དོལ་སྨྱོན།
ལྷོ་བྱང་རྒྱ་མཚོའི་རླབས་ཀྱིས་འཕུལ་བ་མཐོ་བོད་འཛིན་མའི་གྲུ་ཁ་འདིར།།
བདེ་བར་གཤེགས་པའི་ཐུགས་རྗེའི་ཤུགས་དང་སྤྱི་མཐུན་བསོད་ནམས་ལས་དབང་གིས།།
སྤྲེལ་བྲག་ཟུང་གི་འཁྲབ་སྟོན་གཅིག་གིས་མི་རིགས་འདིའི་ས་བོན་ཞིག།།
ཡར་ཀླུང་གཙང་པོའི་གྲུ་ཟུར་ཞིག་ནས་མི་མངོན་ཚུལ་གྱིས་རིམ་པར་མཆེད།།
ལྤགས་པ་ལོ་མ་གོས་སུ་གྱོན་པའི་གདོད་མའི་དུས་ཀྱི་མེས་པོ་ཚོས།།
གཞུམ་པ་མེད་པའི་སྙིང་སྟོབས་ཤིག་དང་འགྲན་དུ་མེད་པའི་ཆོད་སེམས་ཀྱིས།།
རང་བྱུང་ཁམས་ཀྱི་འཚེ་བ་སོགས་དང་གློ་བུར་རྐྱེན་གྱི་འཇིག་པ་བཅས།།
ཡོད་ཚད་དམར་པོའི་གདོང་ལ་བཀལ་ནས་ཡང་བའི་གོམ་སྟབས་མདུན་དུ་སྤོས།།
སྤྱི་ལོ་སྔོན་གྱི་ཟླ་ཚེས་ཤིག་ན་གཉའ་ཁྲི་བོད་ཀྱི་རྗེ་བོར་བྱོན།།
མེས་པོས་བཞག་པའི་ཤུལ་ལམ་རིང་མོར་ཁྱོད་ཀྱི་ཞབས་ཟུང་ལེགས་པར་སྤོས།།
ཁྱོད་ཀྱི་ཚ་བོ་ཡང་ཚར་གྱུར་བའི་སྤུ་རྒྱལ་གདུང་རབས་རིམ་བྱོན་གྱིས།།
མཐོ་བོད་འདི་ཡི་ཕྱི་ནང་ཡོད་ཚད་དགེ་མཚན་འབུམ་གྱིས་སྔོག་འགོ་རྩམ།།
གྲངས་མེད་ལོ་ཟླའི་ཀྱོག་མཚམས་ཤིག་ན་མཐོ་བོད་ཞིང་ཁམས་མཛེས་པོ་འདི།།
འཛམ་གླིང་འཛིན་མའི་ཏོག་ཏུ་བསྒྲེངས་བའི་མི་བུ་འགྲན་གྱི་བདོ་མེད་ཅིག།།
མགོ་ནག་རྩམ་ཟན་བོད་པའི་རྒྱན་དུ་མཛེས་སྡུག་འབུམ་གྱིས་བྱོན་པའི་ཚེ།།
བསིལ་ལྡན་ལྗོངས་ཀྱི་ལས་དབང་རླུང་རྟ་དགུང་སྔོན་གནམ་གྱི་དབྱིངས་ལས་མཐོ།།
སྲོང་བཙན་སྒམ་པོའི་མཚན་གྱི་སྙན་པ་འཛམ་གླིང་འཛིན་མའི་ཁྱོན་ལ་ཁྱབ།།
ཁྱོད་ཀྱི་ལྡོག་མེད་ལྷག་བསམ་ཤུགས་ཀྱིས་བོད་ཁམས་ཡོངས་རྫོགས་གཅིག་གྱུར་མཛད།།
ཁྱོད་ཀྱི་སྟོབས་ཤུགས་མེ་ལྕེའི་དབལ་གྱིས་གསུམ་གཉིས་དཀྱིལ་འཁོར་བདག་གིར་བཟུང་།།
ཁྱོད་ཀྱི་མཁྱེན་དཔྱོད་རིག་པའི་དཔལ་གྱིས་མཐོ་བོད་ཆོས་སྲིད་གཏེར་དུ་གྲུབ།།
མི་རྗེ་བཙན་པོའི་བཀའ་ལུང་གཅིག་གིས་ཆེ་དགུ་མི་སྣའི་ལུས་སེམས་འཁྲུགས།།
རྟ་མཆོག་ཁྲོས་པའི་རྨིག་སྒྲ་གཅིག་གིས་སྡང་བ་དགྲ་ཡི་སྲོག་རྩ་འདར།།
འཕྲུལ་བློན་འཛངས་མའི་རྣམ་དཔྱོད་གཅིག་གིས་མཁས་པར་གྲགས་པའི་གཟི་དཔལ་ཉམས།།
མགོ་ནག་བོད་པའི་ཁ་རྗེ་དབང་ཐང་ཁྱེད་ཚོ་གསུམ་གྱིས་དགུང་དུ་བསྒྲེངས།།
