རྩོམ་པ་པོ། ཧེ་སོ་ཐ་ཀོ་(Hayso Thako) དོན་གླིང་བུས་བོད་སྒྱུར་བྱས།
༼རྩོམ་པ་པོ་ཧེ་སོ་ཐ་ཀོ་(Hayso Thako) ནི་མེ་ལ་སྐྱབས་བཅོལ་སྡོད་སྒར་(Mae La refugee camp) གྱི་ཤ་ལོམ་མཐོ་སློབ་(Shalom College)ཀྱི་སློབ་སྤྱི་ལས་ཚབ་དང། མེ་སོཌ་(Mae Sot) ནང་རྟེན་གཞི་བྱས་པའི་ཀེ་རན་སྐྱབས་བཅོལ་ཚོགས་ཆུང་(Karen Refugee Committee) གི་འབྲེལ་ལམ་འབྲེལ་མཐུད་པ་རེད།༽
ང་སུ་རེད་དམ།
ང་ནི་བར་མའི་རྒྱལ་ཁབ་ཀྱི་ཀེ་རན་མངའ་སྡེའི་(Karen State) ནང་སྐྱེས་པ་རེད། ཕྱི་ལོ་ ༡༩༨༠ འགོ་སྟོད་དུ་ཀེ་རན་རྒྱལ་ཡོངས་བཅིངས་གྲོལ་དམག་མི་དང་བར་མའི་དྲག་པོའི་དམག་མི་དབར་དྲག་པོའི་འཐབ་འཛིང་བྱེད་བཞིན་པའི་རྐྱེན་གྱིས་། ངའི་ནང་མི་ཐེ་ལེན་ཊ་(Thaniland)ནང་གི་སྐྱབས་བཅོལ་སྡོད་སྒར་ཞིག་ཏུ་གནས་སྤོ་བྱེད་དགོས་བྱུང་བ་རེད། ང་ཚོས་ས་མཚམས་བརྒལ་བ་ནས་བཟུང། སྐྱབས་བཅོལ་བའི་སྡོད་སྒར་དེ་ནི་ང་ཚོའི་ནང་མི་རྣམས་ཀྱི་ཁྱིམ་ལྟ་བུ་ཡིན།
ང་ཚོའི་སྐྱབས་བཅོལ་བའི་སྡོད་སྒར་མཐའ་མ་ནི་མེ་ལ་(Mae La)ཟེར་བ་དེ་རེད། དེ་ནི་སྐྱབས་བཅོལ་བ་སྟོང་ཕྲག་ཞི་བཅུ་ལྷག་གི་ཁྱིམ་ཡིན། ཕྱི་ལོ་༡༩༩༥ ལོར་ང་རང་མེ་ལ་(Mae La)སྐྱབས་བཅོལ་སྡོད་སྒར་དུ་ནང་མི་དང་མཉམ་དུ་སླེབས་ཤིང། སྐབས་དེར་ང་རང་ལོ་ ༡༥ ཡིན།
དེ་ནི་ང་རང་ལ་དཀའ་སྡུག་ཅན་གྱི་དུས་སྐབས་ཤིག་ཡིན། ངའི་བསམ་པར་སྐྱབས་བཅོལ་སྡོད་སྒར་དེའི་ནང་གི་སྐྱབས་བཅོལ་བ་གཞན་རྣམས་ལའང་དེ་བཞིན་ཡིན་པའི་ཡིད་ཆེས་ཡོད། ང་ཚོ་སྐྱབས་བཅོལ་བའི་སྡོད་སྒར་གྱི་ཕྱི་ལ་བསྐྱོད་ཆོག་གིས་མེད། སྡོད་སྒར་ནི་ལྕགས་སྐུད་གཟེ་མ་ར་མགོའི་སྐོར་ཡོད་པ་ནི་ཨ་ཅང་ཅང།
ང་ཚོར་འབྲས་དང་ཟ་སྣུམ། རྡོ་སོལ། གཡེར་མ། ཚྭ་བཅས་མཁོ་སྤྲོད་བྱས་ཤིང། ད་དུང་ང་ཚོ་སོ་སོའི་ཁང་པ་བཟོ་ཆེད་རྩྭའི་ལོ་མ་དང་འཚི་ཞིང་གི་ལྕམ་ཤིང་། སྨྱུག་ཤིང་བཅས་ཀྱང་མཁོ་སྤྲོད་བྱས། སྐབས་སྐབས་སུ་ང་ཚོར་གོས་དྲོན་པོ་དང་། ཉལ་གུར། མལ་གཟན་བཅས་སྤྲོད་ཀྱི་རེད།
སློབ་གྲྭ་འགྲོ་རྒྱུ་དེ་ནི་ཁག་པོ་ཞིག་རེད། གང་ཡིན་ཟེར་ན་ང་ཚོར་དགེ་རྒན་དང་སྦྱོང་ཆེད་ཀྱི་དཔེ་དེབ་དངོས་པོ་རྣམས་ཀྱང་འདང་ངེས་ཤིག་མེད་པ་རེད། སྲུང་སྐྱོབ་ཀྱི་རྐྱེན་པས་ང་ཚོ་མཚན་མོ་ཆུ་ཚོད་ ༩ རྗེས་ལ་རང་སྦྱོང་བྱེད་ཆོག་གི་མེད། ངས་དྲན་ཚོད་ལ་། ཕྱི་བསྐྱོད་བཀག་སྡོམ་ (Curfew) ཡོལ་བའི་རྗེས་སུ་མི་གཞན་གྱིས་དོ་སྣང་མི་ཡོང་བའི་ཕྱིར་ལྕགས་ཀྲིང་ཆུང་ཆུང་ཞིག་གི་ནང་དུ་ཡང་ལར་སྤར་ནས་ཉལ་གུར་ནང་རང་སྦྱོང་བྱེད་ཀྱི་ཡོད།
ངའི་འདོད་འདུན་གཙོ་བོ་དེ་ནི་སློབ་སྦྱོང་མཐའ་སྐྱེལ་བྱེད་རྒྱུ་དེ་ཡིན།
ཕྱི་ལོ་ ༡༩༩༩ ལོར་འབྲིང་རིམ་སློབ་གྲྭ་ཐོན་པའི་རྗེས་སུ། ང་རང་གང་ཞིག་བྱེད་དགོས་པ་དང་གང་དུ་འགྲོ་དགོས་པ་ཤེས་ཀྱི་མེད། ངའི་སློབ་གྲོགས་མང་པོ་ཞིག་དང་འདྲ་བར་ང་ཚོར་རེ་བ་མེད་པའི་ཚོར་བ་ཡང་སླེབས་བྱུང། ངའི་སློབ་གྲོགས་མང་པོ་ཞིག་ཆང་ས་བརྒྱབ་ནས་སྟབས་བདེའི་ངང་ཁྱིམ་འཛིན་བྱེད་འགོ་བཙུགས། དེར་ལས་ཀའི་གོ་སྐབས་མེད་ཅིང། མཐོ་རིམ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཀྱང་མེད།
གོ་སྐབས་དང་ཐོབ་ཐང་ཆེན་པོ་ཡོད་པའི་ལུང་པ་གཞན་རྣམས་ཀྱི་སྐོར་ལ་ངས་བསམ་བློ་གཏོང་སྐབས། ང་རང་སེམས་ཤུགས་ཆག་སོང། ང་རང་འབྲིང་རིམ་སློབ་གྲྭའི་ནང་དུ་ཡོད་སྐབས་སློབ་ཕྲུག་གི་འགོ་འཁྲིད་ཡིན་ལ། རྗེས་སུ་སློབ་གྲྭ་ཐོན་པའི་རྗེས་སུའང་སློབ་ཕྲུག་ལས་དོན་རུ་ཁག་གི་ནང་དུ་མཉམ་བཞུགས་བྱེད་འགོ་བཙུགས་པ་ཡིན། འོན་ཀྱང་ངའི་འདོད་པ་གཙོ་བོ་ནི་མུ་མཐུད་ནས་སློབ་སྦྱོང་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། ང་རང་སློབ་ཕྲུག་འབྲེལ་མཐུད་རུ་ཁག་ནང་དུ་ལས་ཀ་བྱེད་པའི་རྗེས་སུ། ང་ལ་བྷིརེག་ཀེཊ་(Brackett)ཐེབས་རྩ་ཁང་ནས་མཐོ་རིམ་སློབ་སྦྱོང་བྱེད་རྒྱུའི་སློབ་ཡོན་ཆ་ཚང་ཞིག་ཐོབ་བྱུང།
ང་རང་སློབ་སྦྱོང་ཚར་རྗེས་ངའི་སྤྱི་ཚོགས་ལ་རོགས་པ་བྱེད་རྒྱུ་ནི་ངའི་རྨི་ལམ་གཅིག་པོ་དེ་ཡིན། ང་རང་གིས་(སྐྱབས་བཅོལ་སྡོད་སྒར་དུ་ཡོད་པའི་) གཞོན་ནུ་ཕོ་མོ་ཉམ་ཐག་སྐྱོ་བོ་རྣམས་ལའང་རྒྱལ་ཁབ་གཞན་རྣམས་ཀྱི་གཞོན་སྐྱེས་ཕོ་མོ་རྣམས་དང་གཅིག་མཚུངས་ཀྱི་ཤེས་ཡོན་གྱི་ཐོབ་ཐང་ཐོབ་པ་ཞིག་མཐོང་འདོད་འདུག
རྒྱུན་དུ་ཤེས་ཡོན་གྱིས་ང་རང་ཚོའི་མི་ཚེ་མཚོན་ཞིང། དེ་ཡིས་ང་ཚོ་ཤེས་ལྡན་དང་ཆིངས་རྒྱ་ལས་གྲོལ་བ་ཞིག་བཟོ་ངེས་རེད་ཅེས་པ་ངས་དྲན་གྱིས་ཡོད། བསམ་བློ་འདི་ཡིས་ང་རང་སོ་སོའི་སྤྱི་ཚོགས་ཀྱི་ནང་དུ་ཤེས་ཡོན་ཐོག་ལ་ལས་ཀ་བྱེད་རྒྱུའི་བློ་སྟོབས་སྦྱིན་སོང།
ཕྱི་ལོ་ ༢༠༠༦ ནས་གནས་སྟངས་ཇེ་བཟང་དུ་ཕྱིན།
སྐྱབས་བཅོལ་སྡོད་སྒར་གྱི་མི་འབོར་གྱི་རྒྱ་ཁྱོན་དང་། ལྷག་པར་དུ་ཤེས་ཡོན་གྱི་ཐོག་ལ་རྟག་ཏུ་དཀའ་ངལ་ཆེན་པོ་ཞིག་རེད། གཞོན་ནུའི་དུས་སྐབས་ནི་མི རྣམས་ཀྱི་འཇོན་ཐང་སྟོན་ཐུབ་ས་ཞིག་དང། སྤྱི་ཚོགས་ཀྱི་ནང་དུ་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་རྒྱུའི་དུས་ཤིག་རེད། འོན་ཀྱང་ཁོང་ཚོའི་མི་ཚེ་དེ་བེད་མེད་ཞིག་ཏུ་འགྱུར་སྐབས་། ཁོང་ཚོས་ཉེན་ཁ་ལ་མི་འཛེམ་པར་འཕྲོད་བསྟེན་ལ་གནོད་པའི་གོམས་གཤིས་སྡུག་ཅག་རིགས་བསྟེན་འགོ་བཙུགས།
