ལྷ་ཆབ་སྦྱིན་པ།
ལོ་ངོ་དུ་མའི་ཡར་སྔོན་ཞིག་ལ། བདག་གི་གྲོགས་པོ་ཞིག་གིས་བོད་པའི་གཞོན་སྐྱེས་སྙན་ངག་པ་ཞིག་གིས་དབྱིན་ཡིག་གི་སྟེང་ནས་སྙན་དེབ་ཅིག་བཏོན་འདུག དེབ་ཀྱི་ཁ་བྱང་ལ་《སྐོར་བ》ཟེར་ཞེས་ང་ལ་ལབ་སོང་། དེ་དུས་བདག་གི་སེམས་ནས་ཡི་རངས་ཤིག་སྐྱེས་མྱོང་། དེའི་རྗེས་ནས་གཞོན་སྐྱེས་སྙན་ངག་པ་ཁོང་གི་སྐོར་མང་དུ་ཤེས་པའི་རེ་བ་བཟུང་མྱོང་བ་ལྟར། དགྱ་ནག་གི་དཔོན་རིགས་ཤིག་རྒྱ་གར་དུ་འཚམས་གཟིགས་ལ་ཡོང་བའི་སྐབས་དང་བསྟུན་ནས་ཁོང་གིས་ཁང་བརྩེགས་མཐོན་པོ་ཞིག་གི་སྒང་ལ་འཛེག་སྟེ་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱས་པའི་གསར་འགྱུར་དང་པར་བཅས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོན་བྱུང་། དུས་དེ་ནས་བསྟན་འཛིན་བརྩོན་འགྲུས་ཟེར་བའི་གཞོན་སྐྱེས་ཤེས་ཡོན་དང་་ལྷག་བསམ་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཡོད་པར་སྤོབས་པ་སྐྱེས་མྱོང་།
དེའི་རྗེས་ཀྱི་བར་སྐབས་ཤིག་ལ་རྡ་སའི་ཉེ་འཁོར་གྱི་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་སྙན་ངག་གྱེར་འདོན་ཞིག་ཚོགས་ཤིང་དེར་ང་རང་ཡང་སྐད་བཏང་བ་ལྟར་སོང་བ་ཡིན། དེ་དུས་རང་གི་སེམས་ནས་གདེང་འཇོག་མཐོན་པོ་བྱས་མྱོང་སའི་དབྱིན་ཡིག་སྙན་ངག་པ་བསྟན་འཛིན་བརྩོན་འགྲུས་ནི་གོ་སྒྲིག་པ་གཙོ་བོ་རེད་འདུག་ལ་ཕན་ཚུན་གྱིས་ངོ་ཤེས་པའི་ཐོག་མ་ཡང་དེ་ནས་ཆགས། ཁོས་ཀྱང་དགོང་མོ་དེར་དབྱིན་ཡིག་གི་སྟེང་ནས་བྲིས་པའི་སྙན་ངག་ཅིག་གྱེར་སོང་། ཡང་དེའི་རྗེས་ཤིག་ལ་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་དང་དོམ་པ་ཚེ་རིང་དབང་མོ། བསྟན་འཛིན་བརྩོན་འགྲུས་སོགས་དབྱིན་ཡིག་གི་སྙན་ངག་གྱེར་མཁན་ཁག་ཅིག་དང་ཙོང་ཁ་ཚེ་བརྟན་རྒྱལ་