ཤར་ཕྱོགས་ཁུག་རྟ།
བསམ་གླིང་ཚེ་རིང་ལྷ་མོར་འབོད་པའི་བཅད་མ་ཁ་ཤས་མཐོང་འཕྲལ་བྲིས།
བག་ལ་ཉལ་བའི་དམར་ཆུང་སྙིང།།
ལྷོག་ལྷོག་དྲན་པས་དཀྲོགས་པ་ན།།
ཡོངས་འཛིན་དཔའ་བོའི་ངག་རིག་ཆབ།།
ཆུ་ཐིག་རིས་ཀྱིས་ལྷ་མོར་ཟགས།།
ལང་ལོང་སྨུག་སྤྲིན་རྒྱང་སྒྲིབ་མ།།
སྙིང་སྡུག་ལ་ནི་ཕྱོགས་མིན་ཏེ།།
རླུང་གིས་ཁྱེར་བའི་ངེས་མེད་ཡུལ།།
འགྲིམས་པ་ཁ་འཐོར་རིགས་ཀྱི་གཟུགས།།
ལྕང་ལོ་དུད་པའི་སྒེག་ཉམས་ནི།།
ཟིལ་བས་ཤམས་པ་མ་ཡིན་པར།།
རྔུལ་ནག་འཁུར་བའི་ཞལ་རས་བཞིན།།
སྐྱོ་བའི་གཏིང་ནས་མཛེས་པ་ངོམས།།
ནམ་མཁའ་བབས་འདྲའི་སྤྲིན་དཀར་གྱིས།།
གྲོང་ཁྱེར་བཏུམས་པའི་གཡབ་མོ་ལས།།
ཆར་སིམ་ཟོས་པའི་ནོར་བདག་མ།།
ཁུར་གྱིས་ངལ་བའི་ཁ་རླངས་བཏང།།
ཆར་ཤུལ་ལ་རྩེའི་ཆུ་འཛིན་མས།།
མཚམས་སྤྲིན་འཁྱུད་ནས་བཟི་བའི་ཚེ།།
འདྲེན་བྱེད་ཟུང་གི་སེམས་པའི་སྣེ།།
སྨྲེང་བཞིན་ཕ་མཐར་ལྷོད་ཀྱིས་བཞུད།།
སྤྲིན་གྱི་ནུ་མའི་འབབ་རྒྱུན་ལས།།
ཕྱི་ནང་མེད་པར་བརླན་པའི་ཚེ།།
ཡོད་ཀྱང་དངོས་ལ་སྣང་མིན་པའི།།
དྲན་ངོའི་ཨ་མའི་བྱམས་སྐྱོང་སྒུལ།།
སེམས་ངལ་བརྩེགས་པའི་ཐེམ་པ་ལ།།
ལོ་མས་འཁུར་བའི་ཆུ་ཐིག་ཟགས།།
ལྗོན་ཤིང་སྒུལ་བའི་རླུང་བུ་ཡིས།།
དྲན་པའི་གཏིང་རིམ་ཅུང་ཙམ་བསིལ།།
བསམ་གླིང་ཚེ་རིང་ལྷ་མོ་ཟེར་བ་ཞིག་གིས་བོད་ཀྱི་དུས་བབ་དུ་རྒྱ་གར་གྱི་ཆར་དུས་དང་སྦྱར་ནས། ཡོངས་འཛིན་༧དཔའ་བོའི་ཚིག་འགྲོས་དང་ཏོག་ཙམ་རྗེས་མཐུན་གྱི་སྙན་ཚིག་ཁ་ཤས་བྲིས་འདུག་པ་དེ། བུད་མེད་ཅིག་གིས་འདི་འདྲ་བྲིས་པ་ནི་བཙན་བྱོལ་སྤྱི་ཚོགས་འདིར་ལོ་ངོ ༥༠ རྗེས་ཤུལ་ལ་བལྟས་ན་སེམས་སྟེང་ནས་དགའ་འོས་པ་ཞིག་ཡིན་སྟབས། དེ་མ་ཐག་ཁོ་བོས་ཐུན་གཅིག་རིང་ཁོ་མོའི་མདུན་དུ་ཤར་བ་དེ་སེམས་ལ་བབས་པ་ལྟར་ཤར་མར་བགྱིས་པ་ཡིན་ན། བཙན་བྱོལ་བུད་མེད་ནང་དངོས་གནས་བོད་ཀྱི་ངག་རིག་ལ་འབུར་ཐོན་ཅན་གྱི་བུད་མེད་གཅིག་ཡིན་ནའང་ཐོན་ཐུབ་པར་སྙིང་ནས་སྨོན་ནོ།།
༢༠༡༢། ༧། ༢༣། ཉིན་གྱི་མཚན་མོར་སྦྱར།།
ཤར་ཕྱོགས་ཁུག་རྟས་ཁུག་སྐད་ལས། །
བཙན་བྱོལ་ལོ་གྲངས་ལྔ་བཅུའི་ནང་། །
བསམ་གླིང་ཚེ་རིང་ལྷ་མོ་ཉིད། །
བུད་མེད་སྙན་དངགས་འབུར་ཐོན་མཐོང་། །
ཡག་པོ་བྲིས་འདུག
བསམ་གླིང་ཁུ་བྱུག་ལྷ་མོས། །
དཔྱིད་ཀྱི་ཕོ་ཉའི་སྙན་དངགས། །
གཞན་གསོས་རྒྱན་ཚིག་གོ་བྱུང་། །
བྱ་ཁྱོད་བདེ་བཞུགས་ཡོད་ཤག །
གང་གི་བྲིས་རྩོམ་སྙན་ངག་དག །
རྣ་བར་སྙན་པ་བདེན་ན་ཡང་། །
ཡོངས་འཛིན་དཔའ་བོའི་སྙན་ངག་ལ། །
དོ་ཙམ་གླེང་བ་གད་མོའི་གནས། །
གངས་ཅན་སྙན་ངག་སྨྲ་བའི་གཙུག །
ཡོངས་འཛིན་དཔའ་བོའི་སྙན་ངག་ལ། །
ཁུག་རྟས་གོ་བ་ལོན་མེད་པའི། །
རྟགས་ཤིག་ད་རེས་བསྟན་ནས་འདུག །