ཕྱི་ལོ་ ༢༠༠༦ ནས་བཟུང་མེ་ལ་ (Mae La) སྐྱབས་བཅོལ་སྡོད་སྒར་ནང་དུ་གནས་སྟངས་གང་འཚམ་ལྷོད་ཡངས་སུ་འགྱུར་ནས། ང་ཚོ་རང་དབང་གི་ཐོག་ནས་སྡོད་སྒར་གྱི་ཕྱི་ལ་བསྐྱོད་ཆོག་ཅིང། ཚོང་ཁང་དང་སློབ་གྲྭ་ཡང་མང་དུ་ཕྱིན། དེ་ཚོ་ནི་སྡོད་སྒར་གྱི་དབང་འཛིན་ནས་ལྟ་རྟོགས་དེ་ཙམ་མེད་པའི་ཐོག་ནས་འགོ་ཚུགས། མེ་ལའི་(Mae La) སྡོད་སྒར་ནང་དུ་མཐོ་རིམ་སློབ་གཉེར་ཁང་ཁ་ཤས་འགོ་འཛུགས་བྱས། འདི་ཡིས་གཞོན་སྐྱེས་མང་པོ་ཞིག་ལ་འཛིན་རིམ་བཅུ་གཉིས་ཐོན་རྗེས་མཐོ་རིམ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད།
འོན་ཀྱང་འདི་ནི་ཁོང་ཚོར་ཡོད་ཚད་ཅིག་མིན་པར། ད་དུང་ཤེས་ཡོན་གྱི་གོ་སྐབས་ནི་ཕྱོགས་མང་པོ་ཞིག་ནས་འདང་ངེས་ཤིག་མེད་པ་རེད། སློབ་མ་རྣམས་ལ་ཁོང་རང་ཚོའི་མ་འོངས་པའི་མི་ཚེའི་ནང་དུ་ཕན་ཐོག་པའི་སློབ་སྦྱོང་བྱེད་རྒྱུའི་གདམ་ག་མང་པོ་མེད། ད་དུང་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁ་ཤས་ཡོད་པ་རྣམས་ནི་། དགེ་རྒན་དང་སློབ་གྲྭའི་མཐུན་རྐྱེན་མེད་པ། དེ་བཞིན་དུ་ཤེས་ཡོན་གྱི་ལམ་ལུགས་ཚད་ལྡན་དང་ངོས་འཛིན་མེད་པ་བཅས་ཡིན།
གང་ལྟར་ཡང་དེ་དང་མཉམ་དུ་ང་ཚོས་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཡང་མང་པོ་ཞིག་ཀྱང་མཐོང་བཞིན་འདུག མི་ངན་ཤོག་ཁག་ནང་དུ་འཛུལ་མཁན་དང་གཞོན་སྐྱེས་ཕོ་མོ་ལོ་ཆུང་ནས་གཉེན་སྒྲིག་བྱེད་མཁན་ཇེ་ཉུང་དང། མཐོ་རིམ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཡོད་མཁན་ཇེ་མང་དུ་ཕྱིན།
ད་ལྟ་ཤེས་ཡོན་གྱི་སྡེ་ཚན་གཅིག་པུ་མ་ཡིན་པར། འཚོ་གནས་ཀྱི་དགོས་མཁོའི་ཆེད་དུ་ལག་ཤེས་སྦྱོང་བརྡར་སྡེ་ཚན་ཀྱང་དགོས་ཀྱི་ཡོད་པ་རེད། དེ་ཚོ་ནི་རང་ཁ་རང་གསོ་ཡོང་ཐབས་སུ་སོ་སོའི་ལག་རྩལ་རྣམས་གོང་འཕེལ་གཏོང་རྒྱུའི་ཆེད་དུ་རེད། དཔེར་ན་། བཟོ་སྐྲུན་རིག་གནས་དང་འཚེམ་བཟོ། ལག་ཤེས་ཀྱི་ལས་ཀ སྒོ་ཕྱུག་གསོ་སྐྱོང། མགྲོན་ཁང་འཛིན་སྐྱོང་བཅས་ཡིན།