དང་ཀླུ་ཚང་བློ་བཟང་ཡེ་ཤེས་འདས་པོ་སོགས་ང་ཚོའི་བོད་ཡིག་གི་སྙན་ངག་གྱེར་མཁན་ཁག་ཅིག་བཅས་ཀྱིས་མཉམ་དུ་གྱེར་འདོན་འདུ་འཛོམས་ཤིག་ཚོགས་མྱོང་། དེ་ལྟར་ཐེངས་འགར་བསྟན་འཛིན་བརྩོན་འགྲུས་ཀྱི་མཉམ་དུ་སྙན་ངག་གྱེར་འདོན་དང་གྲོགས་པོ་དང་ངོ་ཤེས་བརྒྱུད་ནས་དགོངས་ཟས་མཉམ་རོལ་བྱས་མྱོང་། དགེ་ཆོས་ཀྱིས་“མ་མཐོང་རྒྱང་གྲགས་ཅན་གྱི་མ་ཕམ་ཚོ།།དྲུང་དུ་སླེབས་ན་གོ་མོའི་ཆུ་འཁྱིལ་ལོ།།”ཞེས་པ་ལྟར་གཞོན་སྐྱེས་སྙན་ངག་པ་དང་ལ་རྒྱ་ཅན་དུ་འབོད་པའི་བསྟན་འཛིན་བརྩོན་གྱི་སྟེང་ན་ཤིན་ཏུ་མི་འདང་སའི་ཆ་མང་དུ་ཡོད་པ་མཐོང་བྱུང་། ངས་ནམ་རྒྱུན་བསྟན་འཛིན་བརྩོན་འགྲུས་ནི་བཙན་བྱོལ་གྱི་རྒན་ལྷ་བཟང་ཚེ་རིང་དང་གཞིས་བཞུགས་འདས་པོ་སྐྱེས་ཆེན་ཡི་དམ་ཚེ་རིང་སོགས་ལྟར་སྐད་ཡིག་གཞན་ལ་བརྟེན་ནས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་ན་ཚ་ཕྱུངས་མཁན་ཞིག་ཡིན་པའམ་འགྱུར་རྒྱུར་རེ་བ་བརྒྱབ་པ་ལས་ལྡོག་སྟེ། སྐད་གྲགས་ལ་དགའ་བ་དང་མི་མང་གི་མཐོང་སར་འབུད་རྒྱུར་དགའ་བའི་སྙན་ངག་པ་ཞིག་ཏུ་མཐོང་ལ། དེ་བས་ཀྱང་མི་སླེབས་སར་སྙེག་རྒྱུ་དང་མི་ཤེས་ས་ཤོད་རྒྱུར་དགའ་བ་ཞིག་ཡིན་པའང་ཤེས་བྱུང་། ལོ་ངོ་འདི་དག་གི་རིང་ལ་མཐོང་བའི་ཁོང་གི་བྱ་སྤྱོད་མང་དག་ཅིག་གིས་སྔར་སེམས་ཀྱི་གདེང་འཇོག་དེ་ག་ལེར་ཡལ་འགོ་འཛུགས་དོན། གཅིག སྙན་ངག་པའི་གཤིས་ཀ་དོར་ནས་ཆབ་སྲིད་པའི་གཤིས་ཀ་ཁོ་ན་དང་དུ་ལེན་པ། གཉིས། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པར་བརྗོད་ནའང་། བོད་ནང་གི་གནས་ཚུལ་ལ་རྒྱུས་ལོན་ཏིལ་ཙམ་མི་བྱེད་པ་མ་ཟད། ནམ་རྒྱུན་ཉེ་སར་བཅར་ནས་རྣ་ལ་བླུག་ཀྱང་དོ་སྣང་མེད་པར་འོལ་ཚོད་ཀྱིས་བོད་དོན་གླེང་བ། གསུམ། ཚོགས་འདུ་འདྲ་མིན་གྱི་སྡིངས་ཆར་འཛེག་ནས་ཆེ་བཤད