ཧ་ཆེ་ཕ་ལུས།
གཞི་རིམ་སློབ་གཉེར་གནས་སྐབས་ནས་རྒན་བདག་དང་། སློབ་མ་རྩེ་ཕུད་ཀྱི་གཟིངས་རྟགས། རྒྱལ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་ཆེན་མོའི་སྐབས་བོད་པའི་སློབ་མ་ཡོངས་རྫོགས་ནང་རྒྱུགས་འབྲས་ཨང་དང་པོ་བླངས་པ། རང་བདེན་ཚོགས་ཆུང་དང་། བོད་རིགས་སློབ་ཕྲུག་ཐུས་ཚོགས་གསར་འཛུགས་དང་འགན་ཁུར་གྱིས་ལས་དོན་མང་དག་བསྒྲུབས་པ་བཅས་སློབ་མ་འདྲ་འདྲའི་ནང་ནས་མི་འདྲ་བས། སློབ་བུ་བཙན་པོའི་བུ་སྡུག
ཕ་མ་གཉིས་ཀྱི་དྲིན་ལན་དང་ནང་མིའི་འཚོ་གོས་ལ་བསམས་ཏེ་ཡར་རྒྱུག་མར་རྒྱུག་གིས་གངས་སེང་ཟ་ཁང་དང་། གྲུམ་གདན་བཟོ་གྲྭ་གཉེར་སྐྱོང་གི་ཚོང་ལས་བྱས། སྐབས་དེར། ཉིན་ཞིག་ལ‘མི་གསོད་ལག་དམར’ཞེས་པའི་ཐ་སྙད་ཅིག་གློ་བུར་དུ་ཁྱོད་ཀྱི་རྐང་པ་ལ་འདོགས་ཡོང་གི་ཡོད་པ་ཁྱོད་ཀྱིས་ཅི་ལ་ཤེས།
ཡིན་ནའང་། ཁྱོད་ཀྱིས་ཚོང་ལས་ཙག་ཙིག་དེ་ལིངས་ཀྱིས་བསྐྱུར་ཏེ། མདོ་སྨད་དབུས་རྒྱུན་དྲུང་ཆེ་དང་། བོད་བར་ཞི་བའི་གོམ་འགྲོད་ཀྱི་ཚོགས་མི་སོགས་རིམས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་གོ་སར་བསྙེགས་ཏེ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བྱས་ཏེ་རང་དོན་ནས་སྤྱི་དོན་ལ་གཞོལ་བས། སྤྱི་མི་བཙན་པོའི་བུ་སྡུག
གཞུང་གི་རྩིས་ཁྲའི་འགྲོ་ལུགས་དང་ས་ཁང་དག་ཐེར་བྱས་པ་བཅས། གྲོས་ཚོགས་འཐུས་མི་འདྲ་འདྲའི་ནང་མི་འདྲ་བ་ཞིག་བྱུང་སྟེ། བཀའ་བློན་གྱི་རྐུབ་བཀྱག་དེ་ཁ་ཡི་འགྲམ་དུ་སླེབས་དུས། ‘མི་གསོད་ལག་དམར’ཞེས་པའི་རྡོ་ཆེན་ཞིག་ཁྱོད་ཀྱི་རྐང་པ་ལ་བཏགས་ཏེ། བཀའ་བློན་གྱི་རྐུབ་བཀྱག་དེ་ཐག་རིང་ནས་རྒྱང་རིང་བྲལ་བའི་སྐབས། ད་ནི་འོག་ཀླུ་ཡུལ་ལ་ཟགས་སོང་བསམས་པའི་སྣང་བ་ཞིག་ཨེ་ཤར།
ཡིན་ནའང་། གོམ་པ་རིམ་བགྲོད་ཀྱིས་ཚོགས་གཙོའི་ཁྲི་འཕང་མཐོན་པོ་དེ་ལོ་བདུན་དང་ཕྱེད་ཀ་ནོན་སོང་བས། མར་འགྱེལ་ས་ནས་ཡར་ལངས་པས། ཡར་ལངས་ཀྱི་བཙན་པོའི་བུ་སྡུག