འདི་ཚོ་ཡིས་གཞོན་སྐྱེས་རྣམས་གང་དུ་སླེབས་ཀྱང་སོ་སོའི་འཚོ་གནས་ཐུབ་རྒྱུར་སེམས་སྐུལ་དང་གྲ་སྒྲིག་བྱེད་ཐུབ།
ཤེས་ཡོན་ནི་ཞི་བདེ་སྐྲུན་རྒྱུའི་གཞི་མ་རེད།
ཤེས་ཡོན་གྱིས་ད་དུང་མི་ཚེའི་རིན་ཐང་དང་བཟང་སྤྱོད་ཀྱི་གཞི་རྩ་། ཤེས་ལྡན་པ་བཟོ་རྒྱུ་བཅས་ཀྱི་ཐོག་ལ་ལས་དོན་གཙོ་བོ་ཞིག་བྱེད་ཀྱི་ཡོད། དོན་དངོས་ཐོག་མང་གཙོའི་ལམ་ལུགས་དང་རིན་ཐང་གཉིས་ཀྱི་བསམ་བློ་དེ་ཡིས་། སྐྱབས་བཅོལ་སྡོད་སྒར་དང་དེ་བཞིན་བར་མའི་ནང་དུའང་ཡོད་པའི་རིགས་རུས་མི་འདྲ་བའི་མི་སྡེ་རྣམས་ཞི་བའི་ཐོག་ནས་མཉམ་གནས་བྱེད་ཐུབ་རྒྱུར་ལག་ལེན་བསྟར་ཐུབ་ངེས་པ་རེད།
འགོ་འཁྲིད་ཀྱི་ལས་གནས་ནང་དུ་ཡོད་པའི་སྐྱེ་བོ་རྣམས་ཀྱིས་མང་གཙོའི་ལམ་ལུགས་ཀྱི་རིན་ཐང་དང་དེའི་གལ་གནད་རྣམས་ཤེས་དགོས་པ་ནི་ཆེས་གལ་གནད་ཆེ་བའི་གནད་དོན་གཅིག་རེད་འདུག ཞི་བའི་ཐོག་ནས་མཉམ་གནས་ཐུབ་པར་བཟོད་བསྲན་དང་མཉམ་རུབ་ཀྱི་བསམ་བློ་ནི་ངེས་པར་དུ་གུ་ཡོངས་པོའི་ཐོག་ནས་ཁས་ལེན་བྱེད་དགོས་པ་རེད། ཆོས་ལུགས་རིས་མེད་ཀྱི་ལག་ལེན་དེས་གྲངས་ཉུང་མི་རིགས་འདྲ་མིན་མཉམ་གནས་ཐུབ་རྒྱུར་འགལ་རྐྱེན་རྩ་བ་ནས་བཟོ་རྒྱུ་མེད། གནོད་འཚེ་ཕོག་པའི་ནང་མི་མང་པོ་ཞིག་དང་གཞོན་སྐྱེས་རྣམས་ལ་བར་མའི་ནང་གི་ནང་འཁྲུག་གི་ཤུགས་རྐྱེན་ངན་པ་དེ་ད་དུང་མུ་མཐུད་ནས་ཁོང་ཚོའི་སེམས་ནང་དུ་གནས་ཡོད་པ་རེད།
དེར་བརྟེན་གལ་སྲིད་ཤེས་ཡོན་གྱི་སྡེ་ཚན་འདྲ་མིན་ནང་དུ་འཚེ་མེད་ཞི་བའི་བསམ་བློ་དེ་སློབ་ཚན་གྱི་ཁོངས་སུ་འཇོག་ཐུབ་ན་། སྤྱི་ཚོགས་ཀྱི་ནང་དུ་ཤུགས་རྐྱེན་བཟང་པོ་ཞིག་ཡོང་ཐུབ་རྒྱུ་རེད།
