ཆབ་མདོ་ངག་ཕུན།
སྔོན་གླེང་ཐུང་ངུ་།
དེ་རིང་གུས་པས་བཙན་བྱོལ་བའི་གཏམ་རྒྱུད་ཅེས་པའི་སྒྲུང་ཐུང་ཞིག་བྲིས་ཡོད་ཅིང་། དེ་ཉིད་འབྲི་དགོས་དོན་ནི་ང་ཚོ་མི་ཡུལ་དུ་གནས་དགོས་པའི་རྒྱུ་མཚན་གང་ཞིག་ཡིན་པ་ངེས་པར་ཤེས་དགོས་པ་དང་། ད་ལྟ་ང་ཚོ་བཙན་བྱོལ་བ་ཞིག་ཡིན་སྙམ་པའི་ཚོར་བ་དེ་དག་དུས་ནམ་ཡང་བརྗེད་མི་རུང་བ་ཞིག་རེད། ང་ཚོ་ཚང་མ་ཕ་ས་དགྲ་ལག་ཏུ་ཤོར་བའི་མི་ཡུལ་དུ་གནས་པའི་མགྲོན་པོ་ཞིག་ཡིན་པ་དང་། གནས་སྐབས་ཀྱི་མགྲོན་པོ་ཡིན་བསམ་པ་ལས་གནས་འདིའི་བདག་པོ་ཡིན་བསམ་པའི་བསམ་བློ་གཏན་ནས་གཏོང་མི་རུང་། ང་ཚོ་ལ་ལས་འགན་ལྕི་མོ་ཞིག་འཕྲག་སྟེང་དུ་ཡོད་བསམ་པའི་ཐོག་ནས་མདུན་སྐྱོད་གནང་དགོས་པ་ཞིག་ལས། ལྷོད་གཡེང་གཏན་ནས་བྱེད་མ་རུང་བ་དེ་རེད། ལྷག་པར་ང་ཚོར་ཆོས་དང་རིག་གཞུང་ཡོད་ཅིང་། དེ་དག་ང་ཚོའི་ནམ་ཡང་བརྗེད་མི་རུང་བ་དེ་རེད་སྙམ། བརྩམས་སྒྲུང་འདི་དག་ནང་གི་མི་སྣ་དང་ས་ཆ་གང་ཞིག་རང་ཉིད་ཀྱི་ལོ་རྒྱུས་དང་མཚུངས་ཚེ་དེ་ནི་ལྟོས་དབང་གིས་བྱུང་བ་ཞིག་ཡིན་པ་ལས། ཆེད་དུ་དམིགས་ནས་བྲིས་པ་ཞིག་གཏན་ནས་ངོས་འཛིན་གནང་མི་རུང་ཞེས་ཞུ་བཞིན་ཡོད། ད་ནི་དེ་ཙམ་གྱིས་ཆོག་པ་བྱོསབཙན་བྱོལ་བའི་གཏམ་རྒྱུད།
ཆོས་སྐྱབས་ནང་མི་བོད་ཤར་ཕྱོགས་ལུང་མདོ་ཞེས་པ་དེར་སྐྱེས་ཤིང་། འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། ལུང་མདོ་ཞེས་པའི་གནས་དེ་ནི་ཧ་ཅང་སྐྱིད་སྣང་ལྡན་པ་ཡུལ་གྲུ་ཞིག་ཡིན་ཞིང་། གནས་དེར་གནས་པའི་སྐྱེ་བོ་རྣམས་ནི་རང་བཞིན་ཞི་ཞིང་འདུལ་བ་ཞིག་ཡོད། གྲོང་པ་
ཕན་ཚུན་སུ་ཞིག་ལ་དཀའ་ངལ་འཕྲད་ཚེ་ལམ་སེང་རོགས་པ་གང་ཐུབ་བྱེད། ལུང་པའི་ཕུ་ནས་རྒྱུན་ཆད་མེད་པ་གངས་ཆུ་སྔོན་པོ་དལ་གྱིས་རྒྱུ། སྤང་གཤོང་བདེ་མོའི་སྟེང་ལ་ནོར་གནག་ཁྱུ་དང་ཁྱུ་བྱས་ནས་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། རྫི་རོགས་ཚོས་ངག་ནས་དབྱངས་རྟ་སྙན་པོ་འཐེན་བཞིན་ནོར་གནག་འཚོ་རུབ་བྱེད་ཀྱི་ཡོད། སྐབས་རེ་རྫི་བོ་རྣམས་རྩེད་མོར་གཡེང་ནས་ནོར་གནག་གོ་རུབ་མི་ཐུབ་པའི་དཀའ་ངལ་ཡང་འཕྲད་ཀྱི་ཡོད། དེ་བཞིན་སྤྱང་ཀིས་ནོར་ལུག་བསད་ཤོར་ནས་ནང་དུས་སླེབས་དུས་ཕ་མས་བཀའ་སྐྱོན་ཚད་མེད་རག་གི་ཡོད། སྐབས་རེ་དགུན་དུས་འཁྱགས་པའི་ཐོག་ཏུ་རྡོ་ལེབ་བཞག་སྟེ་དེའི་ཐོག་ཏུ་བསྡད་ནས་འཁྱགས་ནུད་བཏང་བ་དང་། སྟབས་མ་ལེགས་ན་སྐབས་རེ་ཆུ་ནང་དུ་ལྷུང་ནས་གྱོན་ཆས་རློན་པ་བཟོ་བ་དང་། རལ་པ་སོགས་བྱུང་ཚེ་ནང་དུ་སླེབས་དུས་ཨ་མས་ཉེས་རྡུང་རག་གི་ཡོད།
