གསར་འགོད་པ་ཆོས་ཉིད་ཀྱིས་འོས་སྦྱོར་བྱས།
༢༠༡༧།༠༧།༠༤ཉིན་སྤེལ། བོད་པའི་སྤྱི་ཚོགས་ནང་གི་པར་བ་རྣམས་ཀྱིས་གདབ་པའི་པར་དེ་སྤྱི་ཚོགས་ནང་དུ་ཁྱབ་བསྒྲགས་ཤུགས་ཆེར་འགྲོ་ཐུབ་ཀྱི་མེད་པར་བརྟེན། ང་ཚོས་པར་གྱི་དུས་དེབ་འདི་འགོ་འཛུགས་བྱས་པ་ཡིན། ཞེས་སྐལ་བཟང་འཇིག་མེད་ཀྱི་བརྗོད་སོང་།
དེ་རིང་ཉིན་རྒྱབ་ཚོུད༣།༤༠ཐོག ངྷ་ས་བཞུགས་སྒར་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། པར་གྱི་དུས་དེབ་༼InFrame༽ཟེར་བ་ཞིག་ཤེས་རིག་བཀའ་བློན་གྱིས་དབུ་འབྱེད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ལོ་དེབ་དབུ་འབྱེད་ཐོག སྐུ་མགྲོན་གཙོ་བོ་ཤེས་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། པར་དེབ་ཀྱི་གཙོ་འགན་འཁུར་མཁན་སྐལ་བཟང་འཇིག་མེད་དང་འབྲེལ་ཡོད་ལས་རོགས་བཞི། ངྷ་སའི་ས་གནས་སུ་ཡོད་པའི་བོད་ཀྱི་གཞོན་སྐྱེས་པར་གདབ་པར་དགའ་བ་དང་དེའི་ལས་སུ་ཞུགས་པ་གང་མང་ཞིག་གིས་ཚོགས་ཁང་ཡོངས་སུ་འཁེངས་སོང་།
དེ་ཡང་པར་ལེན་སྒྱུ་སྩལ་གྱི་ལོ་དེབ་ལ་གཙོ་འགན་འཁུར་མཁན་སྐལ་བཟང་འཇིག་མེད་ལགས་ཀྱིས་ཐོག་མའི་གཏམ་བཤད་བྱས་པར། ཁོང་གིས་”བོད་པའི་སྤྱི་ཚོགས་ནང་གི་པར་བ་རྣམས་ཀྱིས་གདབ་པའི་པར་དེ་སྤྱི་ཚོགས་ནང་དུ་ཁྱབ་བTibet-Kalsang Jigme-2017སྒྲགས་ཤུགས་ཆེར་འགྲོ་ཐུབ་ཀྱི་མེད་པར་བརྟེན། ང་ཚོས་པར་གྱི་དུས་དེབ་འདི་འགོ་འཛུགས་བྱས་པ་ཡིན། དུས་དེབ་འདིར་ལས་ཀ་བྱེད་མཁན་གྱི་མི་བཞི་ཡོད་པ་ཚང་མ་བཙན་བྱོལ་སྤྱི་ཚོགས་ནང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་ཞིང་། ང་ཚོ་ཚང་མ་༧གོང་ས་མཆོག་དང་བཙན་བྱོལ་གཞུང་གི་ཐུགས་རྗེ་བཀའ་དྲིན་གྱིས་ཤེས་ཡོན་གྱི་གོ་སྐབས་རག་པ་ཞིག་ཡིན་དུས། ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་དུ་སོ་སོའི་ལས་རིགས་དང་འཚམས་པའི་ཞབས་ཞུ་བྱེད་ཆེད་དུ། དུས་དེབ་འདི་བརྒྱུད་དེ་པར་ལེན་སྒྱུ་སྩལ་ཐོག་ནས་ང་ཚོའི་སྤྱི་ཚོགས་གསལ་བཤད་དང་ལོ་རྒྱུས་ཀྱི་དཔག་རྟགས་མང་པོ་ཞིག་བཤད་ཐུབ་པའི་སྡིངས་ཆ་ཞིག་བསྐྲུན་ཆེད་དུ་ཡིན།”ཞེས་དང་།
