ཡོནཏན་ཚེ་རིང་།
ཉེ་དུས་ལོ་གསར་གྱི་དུས་སྐབས་དང་བསྟུན་ནས། ངས་ཡུ་ཀྲུབ་ནང་ནས་བོད་གཞས་མི་ཉུང་བ་ཞིག་འཚོལ་ཞིབ་བྱས། འཚོལ་ཞིབ་བྱས་པའི་རྒྱུད་རིམ་ཁྲོད་བོད་ནང་ནས་གཞས་གསར་སྤུས་དག་མི་ཉུང་བ་ཞིག་མཐོན་པ་གསལ་རྟོགས་ཐུབ་པས་དགའ་སྤོབས་གཉིས་གཅིག་ཅར་དུ་སྐྱེས། རེད་དེ། དེ་བས་ཀྱང་དགའ་འོས་པ་ཞིག་ལ་བཙན་བྱོལ་ནང་དུའང་གཞས་གདངས་དང་། གཞས་ཚིག་སོགས་གང་ལ་གཞིགས་ལ་ཚད་ལྡན་ཡིན་པའི་བོད་གཞས་འགའ་བརྙེད། ངས་མཐོང་བའི་གཞས་དེ་དག་ནི་བདེ་སྐྱིད་ཆོས་སྒྲོལ་ལགས་ཀྱིས་བཏང་བའི་གཞས་ཤ་སྟག་རེད། གླུ་གཞས་དེ་དག་གི་ཚིག་མདངས་རྣམས་གཞན་ནས་བརྐུ་ཤུ་བྱས་པ་གང་ཡང་མིན་པར་འབྲེལ་ཡོད་གཞས་གདངས་རྩོམ་མཁན་དང་། གཞས་ཚིག་འབྲི་མཁན་སོ་སོས་རྣམ་དཔྱོད་ལས་མཐོན་པ་ཤ་སྟག་རེད།
གཞས་ཚིག་རྩོམ་པ་པོ་ནི་བཙན་བྱོལ་ནང་གྲགས་ཆེ་བའི་སྙན་ངག་པ་བྱ་དོར་ཕུན་ཚོགས་སམ་གྲུབ་ཐོབ་ལགས་དང་། གྲ་ཕྱི་ཚེ་རིང་ཟླ་བ་ལགས་གཉིས་ཡིན་པ་དང་། བྱ་དོར་ཕུན་ཚོགས་ལགས་ལ་མཚོན་ན། ཕུལ་བྱུང་གི་སྙན་ངག་པ་ཞིག་ཡིན་ཞེས་བརྗོད་ན་མི་འགྲིག་པ་གང་ཡང་མེད། དེ་ཡང་ཁོང་གིས་སྐྱུག་བྲོ་བའི་འཇིག་རྟེན་དང་། རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སོགས་མི་ཉུང་བ་ཞིག་བྲིས་ཡོད། དེ་བཞིན་དུ་ཚེ་རིང་ཟླ་བར་མཚོན་ནའང་བཙན་བྱོལ་ནང་གི་བོད་ཡིག་གི་ཤེས་ཚད་མཐོ་བའི་ཤེས་ཡོན་པ་ཞིག་ཡིན། གང་ལྟར། ཁོང་གཉིས་དང་། གདངས་རྩོམ་པ་པོ་ཆོས་གྲགས་ལགས་ཀྱིས་གཞོགས་འདེགས་འོག་འབུར་མཐོན་བྱུང་བའི་གླུ་མ་བདེ་སྐྱིད་ཆོས་སྒྲོན་ལགས་ཀྱིས་གཞས་དེ་དག་གིས་ང་ལ་ཡིད་ཚིམ་པའི་ཚོར་སྣང་ཞིག་དབང་མེད་དུ་སྦྱིན།
གཅིག་བྱས་ན། དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་། གཞས་པ་དང་གཞས་མ་ཉུང་བའམ་ཡང་ན་སྤུས་ཚད་གཅིག་ཀྱང་མེད་པའི་གཞས་རོ་མང་དྲག་པ་ཇི་ལྟར་ཡང་ཁོང་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ལས་གྲུབ་པའི་གླུ་གཞས་དེ་སྤྱོད་ལྡན་རྣམས་ཀྱི་རྣ་བའི་བདུད་རྩིར་གྱུར་བའི་རེ་སྨོན་ཞུ། གོང་དུ་ངས་ངོ་སྤྲོད་ཀྱི་ཚུལ་དུ་མདོ་ཙམ་བྲིས་པ་དེར་ནོར་འཛོལ་མི་ཉུང་བ་ཞིག་ཡོད་པ་རེད། འོན་ཀྱང་། ང་ཚོས་བཙན་བྱོལ་ནང་གི་གཞས་རིགས་ཁག་ལ་སྐྱར་ཞིབ་བྱ་རྒྱུ་དེའང་གལ་ཆེར་མཐོང་བས་ཤར་མིར་བྲིས་པ་ཡིན་ནོ།