རིམ་པའི་ཆོས་སྐྱབས་ཕོ་ལོ་བཅོ་ལྔ་ཟིན་དུས་ཕ་མས་འདོད་མོས་ལྟར་ལུང་པ་དེར་བུ་མོ་མཚོ་མོ་ཟེར་བ་ཞིག་ཡོད་པའི་དེ་དང་གཉེན་སྒྲིག་བྱས། ལོ་ཤས་རྗེས་ལ་མནའ་མ་མཚོ་མོ་ལ་བུ་ཞིག་བཙས་པ་དང་། བཟའ་མིས་འདོད་པ་ལྟར་བུའི་མིང་ལ་བློ་བཟང་ཞེས་བཏགས། བློ་བཟང་ཆུང་དུས་ནས་ཕ་མ་གཉིས་དང་རྒན་རབས་ལ་ཧ་ཅང་གུས་བཀུར་ཆེ། ལུང་མདོ་གྲོང་ཚོ་ནི་ས་མ་འབྲོག་ཡིན་པས་འཚོ་གོས་ཐོག་ཏུ་དེ་ཙམ་སེམས་ཁྲལ་མེད་ནའང་དཀའ་ལས་ཆེན་པོ་བརྒྱབ་དགོས་ཀྱི་ཡོད། ཞོགས་སྔ་ལངས་དང་། དགོང་ཕྱི་ཉལ་གྱིས་ལས་དོན་ཐོག་ཏུ་འབད་སྤུངས་ཀྱིས་བརྩོན་གྱི་ཡོད། གྲོང་པ་ཚོས་ལུང་མདོ་གྲོང་ཚོའི་ཡར་ལོ་ཚང་གི་བཟའ་མི་གཉིས་ཀྱི་ལས་ཀ་ལ་བརྩོན་འགྲུབ་དང་། བཟའ་མི་མཐུན་པ་ལ་ཞེས་ཀུན་གྱིས་ཡིད་སྨོན་བྱེད་ཀྱི་ཡོད། དེ་འདྲའི་ལོ་ཟླ་རིམ་གྱིས་ལས་དོན་ལ་བརྩོན་བཞིན་པ་སྐབས་སུ་གྲོང་པའི་མིང་ཚོས་ད་ནི་ང་ཚོའི་ལུང་པ་ལ་རྒྱ་དམར་བཙན་འཛུལ་བ་་སླེབས་གྲབ་ཡོད་རབས་དང་། ལུང་པ་མི་སྣ་འགའ་ཤས་ས་ཞིང་སེམས་ཅན་ཚོང་ནས་ལུང་པ་གཞན་དུ་ཉེན་གཡོལ་དུ་ཕྱིན། ཆོས་སྐྱབས་ཕ་མ་གཉིས་ཀྱིས་ད་ནི་ང་ཚོ་ཡང་ས་གནས་གཞན་དུ་ཕྱིན་ན་མ་གཏོགས་འདི་མུ་བཞིན་བསྡད་ཚེ། ཚེ་སྲོག་ལ་ཉེན་ཁ་ཡོང་མི་སྲིད་པ་མི་འདུག་ཟེར་ནས་དབུས་སུ་མཆོད་མཇལ་དུ་གྲོལ་ཁུལ་གྱིས་འགྲོ་ཆས་བྱས། ས་ཞིང་སེམས་ཅན་རྣམས་གནས་སྐབས་རིང་དུ་ཁྱིམ་ཚང་གཞན་ལ་བཅོལ།
དེ་ནས་ཆོས་སྐྱབས་ནང་མི་རྣམས་ལ་ལུང་མང་པོ་ཞིག་བརྒལ་ཏེ་དབུས་ཕྱོགས་སུ་ཡོང་ཞིང་། ལམ་དུ་རྐང་ཐང་དུ་ཡོང་དུས་ཟླ་བ་གསུམ་ལྷ་ཙམ་འགོར། མཐར་ལྷ་སའི་ཕྱོགས་སུ་སླེབས་ཤིང་། སྐབས་དེ་དུས་ལྷ་སའི་ཁུལ་དུ་ས་གནས་གང་ས་ནས་གནས་མཇལ་བ་དུ་མ་ཞིག་སླེབས་ཡོད་ལ། ནོར་བུ་གླིང་ཁའི་ཟུར་གྱི་ས་སྟོང་ཞིག་ཏུ་སྡོད་སྒར་བརྒྱབ་ནས་བསྡད། ས་ཕྱོགས་གང་སར་ནས་ཉིན་བཞིན་ཆད་མེད་འབྱོར་བཞིན་ཡོད་ལ། གླིང་སྐོར་ལ་སྐྱོད་མཁན་མི་ཚོགས་ཧ་ཅང་མང་། སྐོར་ལམ་གྱི་གཡས་གཡོན་ལ་རྒྱ་མིའི་དམག་མི་དྲག་ཆས་དཀྲིས་པ་ཁྱུ་དང་ཁྱུ་བྱས་ནས་ཕར་ཚུར་སྐྱོད་བཞིན་ཡོད་ཅིང་། དེ་དག་མཐོང་དུས་བོད་མི་རྣམས་སེམས་ནང་དུ་ག་དུས་དྲག་མནོན་བྱེད་ཡོང་བསམ་ནས་དངངས་སྐྲག་དང་ཞེད་སྣང་སོགས་ཀྱི་གནས་བཞིན་ཡོད།
རིམ་གྱིས་ལྷ་སའི་ཕྱོགས་སུ་རྒྱ་དམག་ཇེ་མང་འགྱུར་ཞིང་། དེ་བཞིན་ས་ཚུགས་གནད་འགག་ཆེ་སའི་ཕྱོགས་སུ་མེ་སྒྱོགས་ཁང་ཡང་དུ་མ་གསར་འཛུགས་བྱས་ཡོད་པས། དེ་དག་གིས་བོད་མི་རྣམས་སེམས་ནང་དུ་དེ་ལས་ཀྱང་ཞེད་སྣང་རུ་སྐྱེ་གཞི་ཞིག་ཏུ་གྱུར། ལྷག་པར་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་མིའི་དམག་སྒར་དུ་གདན་ཞུས་གནང་བ་དང་། དེར་རྒྱལ་བ་རིན་པོ་ཆེ་ཆིབས་སྒྱུར་གནང་རྒྱུ་ཡིན་པ་གོ་དུས་བོད་མི་རྣམས་མཚན་མོ་ཉལ་ཡང་མི་ཁུག་གི་མེད། བོད་མི་དེ་འདྲའི་སེམས་ཁྲལ་བྱེད་དགོས་དོན་གང་ཞིག་ཡིན་ནམ་ཟེར་ན། དེ་སྔོན་ཁམས་ཕྱོགས་ནས་ལུང་པའི་བརྩི་བཀུར་ཞུ་སའི་བླ་མ་དང་མི་དཔོན་སྐད་གྲགས་ཅན་དེ་ཚོ་རྒྱ་དམར་གྱིས་ཚོགས་འདུ་ནང་ཡོང་དགོས་ཚུལ་སོགས་བརྗོད་པ་དང་། རྗེས་ཕྱོགས་གང་སོང་མེད་པ་འགྱུར་བཞིན་ཡོད། བོད་མི་ཚོས་རྒྱལ་བ་རིན་པོ་ཆེ་ཡང་དེ་འདྲ་བྱ་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་བཞིན་ཡོད། མི་མང་དང་བླངས་པ་དུ་མ་ཞིག་གིས་རང་གཞུང་ལ་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་མི་དམག་སྒར་དུ་གཏན་ནས་གདན་འདྲེན་མ་ཞུ་རོགས་སོགས་བརྗོད་དེ། ནོར་གླིང་ཕྱི་ནང་ཡོངས་རྫོགས་བོད་བོད་སྲུང་སྐྱོབ་བྱས་ཡོད་པ་རེད། རྒྱ་དམར་གྱིས་རང་གཞུང་བཀའ་ཤག་ལ་མི་མང་ཕྱིར་འབུད་བྱེད་དགོས་ཚུལ་བཙན་བཀའ་གཏོང་བཞིན་ཡོད། དེ་འདྲའི་གནས་སྟངས་ཛ་དྲག་འོག་ནས་ནུབ་ཅིག་མཚན་མོ་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཁོར་ཧྲག་བསྡུས་ཤིག་ནང་པ་སངས་རྒྱས་དང་། ཡང་སྒོས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ལ་ལུང་མང་པོ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད།
རྒྱལ་བ་རིན་པོ་ཆེ་ཕེབས་ཟིན་པ་སུ་ཞིག་ཀྱང་ཤེས་མེད། ཕྱིན་ཉིན་ཞོགས་པ་ནམ་སྟོད་ཙམ་དུ་ནོར་གླིང་དུ་རྒྱ་དམར་གྱིས་མེ་སྒྱོགས་ཀྱི་ཆར་པ་འབབ་པ་ནང་བཞིན་རྒྱབ་པ་དང་། བོད་མི་དུ་མ་ཞིག་དམར་བསད་བཏང་བ་རེད། དེ་ནས་ཐར་པ་འགའ་ཤས་ཉི་མོ་གབ་པ་དང་། མཚན་མོ་ལ་ལུང་མང་པོ་བརྒལ་ནས་བཙན་བྱོལ་དུ་ཡོང་དགོས་བྱུང་། སྐབས་དེ་དུས་ཆོས་སྐྱབས་བཟའ་མི་གཉིས་ཀྱང་ཡོད་པས། ནོར་གླིང་ནས་གསོན་པོ་ཐར་པ་དང་། སྐབས་རེ་ཉིན་གང་ཁ་ལག་མེད་པར་ལུང་སྟོང་ནང་ལྟོ་སྟོང་ལྷག་གི་ཡོད། དེ་འདྲའི་སྣ་མང་དཀའ་སྡུག་འོག་ཏུ་བརྒྱུད་བཙན་བྱོལ་དུ་སླེབས། བཙན་བྱོལ་དུ་སླེབས་དུས་ངོ་ཤེས་པ་ནི་གནམ་དང་ས་ལས་མེད་པས། གང་དུ་འགྲོ་གང་དུ་འདུག་དགོས་མིན་མ་ཤེས་པའི་གནས་སྐབས་དེར། བོད་མིའི་བཙན་བྱོལ་བ་ཉིན་རེ་བཞིན་འབྱོར་བཞིན་ཡོད། རྒྱ་གར་དབུས་གཞུང་དང་རང་གཞུང་གི་ཐུགས་རྗེའི་བཀའ་དྲིན་འོག་བོད་མི་གསར་དུ་འབྱོར་མཁན་རིགས་ལ་ཟ་ཆ་འབྲས་དང་ལྡ་ལུ་ཕྲན་བུ་སྤྲད་ཀྱི་ཡོད་པས། དེའི་ཉིན་རེ་ལྟོ་སྟོང་ལ་ལྷག་གི་མེད། རིམ་པས་བོད་མི་རྣམས་དང་་ཐོག་ལམ་བཟོའི་ཕྱོགས་སུ་ཕྱིན་སྐབས་ལས་གླ་ཡང་རག་གི་ཡོད་པས། དེ་འདྲའི་འོག་ཏུ་འཚོ་བ་རོལ་བཞིན་གནས། སྐབས་དེ་དུས་བློ་བཟང་ཕོ་ལོ་བཅུ་དྲུག་ཡིན་ཞིང་། ཕ་མས་མཉམ་དུ་ཁྲིད་ནས་ཡོད། སྐབས་དེ་དུས་སློབ་གྲྭ་ཕྱིན་ནའང་འགྲོ་ས་ཡོད་མོད། ཕ་མ་གཉིས་དང་ཁ་བྲལ་ནས་འགྲོ་མ་ནུས། ཕ་ཆོས་སྐྱབས་དང་མ་གཡང་མཚོ་གཉིས་ཀྱིས་བུ་ལ་ད་ལྟ་ཁྱོད་རང་ལོ་ཆུང་ཡིན་པས། སློབ་གྲྭ་འགྲོ་དགོས་ཚུལ་ཡང་ཡང་བརྗོད་རུང་བློ་བཟང་གིས་ངས་ཐག་བཅད་ཟིན་པ་ཡིན་ཚུལ་བརྗོད་