་དང་མི་ཤེས་པ་དག་ཧོལ་བཤད་རྒྱག་རྒྱུར་དགའ་བ་སོགས་ཀྱིས་བདག་གི་ཡི་ག་གཏན་ཏུ་ལོག་པར་བཅུག་སོང་། ཉེ་བའི་ལོ་ཤས་གོང་ལ་གཟིགས་པགས་གྱོན་པའི་བོང་བུ་བཞིན་ཁོང་གི་བྱ་སྤྱོད་ལ་དགའ་བ་དང་བསྟོད་མཁན་མང་ཙམ་ཡོད་ཀྱང་། རིམ་གྱིས་བསྟན་འཛིན་བརྩོན་འགྲུས་ཟེར་ནས་བརྫུ་བག་གི་དཔེ་འཇོག་ས་ཞིག་ཆགས་དོན་སོང་། རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་སོགས་ལ་རང་གིས་ཇི་ལྟར་བཤད་པ་དེ་ལྟར་གྱི་གཤིས་ཀ་དང་ལྡན་པས། མི་ཚེའི་རིན་ཐང་དེ་དོན་གྱིས་ལྗིད་ཏིག་གེར་ཡོད་ལ། བསྟན་འཛིན་བརྩོན་འགྲུས་ཀྱིས་འཆད་པ་དང་བྱ་སྤྱོད་མི་འཚམས་ཤིང་། ལས་དོན་ཅི་ཞིག་ལ་འཇུག་པ་དེ་ནི་གྲགས་སྐམ་ཁོ་ན་དོན་དུ་གཉེར་བས་མ་ཚད། ཆབ་སྲིད་པ་བྱ་དགོས་ལ་སྙན་ངག་པ་ཡང་བྱ་དགོས་པས་ཞོ་དང་རྩམ་པ་གཉིས་ཆའི་དཔེ་རུ་སོང་ཡོད།
རིམ་གྱིས་གོང་དུ་བརྗོད་པའི་ངང་ཚུལ་འདི་དག་མཐོང་བས། སྔོན་ཆད་སེམས་ཀྱིས་གདེང་འཇོག་བྱ་སའི་གཞོན་སྐྱེས་སྙན་ངག་པ་བསྟན་འཛིན་བརྩོན་འགྲུས་ནི་སྟག་ཞི་ལར་གྱུར་ཅིང་། ཞི་ལ་བྱི་བར་གྱུར་སོང་། ཉིས་སྟོང་དགུ་ཡི་སྟོན་ཁ་ཞིག་ལ་ངའི་ལས་རོགས་ཤིག་གིས་རྩ་དགོངས་ཞུས་ཏེ་འགྲོ་ཁར་གྲོགས་པོ་ཚང་མར་གསོལ་སྟོན་སྟབས་བདེ་ཞིག་བཤམས་ཤིང་། གསོལ་སྟོན་དེར་བསྟན་འཛིན་བརྩོན་འགྲུས་ཀྱང་ཕེབས་འདུག དགོང་མོ་དེར་ངས་གོ་སྐབས་དམ་འཛིན་བྱས་ནས་གཞིས་བཞུགས་སྙན་ངག་པའི་སྐོར་གླེང་བ་དང་། ལྷག་པར་དུ་འདས་པོ་དམ་པ་ཨ་ཁུ་ཡི་དམ་ཚེ་རིང་མཆོག་གི་རླབས་ཆེ་བའི་མི་རིགས་ཀྱི་བསམ་བློ་དང་སྙིང་སྟོབས་སོགས་གང་ཐུབ་ཀྱིས་འགྲེལ་བཤད་བརྒྱབ་པ་དང་། ད་དུང་འདས་པོ་ཁོང་གི་སྙན་ངག་གི་གཤིས་ཀ་གྲུབ་ཚུལ་སོགས་ནས་ཉམས་མྱོང་ཏོག་ཙམ་གསོག་ཕྱིར་བཤད་ཀྱང་། དེ་ལ་རྣ་བ་མི་གཡར་ཁར་བྱིས་པ་བསམ་མེད་དག་གི་ལབ་བརྡོལ་ལྟ་བུའི་སྐད་ཆ་ཁོ་ན་བཤད་སོང་། ད་དུང་རྗེས་མར་གཟབ་གཟབ་བྱ་ཕྱིར། ཡག་རབས་རྒྱན་སྲོལ་གྱིས་རྣ་བ་སྐྱག་ལང་ལ་ཤོར་བའི་ཁོང་ལ། (ཉིས་སྟོང་དགུའི་དགུན་ཁ་ཞིག་ལ་རྡ་སའི་སྒྲོན་མེ་རྩོམ་སྒྲིག་པས་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་ཀྱི་སྐོར་ལ་བགྲོ་གླེང་བྱས་པ་དང་། ཁོང་ཡང་གར་སྟེགས་ལ་བུད་ནས་མི་མང་ལ་གོ་རྟོགས་སྤྲོད་མཁན་གྱི་གྲས་ལ་གདན་དྲངས་ཏེ་རྙིང་བརྗེ་ཞེས་པའི་བརྗོད་གཞིའི་སྟེང་སྤྱི་འཐུས་གསར་བ་དང་རྙིང་བའི་འཕོ་འགྱུར་ཇི་ལྟར་གཏོང་དགོས་མིན་ལ་སྐད་ཆ་བཤད་དགོས་འདུག་ཀྱང་། ཁོས་མིང་ཚིག་དེའི་གོ་བ་ཙམ་ཡང་མ་ལོན་པར་མི་མང་ལ་བྱམས་དང་སྙིང་རྗེའི་སྐོར་གྱི་སྐད་ཆ་བཤད་སོང་། ཁོང་གི་ཚིག་ཟིན་ལྟར་མི་དྲན་ནའང་། ཁོས “ང་རང་གཏམ་བཤད་དང་བགྲོ་གླེང་གང་མང་ལ་སོང་མྱོང་ཡང་། དེ་རིང་ནང་བཞིན་བྱམས་དང་སྙིང་རྗེའི་སྐོར་གྱི་གཏམ་བཤད་ཅིག་གོ་སྒྲིག་བྱས་མ་མྱོང་། དེ་རིང་སྒྲོན་མེ་རྩོམ་སྒྲིག་པ་གཉིས་ཀྱིས་ཆེད་དུ་ང་ལ་འདིའི་སྐོར་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་ལ། རང་རེའི་སྐྱབས་མགོན་རིན་པོ་ཆེས་ཀྱང་བྱམས་དང་སྙིང་རྗེ་གལ་ཆེན་ཡིན་པ་འཛམ་གླིང་གང་དུ་སོང་ཡང་གསུང་གི་ཡོད། དེའི་ཕྱིར་ང་ཚོར་ཡང་བྱམས་དང་སྙིང་རྗེ་ཞེས་པ་འདི་མེད་དུ་མི་རུང་” ཞེས་བྱམས་དང་སྙིང་རྗེའི་སྐོར་བཤད་སོང་། མི་མང་གིས་ཧབ་ཆ་དང་ཁྲེལ་དགོད་བྱས་སོང་ཡང་ཁོས་མ་གོ་མ་ཐོས་པའི་ཚུལ་གྱིས་མུ་མཐུད་ནས་བྱམས་དང་སྙིང་རྗེའི་སྐོར་ནས་བཤད་སོང་།)མི་སྙན་པ་ཞིག་གིས་རང་མཚང་མཐོང་ན་བསམ་ནས་གོང་གི་གུག་རྟགས་ནང་གི་གནས་ཚུལ་དེ་བཤད་པ་ཡིན་མོད། ངན་པ་ངོ་ཤེད་ཆེ་ཞེས་པའི་དཔེ་ལྟར་ངོ་ཚ་རྒྱུ་ཕར་ཞོག ད་དུང་ཡིན་ཡིན་བདེན་བདེན་གྱི་རྫུན་གཏམ་བང་བསྒྲིགས་ནས་བཤད་ཡོང་གི་འདུག དེ་དུས་རང་གིས་སྙན་ངག་པའི་གཤིས་ཀ་ཡིན་སྙམ་ནས་དྲང་མོར་བཤད་པ་དེ་གླེན་རྟགས་ཤིག་ཆགས་སོང་བསམ་ནས་ཁ་རོག་གེར་བསྡད་པ་ཡིན། དེ་ནི་ཁོང་ལ་མཚོན་ན་རྒྱུན་ལྡན་གྱི་གནས་ཚུལ་ལྟ་བུ་ཞིག་ཆགས་འདུག་པར་བལྟས་ན་ལྷག་ཏུ་རེ་བ་མི་ཆད་འོང་གི་འདུག
འདི་ནི་བདག་སྙན་ངག་ལ་ཞུགས་པ་ནས་མི་ཞིག་ལ་ཡིད་ཆེས་བཅངས་ནས་སླར་ཤི་བའི་བརྒྱུད་ཅིག་ཡིན་ལ། སྙན་ངག་པའི་རྩ་བའི་ཀུན་སྤྱོད་ཀྱི་ཐད་ནས་ཉམས་མྱོང་གྱ་ནོམ་པ་ཞིག་ཐོབ་པའང་དེ་ཡིན།
2011 6 3 ལ་བཙན་བྱོལ་གྱི་རྒྱལ་ས་རྡ་སར་བྲིས།
སྒྱུ་རྩོམ་འབྲི་ཐུབ་པའི་རྩོམ་པ་པོ་རེད་མི་འདུག་ལ།སྙན་གྲགས་ལ་དགའ་མཁན་ཞིག་ཀྱང་རེད་དོ།།
དྲང་མོར་བཤད་ན་སྔོན་ཆད་ངའང་བསྟན་འཛིན་བརྩོན་འགྲུས་ལ་ཧ་ཅང་དགའ་མཁན་ཞིག་ཡིན།
ཁོའི་ཁ་ཞེ་མི་མཚུངས་པས་ལས་ཀ་རེ་ཟུང་གིས་ང་ངོ་མ་ཐང་ཆད་དུ་བཅུག་སོང་།སྔོན་ཆད་ཁོ་མཐོང་སྐབས་གཟུགས་པོ་ཆུང་མིན་ལ་མ་བལྟས་པར་མི་རིགས་ཀྱི་འཐབ་རྩོད་པ་ཞིག་ཡིན་སྣང་གི་ཚོར་བས་ཁོང་ཆེན་པོ་བཟོ་ཡོང་གིན་འདུག་་དེང་སང་ཁོང་མཐོང་སྐབས་ཆབ་སྲིད་པ་མགོ་བདེ་ཞིག་ཡིན་སྣང་ལས་གང་ཡང་འཆར་སྣང་མི་འདུག་་་་འདིའི་མི་གཞི་འདི་ལྟར་རིན་ཐང་ཆུང་དོན་གང་རེད།
ཡིན་ཡང་།སྲང་བར་གྱི་ཕོ་འཁྱམས་མོ་འཁྱམས་ཚོ་ནང་བཞིན་བསྡད་མེད་པར་མི་རིགས་ཤིག་དང་།རྒྱལ་ཁབ་ཅིག་གི་བདེ་སྡུག་ཁ་ལ་འཁུར་ཡོད་པ་ཙམ་གྱིས་རྗེས་སུ་ཡི་རང་ཡོད།
བསྟན་འཛིན་བརྩོན་འགྲུས་ལ་འདི་ལྟར་བལྟས་ན་དེ་ལྟར་མཐོང་སྲིད་ལ། མ་གཞི་ནས་སྐྱོན་ལ་རྣམ་གྲངས་མང་ཞིང་། བཟང་ཡང་སྐབས་ལན་རེར་ངན་ལ་འགྱུར་སྲིད་པ་ཡིན། ང་ནི་ཁོང་ལ་རྒྱས་ཡོད་གྲས་ཤིག་ཡིན་པ་དང་། ངས་གཞིས་ཆགས་ཀྱི་ཕྲུ་གུ་ཚོའི་ནང་ནས་བསྟན་བརྩོན་གྱི་རྩོམ་རིག་གི་ལྟ་ཚུལ་སྤྱི་དང་། ཡང་སྒོས་ཁོང་གིས་རྒྱ་གར་གྱི་རྩོམ་རིག་བྱུང་རབས་སོགས་ལ་ངེས་ཆ་ཡོད་པ་དེར་ཡིན་སྨོན་བྱེད་ཀྱིན་ཡོད་མ་ཟད། ཁོང་གི་འབྲི་རྩལ་ནི་ང་ཚོས་བཤད་མ་དགོས་པ་ཞིག་རེད།
