ཨ་དམར་པོ།
བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་གཟུགས་བོད་འབྱོར་མ་འདི་གའི་སློབ་གྲྭའི་ར་བར་ཐོན་ཡོད་པ་མ་ཟད། མི་སྒེར་གཅིག་གི་ཚེ་སྲོག་རྒྱལ་འཛུགས་ཀྱི་ཉེན་ཁའི་བར་ནས་སྐྱེས་ཤིང་འཚར་བའི་ལོ་རྒྱུས་ཀྱང་གོ་ཐོས་བྱུང་། ཉིན་ཤས་རྗེས་མི་ཀློག་ག་མེད་ཀྱི་དཔེ་ཆ་དེ། དཔེ་བདག་ཆེ་གེ་མོས་ངའི་མིག་མདངས་ལས་སྐོམ་པ་ཆུ་འདོད་ཀྱི་ཀློག་འདུན་རིག་སྟེ། ཕར་ལ་དཔེ་ཆ་གཡར་རོགས་མ་ལབ་པའི་སྔོན་ལ་དཔེ་ཆ་དེ་ཚུར་གཡར་བ་མ་ཟད་དུས་ཚོད་ཀྱང་གང་འཚམ་སྤྲད་སོང་།
ང་ཤག་ཏུ་འབྱོར་ཏེ”བཙན་པོའི་སྙིང་སྟོབས”ཀྱི་དཔེ་ཆའི་རྒྱབ་གཟུགས་ཀྱི་སྒྱུ་རྩལ་ལ་མ་གཡེང་བར་ནང་སྙིང་གི་རྣམ་ཤེས་ལ་བསམ་པ་གླན་སྐབས། འོད་སྣང་འཚོལ་ཕྱིར་ལམ་ལ་ཆས་འདུག ལམ་ཐག་ཅི་ཙམ་རིང་ཡང་། ལམ་གཤིས་ཅི་ཙམ་རྩུབ་ཀྱང་། ལམ་འགག་ཅི་ཙམ་རྒོད་ཀྱང་། ལམ་ཞེང་ཅི་ཙམ་ཆུང་ཡང་། ལམ་འཇིགས་ཅི་ཙམ་ཆེ་ཡང་ཆས་ཚར་དུས་ཕྱིར་མིག་མེད་པར་འདུན་ནས་འདུན་ལ་མཆོང་འདུག ཚོར་ཤེས་ཀྱི་འགྱུ་བས་རྙེད་པ་ནི་གྱོང་གུད་དང་ཆག་འཇིག ཕམ་ཁའི་གནས་བབས་ལ་གཞིགས་ཐེངས་རེ་རེར་གཉའ་གནོན་བཙན་འཛུལ་བའི་བྱ་སྤྱོད་ལ་ཡི་མ་རང་བར་ཞེ་འཁོན་ཟབ་མོའི་རྨ་ཁའི་ན་ཟུག་ཆེ་ནས་ཆེ་རུ་ཕྱིན་ཏེ། འུ་ཐུག་ཐབས་ཀྱི་ཨ་ཚ་ཨ་ཡའི་འོ་དོད་ཐེངས་གཅིག་གི་ཁ་དོག་ཅི་ལ་མིན།
ལྔ་བརྒྱད་ལོའི་གཞི་མེད་རྩ་གཏོར། རིག་གསར་གྱི་བཅོམ་ཆག་གྱ་ཉེལ་དང་། ཡ་ང་བའི་ལོ་རྒྱས་རྨ་ཁ་ནས་བརྡོལ་བའི་ངོ་རྒོལ་དང་། དཔུང་ཤུགས་འགྲན་པའི་སྙིང་སྟོབས་ཀྱི་འབོད་པ་རེད། མི་ལོར་ལྔ་བཅུའི་རིང་ལ་མེས་པོ་ཚོའི་ཁ་ཆེམས་དང་། རྣམ་ཤེས་ལ་འདས་མཆོད་ཕུལ་བའི་མཛད་སྒོ་ཆེན་མོ་རེད། འཛམ་གླིང་ནི་གོར་གོར་ནས་རིལ་རིལ་དུ་འཕོས་བའི་རྟོགས་སད་དང་། གནས་སྟངས་ཀྱི་གནས་ལུགས་ལ་བསམ་པ་ཀླན་པའི་མངོན་རྟོགས་རེད། སྤྲེལ་སྲིན་གྱི་རིགས་རྒྱུད་འགག་མེད་པ་དང་། བཙན་པོའི་ལོ་རྒྱུས་ཀྱི་སྙིང་སྟོབས་གཟིམས་མི་སྲིད་པའི་བདེན་དཔང་རེད།
ཕྱི་ཡི་སྒྲིག་གཞི་དམ་ཞིང་། ནང་གི་སྒྲིག་གཞི་བཙན་པོས་མ་ཁོག་པར་རང་དབང་གི་རིན་ཐང་ལ་ངོས་འཛིན་བྱུང་ཞིང་། གནས་ལུགས་དང་དྲང་བདེན་གྱི་བླ་སྲོག་སྲུང་བའི་དགའ་སྟོན་རེད། མང་གཙོ་དང་འགྲོ་མའི་ཐོབ་ཐང་དང་། འཚོ་གནས་ཁེ་དབང་གི་ལམ་སྲོལ་ལ་ཉམས་ལེན་བགྱིས་པའི་མྱོང་བ་ཟབ་མོའི་ཁྱད་རྟགས་རེད། རང་ཉིད་ཀྱི་མགོ་ཐོག་གི་གནམ་དང་རྐང་འཐིལ་གྱི་ས་གོར་གོར་དེ་རང་ཉིད་ལ་དབང་བ་དང་། སྨྲ་བརྗོད་དང་འཚོ་གནས་ཀྱི་རང་དབང་ནི་རང་ཉིད་ཀྱི་རྩོད་དགོས་ལ་ལེན་དགོས་པ་དེའོ།།
མདོར་ན། ལོ་རྒྱུས་ཀྱི་ཁེ་དབང་དང་། འཚོ་སྡོད་ཀྱི་ཐོབ་ཐང་། ལམ་ལུགས་ཀྱི་རང་དབང་། ཆོས་ལུགས་ཀྱི་དད་མོས་སོགས་ནི་གཞན་དབང་གི་རྐང་འོག་ལ་མ་ཤོར་བར། རང་ས་རང་ཁྱིམ་ནས་མགོ་བོ་བར་སྣང་ལ་གཏེགས་ཏེ། ཞི་བདེ་དང་འདྲ་མཉམ། འཆམ་མཐུན་གྱི་དགོད་སྒྲ་དང་འཛུམ་མདངས་ཀྱིས་གོ་ལའི་སྒང་གཤོང་བར་མེད་དུ་ཁྱབ་དགོས་པའི་ཕུགས་བསམ་དེའོ།
དེའི་ཕྱིར་”བདག་དོན་གཞན་འབྲེལ”མ་ཡིན་པར་། འཐབ་རྩོད་ཀྱི་ངར་ཤུགས་”བདག་གཞན་མཉམ་བརྗེ”ཡི་སྤོབས་པར་བསྡེབས་ཏེ། གང་ཡང་ཡོད་ལ། ཅི་ཡང་བྱེད་དགོས་པའི་རླབས་ཆེ་བའི་བསམ་བློའི་སྙིང་སྟོབས་སོ།།
༢༠༡༣.༦.༡༠