གཤམ་གྱི་དྲ་ཐག་ནས་ཁྱེད་རང་གིས་གླུ་མ་བདེ་སྐྱིད་ཆོས་སྒྲོན་ལགས་ཀྱི་གཞས་འགའ་གསན་ཐུབ།
http://www.youtube.com/watch?v=HU1arcG38_4
http://www.youtube.com/watch?v=f4ALWf1B0Mw
http://www.youtube.com/watch?v=kfGnUQKyujQ
http://www.youtube.com/watch?v=HU1arcG38_4
སྐྱེ་དམན་དེའི་གཞས་རེ་གཉིས་གོ་མྱོང་ཡོད། སྐད་ཨོ་ཙམ་འདུག འོན་ཀྱང་། མོ་ལས་ཡག་པའི་གཞས་མ་མི་ཉུང་བ་ཞིག་བཙན་བྱོལ་ནང་མཐོན་བཞིན་ཡོད།
ཡག་པོ་འདུག། མ་ཟད་གཞས་ཚིག་ཀྱང་ཧ་ཅང་ཡག་པོ་འདུག། མི་རིགས་ཀྱི་ལ་རྒྱ་དང་བོད་གངས་ཅན་པར་བཅངས་པའི་བརྩེ་སེམས་མཚོན་པར་བྱས་འདུག། དེ་མིན་བཙན་བྱོལ་ནང་ལ་གླུ་གཞས་གཏོང་མཁན་གང་ཙམ་འདུག་ཀྱང་གཞས་ཚིག་ལ་གོ་རྒྱུ་ཅི་ཡང་མི་འདུག། གཞས་ཚིག་ཁག་ཤས་ནི་བཟའ་ཉལ་སྤྱོད་གསུམ་དབྱངས་ལ་བཀུག་ནས་བཏང་བ་རང་རེད་འདུག། བྱས་ཙང་དེ་ཚོ་དང་བསྡུར་ན་གོང་གི་གླུ་མ་དེ་སྐར་ཚོགས་ཁྲོད་ན་ཟླ་བ་ལྟར་རེད་འདུག།
དེ་རིང་ངས་གུང་སེང་གོ་སྐབས་དང་བསྟུན་ནས་གླུ་མ་དེའི་གཞས་འགའ་ཉན་པ་ཡིན། དངོས་གནས་ཡག་པོ་འདུག ཕྱོགས་གང་ནས་གཞིགས་ཀྱང་ཚད་ལྡན་རེད། ཐུགས་རྗེ་ཆེ།
ཞོར་འཕྲོས་སུ། གླུ་མ་དེའི་ལོ་རྒྱུས་ཤེས་མཁན་ཡོད་ན། ཏོག་ཙམ་འགོད་ཐུབ་ན་ཡག་པོ་འདུག རྩོམ་པ་པོས་མོའི་ལོ་རྒྱུས་གཅིག་ཀྱང་གསུངས་མི་འདུག
གཞས་ཡག་པོ་འདུག མ་གཞི་བཙན་བྱོལ་ནང་གི་གཞས་ཚིགས་ཚང་མ། ཚིགས་བཅད་རྐང་པ་དྲུག་ཅན་ཤ་སྟག་རེད། ཚིགས་རྐང་བདུན་ཅན་དང་བརྒྱད་ཅན་བཏང་ཁག་པོ་ཡོད་ས་རེད།
རྒྱལ་བ་མཁྱེན། ཞེས་པའི་གཞས་དེ་དངོས་གནས་ཡག་པོ་འདུག རྣམ་པས་ཚོས་རང་ཉིད་ཀྱི་འཇོན་ནུས་ལ་གཞིགས་པའི་ནུས་པ་མུ་མཐུད་ནས་འདོན་གནང་མཛད་རྒྱུ་གལ་ཆེན་པོ་རེད། མུ་མཐུད་ཡིན།ཏ
གོང་དུ་དྲ་གྲོགས་འགས་གླུ་མ་བདེ་སྐྱིད་ཆོས་སྒྲོན་གྱི་གླུ་གཞས་གསར་པའི་སྐོར་རོབ་ཙམ་གསུངས་འདུག་པ་མ་ཟད་དྲ་གྲོགས་ཞིག་ནས་མོའི་ལོ་རྒྱུས་སྐོར་བྱུང་ན་ཡག་པོ་ཡོད་ཚུལ་ཡང་གསུངས་འདུག་པར་འདིར་ལོ་རྒྱུས་བསྡུས་ཙམ་ཞིག་བྲིས་འདོད་བྱུང་།