དེ་ནས་གཞན་བསྟན་བརྩོན་གྱི་ལས་འགུལ་ཆ་དང་། མི་གཤིས་ཀྱི་ཆ་རེད། ལས་འགུལ་སྤེལ་དགོས་ཕྱིན་མིའི་གདོང་ལ་མ་ཐོན་པར་རྒྱབ་ལ་ཡིབ་བསྡད་ནས་སྤེལ་རྒྱུ་ཁག་པོ་རེད། གཞན་ཡང་བསྟན་བརྩོན་ངེད་གཉིས་ཀྱིས་མཉམ་པོར་ལས་འགུལ་ཞིག་སྤེལ་བ་ཡིན་ནའང་། དཔར་ཆས་ཀྱི་ཁ་སྐོར་ས་བསྟན་བརྩོན་ཆགས་འགྲོ་གི་རེད། དེ་ནི་ཁོང་གི་ནུས་པ་རེད། དེར་ལས་འགུལ་ཙག་ཙིག་སྤེལ་མཁན་ཚོས་འདྲ་མི་འདྲ་བཤད་མོད། ང་རེད་བསམ་ཚུལ་གང་ཡང་མེད།
གནམ་ལྕགས་ཀྱི་སྐད་ཆར་ཡང་གོ་རྒྱུ་མེད་པ་མ་རེད། ཉིན་ཞིག་ང་དང་ཚེ་རིང་ཤཀྱཱ་གཉིས་ཀྱིས་བཙན་བྱོལ་ཁྲོད་ཀྱི་རྩོམ་རིག་སྐོར་ལ་སྐད་ཆ་བཤད་པ་ཡིན། ཁོས་བྱེས་ནས་སྐྱེས་པའི་དབྱིན་ཡིག་གི་རྩོམ་འབྲི་མཁན་འདི་ཚོའི་ནང་ནས་བརྩོན་འགྲུས་ཀྱིས་ཤུགས་བརྒྱག་རྒྱུ་ན་རེ་བ་ཏན་ཏན་འདུག ད་ནི་ཁོ་ལས་འགུལ་ནང་ཞུགས་རྒྱུ་མང་གྲགས་པར་བརྟེན། རྩོམ་ཀྱི་ཆ་ནས་འཕྲོ་བརླག་ལ་འགྲོ་ས་རེད་ཟེར། སོང་ཟང་ངེས་ཀྱང་ཁོང་ལ་ཁྱོད་ལས་འགུལ་ནང་ཉུང་ཙམ་ཞུགས་རྒྱུ་དང་། རྩོམ་འབྲི་རྒྱུའི་སྐོར་ལ་ཤུགས་མང་ཙམ་བརྒྱག་རོགས་ཞེས་ནམ་རྒྱུན་བཤད་བསྡད་ཡོད༌༌༌༌༌
མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཞེས་བཤད་པ་ལྟར། བསྟན་བརྩོན་ཡང་སྐྱོན་ཀུན་ཟད་ཞིག་ག་ལ་ཡིན། ཁོང་གི་ལེགས་པའི་ཆ་ལ་ཡང་བསམ་བློ་གཏོང་དགོ་གི་བསམ
ཀླུ་ལགས་རང་ཉིད་ལ་ལྟོས།བསྟན་བརྩོན་ཞོགས་ཤོག
གཙོ་བོ་མི་སུ་ཞིག་ཡིན་རུང་དང་པོ་རང་ཉིད་ལ་རྟག་དགོས་པ་ལས་གཞན་གྱི་དགེ་མཚན་དང་སྐྱོན་སོགས་གླེང་རྒྱུ་དེ་འདྲ་ཞིག་ཨེ་ཡིན་ཀླུ་ལགས་དང་པོ་རང་གི་མདུན་ལམ་གསལ་བོ་ཞིག་བཟོས་དགོས་པ་གལ་ཆེན་ཞིག་མ་ཡིན་ནམ་ངས་དེ་འདྲ་ཞིག་མཐོང་སོང་། ད་སྐབས་དྲ་ཐོག་སོགས་ཁྱེད་ཀྱི་སྐོར་མང་མེད་ན་ཉུང་མི་འདུག་ཡ་དེ་ལ་གཅིག་ལྟོས་དང་།