ནས་སློབ་གྲྭར་ཕྱིན་མེད། ཕ་མ་གཉིས་ལ་ལྟ་རྟོག་བྱས་ནས་བསྡད་པ་རེད། དང་ཐོག་མ་ནཱ་ལིའི་ཕྱོགས་སུ་ལམ་བཟོར་ཕྱིན། རིམ་པས་བོད་མི་རྣམས་གཞིས་ཆགས་ལ་འགྲོ་མཁན་ཡོད་ཚེ་ཐོ་འགོད་བྱས་པ་དང་། ཆོས་སྐྱབས་ནང་མི་གསུམ་ཡང་ཐོ་འགོད་བྱས་ཏེ་རྒྱ་གར་ལྷོ་ཕྱོགས་མོན་གྷོའི་གཞིག་ཆགས་སུ་རང་གཞུང་ནང་སྲིད་ལས་ཁུངས་ཀྱིས་བཏང་། ལམ་དུ་འགྲོ་དུས་སྐད་སྒྱུར་བ་བློ་གསར་ཞིག་ཀྱང་ཡོད་པ་རེད། སྐབས་དེ་དུས་རོགས་པ་ལས་བཟོ་བ་མང་པོ་ཡོད་ཅིང་། ཚང་མ་ལ་ལམ་ཁར་འགྲོ་དུས་མེ་འཁོར་གྱི་གླ་ཆ་ཡང་རང་གཞུང་གིས་གནང་། ཁོ་ཚོ་ནི་མེ་འཁོར་གོ་བ་ལས་མེ་འཁོར་ནང་དུ་གཏན་ནས་འགྲོ་མྱོང་མེད་ཅིང་དེ་རིང་མེ་འཁོར་ནང་འགྲོ་བ་ཐོག་མ་ཡིན་པས། ལྡི་ལིར་མེ་འཁོར་འབབ་ཚུགས་སུ་སླེབས་དུས་མེ་འཁོར་སྒུག་ནས་བསྡད། ཡུན་ཙམ་སོང་རྗེས་མེ་འཁོར་སླེབས་པ་དང་། ཚང་མ་མེ་འཁོར་ནང་དུ་འཛུལ་ནས་དལ་གྱིས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན། སྐབས་དེ་དུས་བགྲེས་སོང་འགའ་ཤས་ཀྱིས་ཁང་པ་འདྲ་བ་ཞིག་གི་ནང་དུ་མི་མང་པོ་བསྡད་ནས་འགྲོ་བ་ནི་ཡ་མཚན་རེད་སྙམ་ནས་ཧོན་འཐོར་ནས་བསྡད། དང་ཐོག་ཁོ་ཚོ་སླེབས་དུས་ས་ཆ་ལས་ཁང་པ་ཟེར་བ་དམིགས་བསལ་མེད་རུང་རིམ་པས་བོད་མི་རྣམས་ཀྱིས་ས་གཞི་ཁོམ་སྙོམ་བཟོས་ཏེ་གནས་སྐབས་སྡོད་སའི་ཤིང་ཁམས་བཟོས། སྐབས་དེ་དུས་རང་གཞུང་གིས་ཁང་པ་གསར་རྒྱབ་གནང་བཞིན་པ་རེད། ཁང་པ་གསར་རྒྱབ་ཆ་ཚང་ཚར་མེད་པ་དང་། རིམ་པར་ཁང་པ་གསར་རྒྱབ་ཚར་རྗེས་མིང་ཐོ་གཞིར་བཟུང་གཞིས་མི་རྣམས་ལ་ཁང་པ་བགོ་འགྲེམས་གནང་། ཆོས་སྐྱབས་ནང་མི་གསུམ་ལ་ཁང་པ་དང་ཞིང་ཁ་ཡང་གཞིས་མི་སྤྱི་མཚུངས་སྐལ་བ་རག །
དེ་ནས་ཕ་མ་གཉིས་དང་མཉམ་དུ་བུ་བློ་བཟང་ཡང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཞིང་ལས་ལ་བརྩོན་ནས་བསྡད། རིམ་གྱིས་ཕ་མས་འདོད་མོས་ལྟར་གཞིས་གྲོང་གསུམ་པའི་བུ་མོ་མཚོ་མོ་དང་གཉེན་སྒྲིག་བྱས། བློ་བཟང་གིས་ཞིང་ལས་གཅིག་པུར་བསྟེན་ནས་མ་བསྡད་པར། ཞོར་ལས་ཤིག་བྱེད་དགོས་ཀྱི་འདུག་ཅེས་བརྗོད་པ་དང་། ཕ་རྒན་ཆོས་སྐྱབས་ཀྱིས་ཞིང་ལས་ཀྱི་ཞོར་ལ་ལས་ཀ་གང་ཞིག་བྱེད་དགོས་ཀྱི་རེད་ཅེས་དྲིས། དེང་སྐབས་བོད་མི་འགའ་ཤས་དགུན་ཁའི་སྐབས་སུ་གྲོང་ཁྱེར་ཆེ་ཁག་དེ་འདྲ་ལ་གྱོན་ཆས་ཚོང་བར་འགྲོ་མཁན་ཡོད་ས་རེད། ཁོ་ཚོ་དང་འབྲེལ་བའི་ཐོག་དེ་འདྲ་བྱས་ན་གང་འདྲ་ཞིག་འདུག་གམ་ཞེས་དྲིས། ཕ་རྒན་ཆོས་སྐྱབས་ཀྱིས་དེ་འདྲ་བྱས་པ་ཡིན་མ་རྩ་ཕོན་ཆེ་དགོས་པ་རེད། ང་ཚོ་ལ་མ་རྩ་ནི་མེད་ཟེར། བློ་བཟང་གིས་པ་ལགས་མ་རྩ་དེ་འདྲའི་ཕོན་ཆེ་པོ་ཞིག་དགོས་ཀྱི་ཡོད་ས་མ་རེད། བུན་ལོན་ལ་བཏང་གི་ཡོད་པ་འདྲ་ཟེར། དེ་འདྲ་ཡིན་ན་ཡག་པོ་འདུག་རུང་། གལ་སྲིད་ཚོང་ལམ་ཡག་པོ་མ་བྱུང་བ་ཡིན་ན་དཀའ་ངལ་འཕྲད་སྲིད་པ་རེད་ཟེར།