ཁོ་མོ་ནི་བོད་ལྷོ་ཁ་གྲ་ནང་ནས་ཡིན་ཞིང་ཆུང་དུས་ལྷ་ས་ནེའུ་ཆུང་རི་བཙུན་དགོན་དུ་རང་ལོ་བདུན་ནས་བཙུན་མ་བྱས།སྤྱི་ལོ་༡༩༩༢སྟེ་མོ་རང་ལོ་ངོ་༡༤སྐབས་བཙུན་དགོན་གཅིག་པའི་བཙུན་མ་གཞན་ལྔ་དང་མཉམ་དུ་ལྷ་ས་བར་བསྐོར་ནང་བོད་རང་བཙན་གྱི་ཞི་བའི་སྐད་འབོད་བྱས་པར་བརྟེན་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་བཙོན་ཁྲིམས་བཅད་ནས་སྟོད་ལུང་ཁྲི་ཟམ་བཙོན་ཁང་ནང་འདུག་རིང་སྡུག་སྦྱོང་ཚད་མེད་མྱངས་མཐར་སྤྱི་ལོ་༡༩༩༥ལོར་བཙོན་ནས་གློད་གྲོལ་ཐོབ།
ལོ་དེ་རང་ལ་རྒྱ་གར་དུ་བྲོས་བྱོལ་ཡོང་ནས་དེ་རྗེས་རྡ་ས་བཙུན་དགོན་སྒྲོལ་མ་གླིང་དུ་ལོ་ཤས་རིང་རིགས་ལམ་སློབ་གཉེར་ཁག་ལ་སློབ་སྦྱོང་བྱས།
སྤྱི་ལོ་༢༠༠༨ལོར་ཨ་རིར་སླེབས་རྗེས་རང་ཉིད་སྒེར་གྱི་འབད་རྩོལ་ལ་བརྟེན་ནས་ཉི་སྟོང་༡༣ནང་མོ་རང་གི་གླུ་གཞས་བརྙན་འཁོར་ཆེད་བསྒྲིགས་ངོ་མཚར་གྱི་ཡར་ཀླུང་ཞེས་པ་དེ་མི་རྣམས་ཀྱི་སྤྱན་ལམ་དུ་སྟེར་བ་ན་རྒྱ་ཆེའི་གསན་པ་པོ་མང་པོའི་ཐུགས་ཡིད་ཚིམ་པོ་བྱུང་བ་དང་དེ་མིན་སྤྱི་ལོ་༢༠༡༤ལོར་གསར་དུ་ཐོན་པའི་ཆེད་བསྒྲིགས་དད་སྤྲོའི་འཛུམ་མདངས་ཞེས་པ་འདི་བཙན་བྱོལ་ནང་གི་གླུ་པ་གྲགས་ཅན་ཚེ་རིང་འགྱུར་མེད་དང་ཆོས་གྲགས་བློ་བཟང་བདེ་ལེགས་སོགས་ཀྱི་གཙོད་པའི་གླུ་པ་དང་གླུ་མ་མང་པོ་འདུས་པའིགླུ་གཞས་ཆེད་བསྒྲིགས་ཞིག་ཡིན་དེའི་ནང་བདེ་སྐྱིད་ཆོས་སྒྲོན་གྱི་བཏང་བའི་གླུ་གཞས་བརྩེ་བའི་ཕ་མ་ནི་བརྙན་འཁོར་འདིའི་ནང་གི་གླུ་གཞས་གཙོ་གྲས་སུ་ཚུད་ཡོད་པ་བཅས་སོ།
ཡུམ་པོའི་བུ་མོ་ལགས། ཐུགས་རྗེ་ཆེ། ཡག་པོ་འདུག ང་ཚོས་རྒྱལ་གཅེས་པ་དང་རིག་གཞུང་གི་ཕྱག་ལས་གནང་མཁན་ཚོའི་ལོ་རྒྱུས་རྣམས་རྒྱད་སྒྲགས་བྱེད་དགོས་ཀྱི་འདུག ངས་བསམ་པར་ཁོང་རྒྱ་གར་དུ་ཡོད་པ་རེད་དྲན་སོང་། དེ་མིན་ཞུ་རྒྱུ་ཞིག་ལ། ཁྱེེད་རང་ལ་ཁོང་གི་༢༠༡༤་ལོའི་གཞས་དེ་རིགས་ཡོད་ན། འདིར་ཕྱོགས་ང་ཚོར་དྲ་སྦྲེལ་གཅིག་གནང་རོགས་གནང་། ཉན་འདོད་ཆེ།