ངས་ནི་སྙན་ངག་འབྲི་མི་ཤེས་མོད་ཡིན་ན་ར་སྙན་ངག་པ་ཡིན་ཟེར་མཁན་ཚོས་ཆབ་སྲིད་ཀྱི་ནང་ལ་ལག་པ་བརྐྱངས་ན་དེ་ནི་སྙན་ངག་པ་མགོ་བདེ་ཞིག་ཏུ་གྱུར་འགྲོ་གི མི་དེའི་རིགས་ཀྱིས་བྲིས་པའི་སྙན་ངག་ལ་ཡང་སྙན་ངག་རང་ངོས་ནས་བལྟས་ན་ཚོར་བ་ཅང་མེད་མི་འདུག
ལྷ་ཆབ་སྦྱིན་པ་ཟེར་བའི་ཕྱོགས་རིས་ཀྱིས་ཚོས་བསྡད་པའི་མི་འདིས་རྒྱལ་གཅེས་པ་བསྟན་འཛིན་བརྩོན་འགྲུས་ལ་འགྲེལ་བཤད་རྒྱག་རྒྱུ་སྔ་དྲགས་མེད་འགྲོ། སྙན་ངག་པ་ཟེར་དུས། དུས་རྒྱུན་ཆབ་སྲིད་ཀྱི་སྐད་ཆ་ཅི་ཡང་མི་བཤད་པར་ཁུ་སིམ་མེར་ནང་ལ་སྒོམ་རྒྱག་མཁན་འདྲ་ཞིག་དགོས་པ་ཨེ་རེད།
མ་གཞི་མི་ཞིག་གི་རིན་ཐང་ལ་གཞིག་སྐབས་མི་དེར་གང་ཡོད་མ་ལྟོས་པར་མི་དེས་གང་བྱས་སུ་བལྟ་དགོས་། བསྟན་བརྩོན་ལྟ་བུར་མཚོན་ན་མི་དམངས་ཀྱི་མདུན་ནས་ཆབ་སྲིད་ཀྱི་ལས་གང་ལ་གང་འཚམས་ཤིག་བྱས་ཡོད་པ་རེད་ལ་། དེ་ལ་བརྟེན་ནས་བོད་དོན་ལ་གང་ཙམ་ཞིག་ཕན་ཡོད་ཀྱི་རེད་ལ་ཁོང་ལའང་ཉམས་མྱོང་གང་ཙམ་ཞིག་ཐོབ་ཡོད་ཀྱི་རེད་། ཡིན་ན་ཡང་། བསྟན་བརྩོན་ནི་འུ་ཚང་གི་ཆབ་སྲིད་པ་ཡིན་ཁུལ་གྱི་རྒན་པ་འགས་གཤིས་ཀ་ནང་བཞིན་རྒྱུས་ལོན་མ་བྱས་པའི་སྔུན་ལ་ཡིན་འདོག་གི་ཧམ་བཤད་བྱེད་པའི་གོམས་གཤིས་མི་ཉུང་བ་ཞིག་འདུག
ལྷ་ཆབ་སྦྱིན་པ་ལགས།་
ངས་ལྟ་དུས་ཁྱེད་རང་ཡང་དེ་བཞིན་མཐོང་རྒྱ་ཆུང་བ་ཞིག་མེ་འདྲ་བསམས། གང་ལགས་ཞེས་ན། བསྟན་བརྩོན་གྱིས་བཇོད་གཞི་གོ་མ་ཚོད་པར་ཧམ་བཤད་ཀྱིས་ལོག་པར་བཤད་པ་དང་། ཁྱེད་རང་གིས་ཁོར་སྨྲ་བརྗོད་བྱེད་རྒྱུ་གཉིས་ལ་ཁྱེད་པར་མ་མཐོང་། དེ་མིན་ཁྱེད་གཉིས་དབར་མ་མཐུན་པ་ཅི་ཡོད་ང་ཚོས་བཤད་ཀྱི་མེད་པས།