དེ་ནས་བློ་བཟང་གིས་སུད་ཚོང་བརྒྱབ་རྒྱུ་ཐག་བཅད། ས་གནས་དངུལ་ཁང་དུ་ཞིང་ཁ་གཏའ་མ་བཞག་མ་ནས་སྒོར་མོ་ཉུང་ཙམ་ཞིག་བུན་ལོན་གཡར་རྒྱུ་རག་པ་དང་། དེ་དག་འཁྱེར་ནས་དགུན་དུས་རོགས་པ་འགའ་ཤས་དང་མཉམ་དུ་ལུ་དི་ཡ་ན་ལ་ཕྱིན། ལུ་དི་ཡ་ན་ (Ludhiana) ནི་རྒྱ་གར་གྱི་པན་ཇབ་མངའ་སྡེའི་ཁོངས་བལ་གོས་ཀྱི་བཟོ་གྲྭ་ཆེས་མང་པོ་ཡོད་སའི་ས་ཁུལ་ཞིག་ཡིན་པ་དང་། བོད་མི་དགུན་ཚོང་རྒྱག་མཁན་ཞིག་ཡིན་ན་ལུ་དི་ཡ་ན་གྲོང་འཁྱེར་ལ་རྒྱུས་མངའ་མེད་པ་ཡོད་མི་སྲིད། གང་ཡིན་ཟེར་ན། རྒྱ་གར་དུ་ཡོད་པའི་བོད་མི་བཙན་བྱོལ་བ་མང་ཆེ་བས་དགུན་དུས་སུ་སུད་ཚོང་གཉེར་གྱི་ཡོད་སྟབས། སུད་ཚོང་གཉེར་མཁན་ཚོ་ལུ་དི་ཡ་ན་ལ་ལོ་རེའི་མཚམས་སུ་ཐེངས་གཅིག་རེ་སླེབ་ཀྱི་ཡོད་པ་རེད། བོད་མི་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཐོག་མར་ལམ་བཟོའི་ལས་ཀ་བྱས་པ་དང་། རིམ་གྱིས་དགུན་དུས་སུ་སུད་ཚོང་གཉེར་འགོ་བཙུགས་ཤིང་། བར་སྐབས་ནས་ཁེ་བཟང་ཆེ་ཆུང་ལ་མ་ལྟོས་པར་གང་ལྟར་རྒྱ་གར་གྱི་བོད་མི་བཙན་བྱོལ་བ་བྱིངས་ནས་དགུན་དུས་སུད་ཚོང་ལ་ཕྱིན་ཏེ་ད་ལྟ་དེ་ནི་འཚོ་བའི་རྟེན་གཞི་གཙོ་བོ་ལྟ་བུར་གྱུར་ཡོད། ལུ་དི་ཡ་ན་ལ་སླེབས་པ་དང་། ཆ་ལག་ཉོ་སར་ཕྱིན་ནས་གྱོན་ཆས་རིགས་འདྲ་མིན་ཉོས། སྐབས་དེ་དུས་ཚོང་ཁང་ནས་བུན་ལོན་གཡར་ཐུབ་པ་བྱུང་ཞིང་། དེ་དག་དོ་པོ་བརྒྱབ་སྟེ་ཆ་ལག་འུར་འདྲེན་བྱ་སར་འཁྱེར་ནས་འབིང་ལོར་བར་དུ་བཏང་། ཆ་ལག་གང་མཚམས་ཤིག་ཀྱང་རང་ཉིད་མཉམ་དུ་མེ་འཁོར་ནང་དུ་འཁྱེར། ཉིན་ཤས་རྗེས་འབིང་ལོར་སླེབས་རྗེས་འབིང་ལོར་ཁང་པ་ཞིག་ཞིག་གླས་ནས་བསྡད། དེ་ནས་ཉིན་ཤས་རྗེས་ཆ་ལག་ཚང་མ་འབྱོར་ཞིང་སེམས་ལྷོད་དུ་འབབ།
དུས་དེ་ནས་ལྟོ་ཕད་དང་ཕྲག་སྟེང་དུ་གྱོན་ཆས་འཁྱེར་ནས་གྱོན་ཆས་ཉོས་ཞེས་སྐད་བརྒྱབ་ནས་མི་ཚོགས་མང་སར་ཆ་ལག་འཁྱེར་ནས་ཚོང་གི་ཡོད། ཚོང་ཁང་ལས་རིམ་གོང་ཆུང་བ་ཡོད་པས་ཡག་པོ་འགྲེམས་ཚོང་ཐུབ་པ་བྱུང་། ཡིན་ནའང་སྐབས་རེ་སྐོར་སྲུང་ལ་སོགས་ཀྱིས་དཀའ་ངལ་ཡང་རྒྱ་མི་ཆུང་བ་འཕྲད། དེ་དག་ནི་ལུང་པ་མེད་པའི་སྐྱབས་པ་ཞིག་ཡིན་པ་རེད་བསམ་ནས་དཀའ་ངལ་ཁག་ལ་གདོང་ལེན་གནང་ནས་ལས་དོན་བྱེད་ཀྱི་ཡོད། རིམ་གྱིས་ཚོང་དང་། ལུང་པའི་འགྲོ་སྟངས་སོགས་ཤེས་དུས་ཕྲན་བུ་ལས་སླ་རུ་ཕྱིན། དེ་ནས་རིམ་པའི་ཉིན་གང་འཁྱེར་ནས་འགྲོ་མ་དགོས་པ་ལམ་ཁའི་ཟུར་དུ་ཉལ་ཁྲི་ཐོག་ཏུ་ཆ་ལག་ཙག་ཙིག་བཀྲམ་ནས་ཚོང་གི་ཡོད་པས། ས་གླ་ཙམ་ལས་རིན་པ་སྤྲད་མི་དགོས་པས་ཚོང་གི་ཁེ་བཟང་ཡང་ཡག་པོ་རག །སྐབས་རེ་དོ་པོ་བརླག་་པ་དང་། དེ་བཞིན་སུད་སོང་ཉོ་སར་མེ་འཁོར་ནང་དུ་འགྲོ་དུས་ལམ་འགྲོ་མ་རྒྱུག་ན་སྒོར་མོ་བརླག་ནས་དཀའ་ངལ་འཕྲད་མཁན་དེ་འདྲ་བྱུང་མྱོང་ཡོད་པ་རེད། སུད་ཚོང་མགོ་བཙུགས་ནས་མཇུག་མ་རྫོགས་བར་དུ་སེམས་ཁྲལ་ངང་སྡོད་དགོས་ཐུག་གི་ཡོད། ཡིན་ནའང་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ལས་བོད་མི་རྣམས་ལ་སྡུག་པ་དེ་འདྲ་གང་ཡང་བྱུང་བ་ཉུང་ཉུང་རེད།
ལྷག་པར་བུན་ལོན་ཕར་བསྐྱལ་དུ་འགྲོ་མི་དགོས་པའི་ལུ་དི་ཡ་ནའི་སད་ཚོང་བདག་པོ་བུན་ལོན་ལེན་དུ་ཡོང་གི་ཡོད། བོད་པས་ཀར་ཀོར་གང་ཡང་མེད་པས་བོན་ལོན་དུས་ཐོག་སྤྲད་རྐྱང་བྱེད་ཀྱི་ཡོད་པས། ལུ་དི་ཡ་ནའི་ཚོང་པས་བོད་མི་ལ་ཡིད་ཆེས་ཀྱི་ཐོག་ནས་བུན་ལོན་གཡར་རྐྱང་བྱེད་ཀྱི་ཡོད། བོད་མིས་རེ་བཟུང་ལས་མང་ཆེ་བས་བུན་ལོན་དུས་ཐོག་ལ་སྤྲད་ཀྱི་ཡོད། རིམ་པས་ཚོང་རྒྱབ་སྟངས་ཡར་རྒྱས་ཕྱིན་ནས་དགུན་དུས་འབིང་ལོར་ལམ་ཟུར་དུ་བོད་མི་ཚང་མ་མཉམ་དུ་ཁྲོམ་སྟོན་གྱི་ཡོད་ལ། བོད་མིའི་ཁྲོམ་ས་ཁ་བྱང་བྲིས་ཡོད་པའི་མི་མང་པོ་ཞིག་བོད་པའི་ཁྲོམ་ས་རྩད་གཅོད་གཏོང་ནས་ཉོ་རུ་ཡོང་གི་ཡོད། ལོ་ལྟར་ཚོང་ཡང་ཡག་པོ་ཡོང་གི་ཡོད་པས་གནས་སྐབས་ཀྱི་དཀའ་ངལ་ཕྲན་བུ་སེལ་ཐུབ་པ་བྱུང།
ཕྱི་ཟླ་དང་པོ་ནང་དུ་བུ་ཕྲུག་སློབ་གྲྭའི་དགུང་སེང་དང་། ཕ་མ་གཉིས་ཀྱང་སུད་ཚོང་ཟིན་ནས་ནང་དུ་སླེབས་པ། ནང་མི་ཚང་མ་འཛོམས་པའི་དུས་སྐབས་ཤིག་ཡིན། དེ་ནས་བོད་ཀྱི་ལོ་གསར་ཚེས་པ་གཅིག་ནས་ཚེས་པ་གསུམ་བར་གཞུང་འབྲེལ་དགུང་སེང་བཞག་གི་ཡོད། ལོ་གསར་སྐབས་བོད་མི་ཚང་མའི་ཁང་ལ་དཀར་རྩི་གཏོང་བ་དང་། ཁ་ཟས་བཟོ་བ་སོགས་ལོ་གསར་གྱི་ཁོ་ཆས་རྣམས་སྒྲུབ་ཀྱི་ཡོད། ལོ་གསར་ཚེ་གཅིག་ཉིན་ཞོགས་པ་སྔ་པོ་ལངས་ཏེ་ཞོགས་ཟས་ཚར་རྗེས་དགོན་པར་མཆོད་མཇལ་འགྲོ་ནས་དཀོན་མཆོག་གསུམ་ལ་གསོལ་བ་སྨོན་ལམ་འདེབས། ཚེས་གཉིས་ཉིན་མོར་གྲོང་པ་ཕན་ཚུན་མགྲོན་འབོད་ལ་ཕར་ཚུར་འགྲོ་བ། ཚེས་གསུམ་ཉིན་མོ་གཞིས་མི་ཚང་མ་མཉམ་འཛོམས་ཐོག་བསངས་གསོལ་ཚར་རྗེས་གཞས་དང་ཞབས་བྲོ་སོགས་ཁྲབ་སྲོལ་ཡོད་པ་རེད། དེ་དག་ནི་བོད་ཕྲུག་ན་གཞོན་རྣམས་སོ་སོའི་མི་རིགས་ཀྱི་རིག་གཞུང་མ་ཉམས་པ་ཆེད་དུ་རྟག་ཏུ་དྲན་གསོ་བྱེད་ཀྱི་ཡོད། དེ་བཞིན་ཕྱི་ཟླ་ ༣ ་ཚེས་པ་ ༡༠ ཉིན་མོ་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་དཔའ་བོ་དཔའ་མོ་དུ་མ་ཞིག་གིས་གཅེས་པའི་ལུས་སྲོག་བློས་བཏང་སྟེ་རྒྱ་དམར་ལ་ངོ་རྒོལ་བྱས་པ་ཉིན་མོ་ཞིག་ཡིན་པ་རེད་ལ། དེ་དག་ཐོག་ཏུ་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པ། རྒྱ་དམར་གྱིས་དྲག་མནོན་བྱས་ཏེ་བོད་རིགས་དུ་མའི་ཚེ་སྲོག་ཤོར་བའི་ཉིན་མོ་ཞིག་ཀྱང་ཡིན་པ་རེད། བོད་མི་རིགས་ཀྱི་ནམ་ཡང་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་ཀྱང་ཡིན། ལོ་ལྟར་ཆད་མེད་བོད་མི་གནས་སྡོད་ཡོད་སའི་ས་ཁུལ་ཚང་མར་དེ་ཉིན་དཔའ་བོ་དཔའ་མི་རྣམས་དྲན་གསོ་བྱེད་ཀྱི་ཡོད། བློ་བཟང་བཟའ་མི་གཉིས་ཀྱང་དེ་ཉིན་ལས་དོན་གལ་ཆེ་གང་འདྲ་ཡོད་ནའང་། དེ་དག་བཞག་ནས་དེ་ཉིན་སྐད་འབོད་ལ་འགྲོ་ཡི་ཡོད། བོད་ནང་གི་གནས་སྟངས་དེ་དག་སེམས་ནང་འཁོར་དུས་བོད་མི་རྣམས་རང་དབང་མེད་པར་མིག་ཆུ་ཤོར་ཞིང་། ག་དུས་གཅེས་པའི་ཕ་ཡུལ་དུ་ལོག་རྒྱུ་ཡོང་ན་བསམ་ནས་བྱིའུ་གནམ་ཆུ་སྒུག་པ་ནང་སྒུག་བཞིན་བྱེད་ཀྱི་ཡོད་ལ། མི་འདོད་བཞིན་དུ་མི་ཡུལ་ལུང་པར་འཚོ་བ་རོལ་དགོས་ཐུག་གི་ཡོད། སྐབས་རེ་རང་ཉིད་སྐྱེས་སའི་ཕ་ཡུལ་ཡིད་དུ་འཁོར་ནས་རང་དབང་མེད་པ་ཁོག་སྟོད་ན་ནས་དབུགས་རིང་ཤོར་གྱི་ཡོད། ཡིན་ནའང་ལས་དབང་གིས་མི་ཡུལ་དུ་འཚོ་བ་མ་རོལ་ཀ་མེད་ཀྱི་གནས་སྟངས་ཤིག་རེད།
དེ་ནས་བློ་བཟང་གི་བཟའ་ཟླ་མཚོ་མོ་ཡང་བུ་ཕྲུག་ཁོག་ཏུ་འཁོར་ཞིང་། ཟླ་དུས་ཚང་དུས་ཕྲུ་གུ་བུ་ཞིག་བཙས། བུའི་མིང་ལ་བཟང་པོ་ཞེས་རྟགས། ཡང་ལོ་གཅིག་གི་རྗེས་སུ་ཡང་བཟའ་ཟླ་མཚོ་མོ་ལ་བུ་མོ་ཞིག་བཙས། བུ་མོའི་མིང་ལ་ཆོས་མཚོ་ཞེས་བཏགས། བཟའ་ཟླ་མཚོ་མོ་ནི་ཞོགས་པ་སྔ་པོ་ལངས་ཏེ་བ་ཕྱུག་ལ་རྩྭ་སྟེར་བ་དང་། དེ་ནས་མེ་ཁ་ཕྱེས་ཏེ་ནང་མི་རྣམས་ལ་ཞོགས་ཇ་བསྐོལ་བ་སོགས་ནང་ལས་ཙག་ཙིག་དང་། བུ་ཕྲུག་གཉིས་ལ་ལྟ་རྟོག་བྱེད་པ་སོགས་ཀྱིས་དགོང་མོ་ས་མ་རུབ་བར་ལས་ཀར་མགོ་བོ་འཁོར་གྱི་ཡོད། དལ་ལྷོད་ངང་ནས་སྡོད་པའི་དུས་ཚོད་གཏན་ནས་རག་གི་མེད། ཡིན་ནའང་རང་ནུས་ཡོད་ཚོད་ཐོག་ནས་ལས་དོན་ཐོག་ཏུ་འབད་པར་བརྩོན། དེ་བཞིན་བློ་བཟང་གི་ཕ་མ་གཉིས་ལ་བཟའ་ཟླ་ཆོས་མཚོས་ཧ་ཅང་གི་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད་ཅིང་། གྲོང་པ་ཁྱིམ་མཚེས་ཚོས་ཆོས་སྐྱབས་ཚང་གི་མནའ་མའི་ལས་སྟངས་ལ་ཡིད་སྨོན་ཤོར་གྱི་ཡོད། བློ་བཟང་ཡང་ཞོགས་པ་སྔ་པོ་ལངས་ཏེ་བ་ཕྱུགས་ལ་རྩྭ་སྟེར་བ་དང་། འོ་མ་དཀྲོག་པ། འོ་མ་གཞིས་གྲོང་ཁག་ཏུ་ཚོང་དུ་འགྲོ་བ་སོགས་ལས་དོན་གནང་གི་ཡོད། དེ་བཞིན་དབྱར་དུས་བ་ཕྱུག་འཚོ་བ་ཡང་འགྲོ །དེ་འདྲའི་བཟའ་ཚང་གཉིས་ཀྱིས་མཉམ་རུབ་ཀྱིས་ལས་དོན་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།
དེ་འདྲའི་གནས་སྟངས་འོག་ནས་ལོ་ཟླ་རིམ་གྱིས་རྫོགས་ཤིང་བུ་ཆུང་བཟང་པོ་ན་གསོན་རྗེས་གཞིས་ཆགས་ཀྱི་ཉིན་མོ་སློབ་གྲྭར་བཏང་མགོ་བཙུགས། ཕ་བློ་བཟང་གི་དུས་ཚོད་ག་དུས་ཁོམ་པ་བྱུང་ན་བུ་ཕྲུག་གཉིས་གཉའ་བ་སྟེང་དུ་འཁྱེར་ནས་ལྟ་སྐྱོང་གནང་གི་ཡོད་ལ། དེ་བཞིན་ཞོགས་པ་སློབ་གྲྭ་འགྲོ་དུས་བློ་བཟང་གིས་བུ་ཆུང་གཉའ་བ་གང་དུ་འཁྱེར་ནས་སློབ་གྲྭར་བསྐྱལ་གྱི་ཡོད། བཟང་པོ་ནི་ལོ་ཆུང་ཡང་བསམ་བློ་གཏོང་སྟངས་མི་རྒན་པ་ནང་བཞིན་ཡོད་པས། དགེ་སློབ་ཀུན་གྱིས་ཡིད་