ཉིས་སྟོང་བཅུ་དྲུག་ལོར་སྲིད་སྐྱོང་འོས་བསྡུའི་འགྲན་རྩོད་རྣོ་ངར་ཅན་དུ་གྱུར། སྐབས་དེར་སྔོན་ནས་ཡོད་པའི་མི་གསོད་ལག་དམར་གྱི་ཞྭ་མོ་ནག་པོ་དེའི་སྒང་ལ། འཆལ་བོ་དང་། ར་བཟི། ཕག་ནག་བཅས་པའི་ཉན་ན་བཟོད་པར་དཀའ་བའི་ཚིག་གི་མཚོན་ཆ་འགའ་ཁ་སྣོན་གྱིས་ཁྱོད་ཀྱི་སྒང་ལ་འཕངས་པའི་མ་ཚད། ཕྲག་དོག་ཅན་གྱིས་མདུང་རྩེ་བཙུགས། འགྲན་སེམས་ཅན་གྱིས་མདའ་རྩེ་བཙུགས། ཆོལ་ཞེན་ཅན་གྱིས་འབིག་རྩེ་བཙུགས། ཕྱོགས་ཞེན་ཅན་གྱིས་ཁབ་རྩེ་བཙུགས་ཏེ་སྲིད་སྐྱོང་རྐུབ་བཀྱག་དེ་གཞན་ལག་ལ་ཤོར་དུས། ད་ནི་བྱང་ཐང་ལ་ལྷག་སོང་བའི་སྣང་བ་ཞིག་ཤར་ཏེ། ཨ་ཕོ་ལུག་རྫིའི་མཉམ་དུ་ལུག་འཚོ་བར་འགྲོ་རྒྱུའི་བསམ་བློ་རེ་ཨེ་འཁོར།
ཡིན་ནའང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཆེན་མོ་ཞེས་པའི་མིང་བྱང་ཞིག་ཁྱོད་ཀྱི་མགོ་ལ་བརྒྱན་ཏེ། མཐོ་ནམ་མཁའི་བྱ་ལམ་གོང་མ་བར་ཡར་བཀྱགས་ཏེ། ཨ་རི་ལ་ཕར་བཏང་། མ་བསམ་པའི་ཉིན་ཞིག་ལ‘ལས་གནས་འཕོ་འགྱུར’ཞེས་པའི་ཡིག་འབྲུ་བཞི་ཁྱོད་ཀྱི་རྐུབ་ལ་སྦྱར་ཏེ། ས་ལ་མུན་རུབ་པ་ལྟ་བུ་ཞིག་མར་བརྡབས། སྐབས་དེར་ཀླད་པ་དེ་མགོ་བོའི་ནང་ན་འཐོར་སོང་། ཡ་ཁོག་ནང་གི་གློ་བ་དེ་ཁ་ནས་ཡར་དོན་སོང་། མ་ཁོག་ནང་གི་རྒྱུ་མ་དེ་རྐུབ་ནས་མར་ཟགས་སོང་བསམས་པའི་ན་ཟུག་ཅིག་ཨེ་བྱུང་། ཡང་ན། ཡར་གནམ་ལ་བཀྱགས་པ་དེ་མར་ས་ལ་རྡེབ་ཆེད་ཡིན་པ་ར་འཕྲོད་གསལ་པོ་ཞིག་ཨེ་བྱུང་། ད་དུང་དེས་ག་ལ་ཚད། བྱ་སྤུ་གནོན་ཟེར་བའི་གསལ་བཤད། དོན་ཚན་བཅུ་ཟེར་བའི་ཉེས་འཛུགས། ལྷག་པར་དུ། སྡིངས་ཆ་མཐོ་ས་ནས། ར་བ་བཙན་ས་ནས་ཁྲིམས་ལ་གཏུག་ཤོག་ཅེས། མདའ་བརྒྱབ་པའི་མ་ཆོག་གཞུ་མཆོག་ངོམ། མདུང་བཙུགས་པའི་མ་ཆོག་བ་དན་ངོམ། ཟེར་བ་ལྟར། འཇིགས་སྐུལ་རེ་བྱས་ཏེ་ས་ལ་བརྡབས་པའི་མ་ཚད་ས་འོག་ལ་འཇུག་གྲབས་བྱས།
ཡིན་ནའང་། ཁྱོད་ནི་འཇིགས་རྒྱུ་མེད་ལ་སྐྲག་རྒྱུ་མེད། ཐང་ཆད་རྒྱུ་མེད་ལ་ཡིད་སུན་རྒྱུ་མེད། དཔའ་ཞུམ་རྒྱུ་མེད་ལ་གཉའ་ཆག་རྒྱུ་མེད་པར་རས་ཁུག་དྲེག་པ་ཅན་ཞིག་གི་ནང་དུ། ཤོག་སྙིགས་དྲེག་པ་ཅན་འགའ་བླུགས་ཏེ་ཁྲིམས་ཁང་གི་སྒོ་བརྡུངས་ཏེ། ཁྲིམས་ར་ནས་དཀར་འདོན་བྱུང་བས། དཀར་པོ་དཀར་ས་ལ་འཇོག་པའི། དཀར་པོ་བཙན་པོའི་བུ་སྡུག