ཡང་ཁོང་གིས་མུ་མཐུད་དུ་”ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དུ་ཤེས་ཡོན་ཅན་དང་ཉམས་མྱོང་ཅན་མང་པོ་ཡོད་ཅིང་། ཁོང་ཚོར་བཀའ་འདྲི་ཞུས་དུས་ཐུགས་བརྩེ་ཆེན་པོས་ལམ་སྟོན་བྱས་པའི་ཉེར་ལེན་གྱིས་དུས་དེབ་འདི་གྲུབ་པ་དང་། པར་དེབ་ཞིག་གི་ཆ་ནས་ཇུས་འགོད་བྱེད་པ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད་དུས། དུས་དེབ་ཇུས་འགོད་སྐོར་ལ་དམིགས་གསལ་ཆེད་སྦྱོང་དང་རྒྱ་གར་ནང་པར་དེབ་ཇུས་འགོད་བྱས་ཏེ་ཨང་རིམ་དང་པོ་ཐོབ་མཁན་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་སྒྲིག་བཀོད་དང་། དེབ་ནང་དུ་རྩོམ་རིགས་སྐོར་ནས་ལྡི་ལི་མཐོ་སློབ་ནང་དབྱིན་ཇིའི་སྐད་ཡིག་ཐོག་དོ་སྣང་ཅན་གྱི་བསྟན་འཛིན་ཆོས་སྒྲོན་དང་པ་སང་ལགས་གཉིས་ཀྱིས་ཕྱག་རོགས་བྱས་པ་དང་། དུས་དེབ་འདི་ནི་རྟེན་འབྲེལ་གྱིས་པར་བསྐྲུན་བྱེད་ས་ནི་བོད་པའི་ནོར་བུ་པར་བསྐྲུན་ཁང་གིས་ལམ་སྟོན་དང་བཅས་རོགས་རམ་བྱས་སོང་།”ཞེས་བརྗོད་སོང་།
དེ་རྗེས་ཤེས་རིགས་བཀའ་བློན་ཆོག་གིས་པར་ལེན་སྒྱུ་རྩལ་ཐོག་བྱ་དགའ་ཐོབ་པའི་ན་གཞོན་ཁ་ཤས་སུ་གཟེངས་རྟགས་སྩལ་རྗེས་འབྲེལ་ཡོད་བཀའ་སློབ་དུ། ཁོང་གིས་”པར་ལེན་སྒྱུ་སྩལ་ཐོག་སྦྱངས་པ་མེད་ཙང་། ལམ་སྟོན་བྱེད་ཀྱི་མི་འདུག པར་ལེན་སྒྱུ་སྩལ་ནི་དེང་རབས་ཀྱི་མཚོན་རྟགས་ཤིག་ཆགས་ཀྱི་ཡོད་པ་དང་། དུས་རབས་ཉེར་གཅིག་དང་སྡོངས་ཏེ་གོམ་བགྲོད་བྱེད་དགོས་པ་གལ་ཆེན་པོ་རེད། ཕྱི་རྒྱལ་དེ་ཚོས་ངའི་དངུལ་འདི་ནི་སྤྱི་ཚོགས་ལས་བྱུང་བ་ཡིན་པས་ན། ངས་འདི་ཕར་སྤྱི་ཚོགས་སུ་བཀོད་སྤྱོད་གཏོང་དགོས་པ་རེད་ཅེས་པའི་འགྲོ་སྟངས་ཀྱི་བསམ་བློ་གཏོང་ཕྱོགས་དེ་ནི་ཡག་པོ་མཐོང་གི་འདུག