གངས་རི་དཀར་པོའི་གཟི་མདངས་རྒྱས་པས་རྒྱལ་ཕྲན་སྡེ་ཕྲན་གཡང་བཞིན་འདུས།།
ཡར་ཀླུང་གཙང་པོའི་བཞུར་རྒྱུན་རིང་བས་ཆེ་དགུའི་མི་སྣས་གཙུག་ཏུ་བཀུར།།
གངས་ལྗོངས་རིག་པའི་གཏེར་དུ་གྲུབ་པས་ཕྱོགས་ཀྱི་མགྲོན་པོ་སྤྲིན་བཞིན་འདུས།།
དེ་ཚེ་མཐོ་བོད་མི་བུའི་ལས་དབང་ཇོ་མོ་གླང་མའི་རྩེ་ལས་མཐོ།།
མཁན་སློབ་ཆོས་གསུམ་ཞལ་དཀྱིལ་དྲོན་མོ་བསིལ་ལྡན་ལྗོངས་སུ་འཛོམས་པའི་ཚེ།།
མཐོ་སྒང་འདི་ཡི་སྣོད་བཅུད་ཡོངས་རྫོགས་རྒྱལ་བསྟན་སྣང་བས་ཁྱབ་པར་མཛད།།
འགྲན་དུ་མེད་པའི་མཁས་དབང་དག་གིས་བསྟན་བཅོས་རི་རབ་ལྟོས་ལྟར་སྤུངས།།
སྐལ་ལྡན་བུ་སློབ་གཞལ་དུ་མེད་པ་ཡང་དག་བདེན་པའི་ལམ་ལ་བཀོད།།
སློབ་དཔོན་ཐོན་མིའི་མཁྱེན་དཔྱོད་རྩལ་གྱིས་བསྟན་བཅོས་བརྒྱད་ཀྱི་གླེགས་བམ་བརྩིགས།།
བཻ་རོ་ཙ་ནའི་ཤེས་རབ་སྐྱེན་པོས་མདོ་རྒྱུད་བསྟན་བཅོས་ཧུབ་ཀྱིས་དྲངས།།
རྗེ་བློན་འབངས་ཀྱི་ཐུགས་སྐྱེད་བཙན་པོས་རྒྱལ་བསྟན་དགུང་སྔོན་དབྱིངས་ལ་བསྒྲེངས།།
བསིལ་ལྡན་ས་ལའི་སྐྱེ་དགུ་ཡོད་ཚད་འཚེ་མེད་ཞི་བདེའི་དཔལ་ལ་བཀོད།།
གཡུ་ཐོག་ཆེན་པོའི་མཁྱེན་བརྩེ་ནུས་པས་གསོ་རིག་བསྟན་པའི་སྒོ་བརྒྱ་ཕྱེས།།
ཕྱོགས་དང་མཚམས་ཀྱི་ལེགས་བཤད་ཡོད་ཚད་དཔལ་ལྡན་རྒྱུད་བཞིར་སྐྱེས་སུ་ཕུལ།།
གཞུང་དང་ལག་ལེན་མན་ངག་ཐམས་ཅད་མཐོ་བོད་འཛིན་མར་ཁྱབ་པའི་ཚེ།།
ནད་ཀྱི་དཔུང་ཚོགས་ངོ་ཚས་སྐྱེངས་ནས་གྲུ་ཁ་གཞན་གྱི་མགྲོན་ལ་ཆས།།
ཁྱོད་ཚོའི་མཛད་འཕྲིན་སེམས་སུ་དྲན་ཚེ་སེམས་ཀྱི་གཏིང་ན་སྙིང་སྟོབས་ཤིག །
ཁྱོད་ཚོའི་བྱ་བཞག་ཡིད་ལ་སྒོམ་ཚེ་ཡིད་ཀྱི་ཁོངས་ན་དད་པ་ཞིག །
ཁྱོད་ཚོའི་ལམ་ལ་ཕྱི་མིག་འཕངས་ཚེ་ང་ཡི་ལམ་ལ་འོད་སྟོང་ཞིག །
ང་ཡི་ཡོད་ཚད་ཁྱོད་ཚོས་བསྐྲུན་ཞིང་ང་ཡི་ཡོད་ཚད་ཁྱོད་ཚོས་གྲུབ།།
གཉའ་ཁྲིའི་སྔོན་ལ་བོད་རྒྱལ་བཅོ་བརྒྱད་གྲག །
གཉའ་ཁྲིའི་སྲས་དང་ཡང་སྲས་སོ་གཉིས་འཁྲུངས། །
སྲོང་བཙན་ཁྲི་སྲོང་ཁྲི་རལ་མེས་དབོན་གསུམ། །
ས་འཕགས་རི་སྤུངས་༸རྒྱལ་དབང་བཀའ་དྲིན་ཆེ། །
གདོད་མའི་དུས་སུ་གསོ་རིག་ས་བོན་བཏབ།།
སྤུ་རྒྱལ་དུས་སུ་གསོ་རིག་ལོ་འདབ་རྒྱས།།
བཙན་པོའི་དུས་སུ་གསོ་རིག་འབྲས་བུ་སྨིན།།
དེང་གི་དུས་ན་མིང་གི་ལྷག་མ་ཙམ།།