ཡང་ཉིས་སྟོང་ཉེར་གཅིག་སྔོན་འགྲོའི་འོས་བསྡུའི་འགྲན་རྩོད་སྐབས། འོས་མི་གཞན་གྱིས་རྒྱལ་ཕྱི་ནང་ཆུ་བཞིན་ཉུལ་ནས་ཁྱབ་བསྒྲགས་བྱས། ཁྱོད་ཀྱིས་ཤིང་ནགས་དཀྱིལ་ནས་གཏམ་བཤད་རེ་བྱས་ཏེ་ཁང་ལས་ཨར་རྒྱག་ལ་བྲེལ་ནས་བསྡད། དངོས་གཞིའི་སྐབས། ཁ་གཏད་འོས་མིས་རང་གི་གྲོགས་པོ་སྔོན་ལ་བཏང་རྗེས་ལ་རྗེས་བཞག གཡས་ནས་བསྐོར་གཡོན་ནས་འཇབ། མཛུབ་མོ་ཀེར་བའི་ཕྱག་རྒྱ་ཡིས་འོས་ཤོག་སློང་བའི་སྐབས། ཁྱོད་ཀྱིས་དྲ་ཐོག་ལ་ཚོགས་འདུ་རེ་ཚོགས་ཏེ་བསྡད།
ད་དུང་དེས་ག་ལ་ཚད། རྩ་དོན་གླིང་གི་འགན་འཛིན་དང་། བཀའ་ཤག་ཁྲིམས་ལ་སྦྱོར་མཁན་གྱི་མི་ངན། ཁྱོད་ཀྱིས་བསམ་མྱོང་དང་གོ་མྱོང་མེད་པའི་དར་ནག་ཚོགས་པའི་ཚོགས་གཙོ། རྒྱ་མིའི་སོ་བ་དང་འབྲེལ་བ་ཡོད་རབས། རྒྱ་གར་གསང་ལས་ཀྱིས་འདྲི་བརྩད་བྱས་རབས། ཀ་སྟག་མག་པའི་གསལ་བསྒྲགས་སོགས་ཐབས་བརྒྱ་བྱུས་སྟོང་གིས་ཁྱོད་ཀྱི་འོས་ཤོག་དེ་ཁ་འཐོར་དགུ་འཐོར་དུ་བཟོ་བར་བརྩམས། ཡིན་ནའང་། འོས་ཤོག་༣༤༣༢༤ ཐོབ་སྟེ་སྲིད་སྐྱོང་གི་ཁྲི་འཕང་མཐོན་པོ་དེ་ལེགས་པར་ནོན་སོང་བས། ཁྲི་གནོན་གྱི་བཙན་པོའི་བུ་སྡུག
ཡིན་ནའང་། སྤྱི་ལ་སྙོམས་ས་ནི་ཕྱོགས་ཞེན་གྱི་སྒང་གཤོང་རེད། དྲང་བདེན་བྱེད་ས་ནི་ལྐོག་གཡོའི་སྦུ་གུ་རེད། ནུས་པ་སྤུངས་ས་ནི་ཆོལ་ཞེན་གྱི་འཁྱག་པ་རེད། གོམ་པ་མདུན་དུ་སྤོ་ས་ནི་འཐེན་ཁྱེར་གྱི་གཡང་རོང་རེད། ད་ཁྱོད་ཀྱིས་འཛིན་སྐྱོང་བྱེད་ས་ཡག་པོ་ཞིག་ལྷག་མེད།
ཡིན་ནའང་ཁྱོད་ལ་ལྷག་ཡོད་པ་ནི་བདེན་པ་རེད། སྤྱོ་ལ་སྙོམ་སྐབས་བདེན་པ་ལ་རྒྱབ་རྟེན་བཅོལ། དྲང་བདེན་བྱེད་སྐབས་བདེན་པ་ལ་བདེན་པ་བདོར། ནུས་པ་མཉམ་དུ་སྤུང་སྐབས་བདེན་པ་ལ་སྡོང་གྲོགས་བོས། གོམ་པ་མདུན་དུ་སྐོ་སྐབས་ལམ་སྣེ་བདེན་པས་དྲོངས་པར་གྱིས། མདོར་ན་བདེན་པ་ཉིད་རྣམ་པར་རྒྱལ་བར་བྱོས།