འཛམ་གླིང་སྐྱབས་བཅོལ་ཉིན་མོ། མཐུན་སྒྲིལ་གྱི་དུས་ལས་འགལ་ཟླའི་དུས་ཤིག་མིན།
འཛམ་གླིང་ནང་དུ་སྐྱབས་བཅོལ་བ་གནས་ཡོད་པ་ནི་རང་བྱུང་ཞིག་མིན་པར། འདི་ནི་འགྲོ་བ་མི་རྣམས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་། ཆབ་སྲིད་བཅས་ཀྱི་དཀའ་ངལ་བཅས་ལ་གདོང་ལེན་བྱེད་རྒྱུ་མི་འཇོན་པའི་གྲུབ་འབྲས་རེད། སྐྱབས་བཅོལ་སྡོད་སྒར་ནང་གི་གཞོན་སྐྱེས་མང་པོ་ཞིག་ལ་། འཛམ་གླིང་སྐྱབས་བཅོལ་ཉིན་མོ་ནི་དགའ་སྟོན་གྱི་ཉིན་མོ་ཙམ་ཞིག་རེད། ཁོང་ཚོ་མང་པོ་ཞིག་ནི་ཁོང་རང་ཚོའི་རྒྱབ་ལྗོངས་དང་ལོ་རྒྱུས་ཤེས་ཀྱི་མེད་།
འཛམ་གླིང་སྐྱབས་བཅོལ་ཉིན་མོ་ནི་སོ་སོའི་རྒྱལ་ཁབ་ལ་ལོག་མ་ཐུབ་པའི་མི་རྣམས་ལ་དགའ་དགའ་སྤྲོ་སྤྲོའི་དུས་སྟོན་གྱི་ཉིན་མོ་ཞིག་མིན་པར། འདི་ནི་ང་ཚོར་འཕྲད་ཟིན་པ་དང་འཕྲད་བཞིན་པའི་དཀའ་ངལ་རྣམས་ཀྱི་ཐོག་ལ་ཕྱིར་འདང་བྱེད་རྒྱུའི་དུས་ཤིག་དང། ང་ཚོའི་ཐུན་མོང་གི་སེམས་ཚོར་རྣམས་སོ་སོའི་ནང་མི་དང་གྲོགས་པོ་རྣམ་པ་། དེ་བཞིན་སྐྱབས་བཅོལ་བ་གཞན་རྣམས་དང་ཤོད་རེས་བྱེད་པའི་དུས་ཤིག་ཡིན་དགོས།
དེ་བཞིན་སྐྱབས་བཅོལ་བ་མིན་པའི་མི་རྣམས་ལ་མཚོན་ན་། ཉིན་མོ་འདི་ནི་ཞི་བདེ་དང་རང་དབང་ཐོག་ལ་བསམ་བློ་གཏོང་ནས་དར་སྤེལ་གཏོང་ཐབས་བྱེད་དགོས་པའི་དུས་ཡིན།
འཛམ་གླིང་གི་དབུ་འཁྲིད་རྣམས་ལ་མཚོན་ན་། ལས་དམན་དང་ཁེར་རྐྱང་དུ་ལུས་པ་རྣམས་ཀྱི་ཚབ་ཏུ་ཤོད་དགོས་པའི་དུས་ཤིག་ཡིན།
ད་ནི་ཞི་བའི་གྲོས་འཆར་འདོན་པ་ལས་དམག་གི་རྒྱུད་སྐུལ་བྱེད་པའི་དུས་མིན། ད་ནི་གོང་འཕེལ་གཏོང་རྒྱུ་ལས་གཏོར་བཤིག་གཏོང་བའི་དུས་མིན། ད་ནི་འཆམ་མཐུན་སྐྲུན་པ་ལས་སྡང་འཛིན་བཟོ་བའི་དུས་མིན། ད་ནི་ཆིག་སྒྲིལ་བཟོ་བ་ལས་འགལ་ཟླ་བཟོ་བའི་དུས་མིན།
བདེ་མོ