གྱི་རི་རྒྱུད་གཅིག་གི་ཁོངས་ལ་ཡོད་པར་བྱ་དགོས་ཤིང་། ཞེས་དང་བལ་ཡུལ་ཡང་ཁ་བ་ཅན་དུ་ཡོད་པར་གསུངས་ཏེ། འཇམ་དཔལ་རྩ་རྒྱུད་ལས། གངས་ཅན་རི་ཡི་ནང་གནས་པའི།།ཞེས་པ་ལྟར་བལ་ཡུལ་གངས་ཅན་པ་ཡིན་པར་མ་ཟད། བལ་ཡུལ་སྟོད་ལུང་ནས་བཟུང་པོག་ར་བར་གྱི་ས་རྒྱུད་རིང་པོ་དེ་གར་གནའ་སྔ་མོའི་བོད་ཀྱི་ཡུལ་སྲོལ་དེ་ད་དུང་གནས་མུས་འདུག་ལ། བོད་དང་རྒྱ་གར་གྱི་མི་འདུས་ནས་བལ་ཡུལ་གྱི་མི་རིགས་བྱུང་ཟེར་བ་ཅིས་མ་བདེན། གྷོ་ཁ་ཟེར་བ་དེ་ཚོ་ཏན་ཏན་རྒྱ་གར་ནས་མཆེད་འོངས་བ་དང་ཧུན་དུའི་ཆོས་ལུགས་དང་བོད་ཀྱི་ནང་ཆོས་གཉིས་མཉམ་སྤྱོད་བྱེད་མཁན་ཡང་གང་མང་འདུག །འདིའི་སྐོར་ཞིབ་པར་ཤེས་འདོད་ན་འཛམ་གླིང་རྒྱས་བཤད་དུ་གསལ། ང་རང་སྟོད་གངས་རིན་པོ་ཆེ་ནས་པོག་ར་བར་རྐང་ཐང་གིས་རི་ཆུ་ལུང་གསུམ་བརྒལ་ནས་ཟླ་བ་གཉིས་དང་ཉིན་གྲངས་བཅོ་ལྔ་འགོར། ངའི་སེམས་ལ་བལ་ཡུལ་ནི་བོད་དང་མི་འདྲ་བ་ཞིག་ལོས་ཡིན་སྙམ་པ་འཆར་ཡང་དངོས་སུ་བསླེབས་ཚེ་བོད་ཀྱི་རི་རྒྱུད་ཚོ་བ་དེ་ཚོ་སེམས་ལ་ལྷམ་མེར་ཤར།
བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཕོ་བྲང་གི་སྟེང་དུ་དམ་ཆོས་བབས་པ་དང་། དེའི་དོན་ཤེས་མཁན་མི་རབས་ལྔ་ནས་འོང་བར་ལུང་བསྟན་སོགས་ལ་དཔག་ན་ཁོང་གི་ལོ་རྒྱས་ནི། ཟ་་ཧོར་གྱི་རྒྱལ་པོ་ཛྰ་དང་ཆ་འདྲ་བ་བྱུང་བ་དང་། ཁོང་གི་ཕྱག་རྗེས་ཡ་མཚན་ཆེ་ཤོས་དེ་ནི་མི་གཅིག་གི་མི་ཚེ་གཆིག་གི་ནང་ལ་དགུང་གྲངས་བརྒྱད་ཅུ་རྒྱལ་སྲིད་བསྐྱངས་པ་དེ་རེད་འདུག དེར་བརྟེན་སངས་རྒྱས་ཀྱིས་འཇམ་དཔལ་རྩ་རྒྱུད་ནང་ལ་སྲོང་བཙན་སྔོན་གྱི་སྔོན་དུ་བོད་རྒྱལ་ཁོང་གཅིག་ཉིད་ལུང་བསྟན་པར་མངོན་ནོ། །