འཇིག་མེད་ལགས་ཀྱིས་འདི་ལྟ་བུའི་དམིགས་ཡུལ་བཟུང་བར་བསྔགས་བརྗོད་ཡོད། ང་རང་འདི་བཅར་དགོས་དོན་ནི་ཁོང་ཚོའི་ལས་གཞི་འདི་ནི་བཀའ་ཤག་གི་ལྟ་གྲུབ་གསུམ་གྱི་ནང་གི་རང་ཁ་རང་གསོའི་ལས་གཞི་ཏག་ཏག་ཅིག་གྲུབ་ཡོད་རྐྱེན་ཡོང་བ་ཡིན། ༧གོང་ས་མཆོག་གིས་ཀྱང་གཅིག་དགུ་གྱ་གྲངས་ནས་བཟུང་གསར་གཏོད་ཀྱི་སྐོར་ལ་བཀའ་སློབ་སྩལ་ཡོད་པས་ན། གལ་ཆེན་ཡིན་པ་མ་ཟད་དེང་རབས་ཀྱི་ཁྱད་ཆོས་ཞིག་ཏུ་ཆགས་ཀྱི་ཡོད་པ་རེད། “ཅེས་དང་།
ཡང་ཁོང་གིས་མུ་མཐུད་དུ་”ང་རང་ཚོའི་གཞུང་གི་སྒྲིག་འཛུགས་གཅིག་པུའི་ནང་དུ་ཚང་མར་ལས་ཀ་རག་རྒྱུ་ཁེག་པོ་རེད། དེ་བས་ང་ཚོས་གསར་གཏོད་ཀྱི་ཕྱོགས་སུ་བསམ་བློ་བཏང་སྟེ། ལས་རིགས་འདྲ་མིན་དུ་ཞུགས་ཐུབ་པ་ཡིན་ན། དེང་རབས་ཀྱི་ཕྱོགས་སུ་འགྲོ་བ་དང་སོ་སོའི་སྒེར་ལ་ཡང་དཀའ་ངལ་མི་འབྱུང་བའི་ལེགས་ཆ་ཞིག་རེད། འདི་ལྟ་བུའི་སྒང་ལ་ང་ཚོས་ཤུགས་རྒྱགས་དགོས་པ་གལ་ཆེན་པོ་རེད།”ཅེས་ལམ་སྟོན་གནང་སོང་།
འདི་ག་གསར་འགོད་པས་དུས་དེབ་ཀྱི་གཙོ་འགན་འཁུར་མཁན་སྐལ་བཟང་འཇིག་མེད་ལགས་སུ་དུས་དེབ་ནང་དུ་པར་ག་ཚོད་ཡོད་པའི་སྐོར་ལ། ཁོང་གིས་“སྤྱིར་བཏང་དེབ་ནང་དུ་པར་གྱི་སྡེ་ཚན་ཁ་ཤས་ཤིག་ཡོད་ཅིང་། ཕྱི་རྒྱལ་ནས་པར་པ་བསོད་ནམས་འཛོམས་གསལ་དང་བོད་ནང་གི་ཚེ་རིང་འོད་ཟེར། ཨོ་སི་ཁྲོ་ལི་ཡའི་པར་བ་དཀོན་ཆོག རྒྱ་གར་ནང་དུ་བཀྲ་ཤིས་སྟོབས་རྒྱལ་སོགས་ཡོད་ལ། པར་ལ་སྦྱངས་པ་བྱེད་མཁན་ཞིག་ཡིན་ན་ལ་ཕན་ཐོག་ཆེན་པོ་ཡོད།” ཅེས་དང་།
གཞན་ཡང་དུས་དེབ་ཐོག་ཏུ་བོད་ཀྱི་པར་དེབ་ཐོག་མ་ཞེས་བཀོད་པ་དེ་ནི་བཙན་བྱོལ་ནང་གི་བོད་ཀྱི་པར་དེབ་ཐོག་མ་ཟེར་བ་ཡིན་ནམ། ཡང་ན་བོད་ཕྱི་ནང་གཉིས་ཀྱི་པར་དེབ་ཐོག་མ་ཟེར་བ་ཡིན་པའི་སྐོར་ནས་ “བོད་ནང་དུ་པར་གྱི་དུས་དེབ་ཡོད་མེད་སྐོར་ལ་ཞིབ་འཇུག་བྱས་པ་ཡིན་མོད། བོད་ནང་གི་དུས་དེབ་ཡོད་པ་དེ་རྩོམ་རིག་དང་འབྲེལ་བ་ཞིག་རེད་འདུག ཕྱིས་སུ་པར་གྱི་དུས་དེབ་ཞིག་བཏོན་ཡོད་པའི་གནས་ཚུལ་ཞིག་ཀྱང་གོ་སོང་། འོན་ཀྱང་བཙན་བྱོལ་ནང་གི་པར་གྱི་དུས་དེབ་ཐོག་མ་ཆགས་ཡོད།” ཅེས་འགྲེལ་བརྗོད་གནང་བ་བཅས།།
གསར་འགོད་པ་ཆོས་ཉིད།
ཤམ་བྷ་ལའི་ཕོ་ཉ་ལས་དྲངས།