ཕར་ཤུས་ཚུར་ཤུས་དང་ཡར་འདྲེན་མར་འདྲེན་མ་བྱས་པར་རང་རྩོམ་རང་འཁྲབ་བྱས་པའི་སྙན་འཁོར་འདིས་ང་ལ་ཆ་མཚོན་ན་དམིགས་བསལ་གྱི་བྲོ་བ་གསར་པ་ཞིག་དང་རིན་ཐང་གསར་པ་ཞིག་སྤྲད་སོང་།ད་བར་བཙན་བྱོལ་ནང་དར་ཁྱབ་གླུ་གཞས་ཀྱི་སྙན་འཁོར་མི་ཉུང་བ་ཞིག་ཐོན་བཞིན་ཡོད་ཀྱང།ཚིག་ཤུས་མེད་ན་གདང་ཤུས་པ་དང་།གདང་ཤུས་མེད་ན་ཚིག་བཤུས་པ་སོགས་གང་ལྟར་རང་རྐྱ་འཕེལ་བའི་གླུ་གཞས་ཞིག་ད་དུང་ཉུང་ཉུང་རེད།
ཨ་ནེ་ལོག་པའི་མཛེས་མ་དང་གྲྭ་བ་ལོག་པའི་ཕོ་གསར་ཚོས་གཞས་གཏང་ན་thanks
ངས་ཀྱང་བདེ་སྐྱིད་ཆོས་སྒྲོན་ལགས་ཀྱིས་གླུ་གཞས་ཉན་མྱོང་ཡོད། གང་ལྟར་ཁོང་གིས་བཏང་བའི་གཞས་ལ་གསར་བཏོད་ཀྱི་རང་བཞིན་ཤུགས་ཆེན་ལྡན་འདུག དེ་བཞིན་གཞས་ཚིག་ཁག་གཅིག་རྩོམ་བྲིས་གནང་མཁན་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་སུ་ཆ་མཚོན་ན། གུས་པར་དེ་ཙམ་རྒྱུས་མངའ་མེད་ཀྱང་ངས་ཁོང་གིས་བཙན་བྱོལ་སྤྱི་ཚོགས་ཁྲོད་བཞག་པའི་དཔེ་དེབ་རང་དབང་གི་མིག་ཆུ་དང་སྐྱུག་བྲོ་བའི་འཇིག་རྟེན། འཁྲུལ་སྣང་གི་མི་ཚེ་གསུམ་བཀླགས་པ་བརྒྱུད་ཁོང་གིས་བོད་མི་རིགས་དང་བོད་བསྟན་སྲིད་ཆེད་རང་ཉིད་ཀྱི་འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཕངས་མེད་དུ་དོར་ནས་མི་ལོ་ལྔ་ཙམ་རྒྱ་གཞུང་གི་བཙོན་ཁང་དུ་དཀའ་སྡུག་གྲངས་མེད་མྱངས་པ་ཤེས་ཚོར་ཐུབ་ཀྱིན་འདུག་ལ་བཙོན་ཁང་ནང་སྡོད་སྐབས་རང་ཉིད་ཀྱི་ལྟ་བ་རྒྱུན་སྐྱོང་གནང་མཁན་ཞིག་དང་རང་གཤིས་དྲང་པོ་དྲང་གཞག་དང་ཁ་རི་ཁ་ཐུག་ཡིན་པ་རང་བཞིན་གྱིས་ཤེས་རྟོགས་ཡོང་བཞིན་འདུག ལྷ་པར་ངོ་དགའ་སྤྲེལ་ལད་འཁྲབ་སའི་སྟེགས་བུ་འདི་ནས་ཁོང་ལ་སུན་སྣང་གི་ཚོར་བ་ཡང་མང་དག་ཅིག་བྱུང་འདུག་པ་གོང་འཁོད་དཔེ་དེབ་ལས་རྟོགས་ཐུབ་ཀྱིན་འདུག
བྱ་རྡོར་ལ་རྩོམ་རྩལ་ཡོད་པ་ངས་ཀྱང་རོབ་ཙམ་ཤེས་ཀྱི་ཡོད། ཁོང་གིས་བྲིས་པའི་སྐྱུགས་བྲོ་བའི་འཇིགས་རྟེན་ཞེས་པ་དེ་བཀླགས་མྱོང་ཡོད། ལྷག་པར་དུ་ཁོང་གི་རྩོམ་ཡིག་གི་ཚིག་འགྲོས་ལ་དམིགས་བསལ་གྱི་ཉམས་སྣང་ཞིག་འདུག
གཤམ་གྱི་དྲ་ཐག་ནས་ཁྱེད་རྣམས་ཀྱི་གསན་འདོད་པའི་༢༠༡༤ལོའི་གླུ་གཞས་བརྩེ་བའི་ཕ་མ་དང་ཁ་བའི་རྒྱན་ཆ་གཉིས་གསན་གཟིགས་ཐུབ་ཀྱི་འདུག
ཡུ་ཀྲུབ་དྲ་ལམ་ལས་གསལ།
http://youtu.be/5Spq-T5fTKU
http://youtu.be/1_de9A6flrY