ཕྱིས་སུ་གཞན་ལ་སྐྱོན་བརྗོད་བྱེད་པ་ལས་རང་ཚགས་བྱེད་གལ་ཆེ།
སྙན་ངག་པ་ཡིན་ན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མི་འོས་པ་གང་ཡང་མེད། སྙན་ངག་པའི་རང་གཤིས་དང་འགན་ཁུར། བློས་བསླངས་ཀྱི་ཆ་བཤད་ན། བསྟན་བརྩོན་ལ་ཚུལ་འཆོས་ཆེ་ཞིང་མི་དམངས་ཀྱི་མདུན་ནས་ཁ་གཡང་དང་འུར་སྒྲ་སྒྲོག་བཞིན་སྐད་གྲགས་འཇོག་རྒྱུར་དགའ་བས། ཁོས་བཤད་པའི་སྐད་ཆ་དང་ཁོས་སྤེལ་བའི་ལ་འགུལ་ཡོད་ཚད་མི་དམངས་ཀྱི་འདས་མ་ད་གསུམ་ཁོ་ནའི་ཆེད་མིན་སྟབས། ངས་ཁོ་ནི་སྙན་ངག་པ་ཞིག་ལ་ངོས་འཛིན་མི་བྱེད། ཟུར་ཟ་དང་ཐེར་འདོན་སོགས་ཐབས་ལམ་ཅི་ཞིག་སྤྱད་ནས་བྲིས་ཡོད་རུང་སྙན་ངག་འབྲི་བའི་རྩ་དོན་དངོས་ནི་སྤྱི་ཚོགས་དང་མི་དམངས་ལ་ཕན་ཐོགས་པའི་ཆེད་དུ་བཤད་པའི་སྐད་ཆ་འབའ་ཞིག་ཡིན་དགོས་པས་ན། སྙན་ངག་པ་ཞིག་གིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྐབས་མི་དམངས་དང་སྤྱི་ཚོགས་ལ་ཁ་གཡར་ནས་དོན་གྱིས་རང་ཉིད་ལ་ཐོབ་དང་གོ་ས་ཞིག་རེག་ཆེད་ཡིན་མི་འོས་པ་ཡིན། ཆབ་སྲིད་པ་ཞིག་གི་མགོ་འབོས་ནས་ཡོང་སྐབས་མི་དམངས་ཀྱིས་ཡང་སྐབས་འཚོལ་རིང་ལུགས་པ་ཞིག་སླེབས་སོང་སྙམ་པའི་ཞེད་སྣང་སྐྱེ་བཞིན་ཡོད་ལ། སྙན་ངག་པ་ཆབ་སྲིད་ལ་ཞུགས་མི་རུང་བའི་ལྟ་ཚུལ་འཛིན་མཁན་ཚོས། སྙན་ངག་པས་མི་དམངས་ཀྱི་སེམས་ལ་དེ་འདྲའི་བག་ཆགས་ངན་པ་བཞག་མྱོང་ཡོད་མི་སྲིད་པས། བསྟན་བརྩོན་ལྟ་བུའི་མི་སུ་ཞིག་ཡིན་རུང་སྙན་ངག་པའི་མིང་ཁུར་ནས་ཆབ་སྲིད་ཀྱི་ལས་འགུལ་ནང་འཛུལ་ཞུགས་བྱས་ན་དམངས་ཚོགས་ཀྱི་སེམས་ལ་རྨ་ཁ་བཟོ་བར་དོགས་ནས་སྙག་ངག་པ་ཆབ་སྲིད་ཀྱི་བྱ་བའི་སྣེ་མོར་འཇུ་མི་རུང་བའི་ཉེན་བརྡ་སྟོན་བཞིན་ཡོད་པ་འདྲ། འོན་ཀྱང། སྙན་ངག་ཡིན་རུང། བསམ་པ་རྣམ་དག་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ན་སྐྱོན་ཅི་ཡང་མེད