སྨོན་གནང་། འོན་ཀྱང་རིག་པ་དེ་ཙམ་མེད། ཁྱིམ་མཚེས་བུ་བློ་ལྡན་ནི་དེ་ལས་ལྡོག་སྟེ་རིག་པ་ཧ་ཅང་གྲུང་། འོན་ཀྱང་གཤིས་སྤྱོད་གྱོང་བས། ཁོ་རང་ལས་ཆུང་བའི་ཕྲུ་གུ་ཉེན་རྡུང་གཏོང་གི་ཡོད། བཟང་པོ་ནི་རིག་པ་གྲུང་པོ་དེ་ཙམ་ཞིག་མེད་རུང་། བརྩོན་འགྲུབ་ཧ་ཅང་ཆེ་ཞིང་། དུས་ཚོད་ནམ་ཁོམ་སློབ་དེབ་ཁ་ཕྱེས་ནས་ནང་སྦྱོང་བྱེད་པ་ལས་རྩེད་མོ་ལ་གཏན་ནས་མི་གཡེང་། དེ་འདྲའི་བརྩོན་འགྲུབ་གནང་རུང་ཡིག་ཚད་ལོན་པ་ཙམ་ལས་ཡོང་གི་མེད་མོད། སེམསཤུགས་ཞུམ་མེད་ཀྱི་སློབ་སྦྱོང་ལ་བརྩོན་གྱི་ཡོད། བློ་ལྡན་གྱིས་འཛིན་རོགས་བཟང་པོ་ལ་དེ་འདྲའི་སློབ་སྦྱོང་ལ་འབད་བརྩོན་བྱས་ན་ཅི་ཞིག་ཕན་ཞེས་བརྗོད་ཀྱི་ཡོད། ཡིན་ནའང་བཟང་པོས་བརྩོན་འགྲུབ་བྱས་ན་འབྲས་བུ་སྨིན་ངེས་རེད་བསམ་ནས་ལྷོད་གཡེང་མེད་པར་ཤེས་ཡོན་ཐོག་ཏུ་འབད་བརྩོན་གནང་གི་ཡོད་ལ། གཞན་གྱི་ག་རེ་ལབ་རུང་བཟང་པོས་སློབ་སྦྱོང་ལ་འབད་བརྩོན་གནང་གི་ཡོད་པས། རིམ་པས་གཟེངས་སུ་ཐོན་པའི་འབྲས་བུ་ཡང་ཐོན། བཟང་པོ་ལ་སྤོ་པོ་ཆོས་སྐྱབས་དང་རྨོ་མོ་གཡང་མཚོ་གཉིས་ཀྱང་བྱམས་པོ་གནང་གི་ཡོད། སློབ་གྲྭ་གྲོལ་ཚར་རྗེས་ཤར་རྒྱག་སྤོ་པོ་རྨོ་མོ་གཉིས་ཀྱི་འགྲམ་དུ་བསྡད། སྐབས་རེ་བཟང་པོ་སེམས་མ་སྐྱིད་པ་བྱུང་ཡོད་པ་མངོན་ཚེ། སྤོ་པོ་དང་རྨོ་མོ་གཉིས་ཀྱིས་བསླབ་བྱ་བརྒྱབ་ནས་སེམས་གསོ་གནང་གི་ཡོད་ལ། མི་ཚེ་ནང་དུ་ཤེས་ཡོན་ལས་གལ་ཆེན་པོ་ཡིན་ཚུལ་བརྗོད་ཀྱི་ཡོད་ལ། མི་ཚང་མའི་བར་མཐུན་པོ་ངང་གནས་དགོས་པ་ལས་རང་ཉིད་ལས་ལྷག་ཅིག་མེད་སྙམ་པའི་ང་རྒྱལ་གཏན་ནས་བྱ་མི་རུང་བ་དང་། དེ་བཞིན་ཐ་མག་དང་ཆ་རག་རིགས་གཏན་ནས་འཐུང་མི་རུང་། དེ་ལ་ལག་པ་ཙམ་འཆང་མི་རུང་བ་སོགས་ཀྱི་འགྲེལ་བཤད་སྐྱོན་གྱི་ཡོད། སྐབས་རེ་སློབ་ཕྲུག་འགའ་ཤས་ཀྱིས་ཕ་མ་དང་རྒན་ལགས་རྣམ་པས་མི་མཐོང་སར་་ལྐོག་ཏུ་ཐ་མག་འཕེན་པ་དང་། ་བཟང་པོ་ལའང་ཐ་མག་འཐེན་དགོས་ཚུལ་ཡང་ཡང་བཤད་རུང་བཟང་པོས་དེ་ལས་ལྡོག་སྟེ་ཐ་མག་འཐེན་མཁན་ལ་འཐེན་མི་རུང་ཚུལ་འགྲེལ་བཤད་བརྒྱབ་ཀྱི་ཡོད། ཡིན་ནའང་སློབ་ཕྲུག་འགའ་ཤས་ཀྱིས་གཏན་ནས་ཉན་འཇོག་མི་བྱེད།
ལྷག་པར་སློབ་གྲྭའི་རྒན་ལགས་རྣམ་པས་ག་དུས་ཡིན་ན་རི་བོང་ནང་བཞིན་ང་རྒྱལ་བྱ་མི་རུང་ལ། སྦལ་པ་ནང་བཞིན་བརྩོན་འགྲུབ་བྱེད་དགོས་པའི་བསླབ་བྱ་གནང་གི་ཡོད། རྒན་ལགས་ཀྱིས་བསླབ་བྱ་དེ་དག་སེམས་སུ་བཟུང་ནས་བཟང་པོ་མདུན་སྐྱོད་གནང་གི་ཡོད། བུ་མོ་ཆོས་མཚོ་ལོ་ན་ཆུང་བའི་ཕ་མ་གཉིས་ཀྱིས་ཧ་ཅང་བྱམས་པོའི་ཐོག་ནས་ལྟ་སྐྱོང་གནང་གི་ཡོད། བློ་བཟང་བཟའ་མི་གཉིས་ཀྱིས་བུ་ཕྲུག་ང་ཚོ་ནང་བཞིན་གང་ཡང་མི་ཤེས་མཁན་མི་ཡོང་བ་བྱ་དགོས་ཞེས་ཨུ་ཚུགས་བརྒྱབ་སྟེ་བུ་མོ་ཆོས་མཚོ་ཡང་སློབ་གྲྭར་བཏང་མགོ་བཙུགས། བུ་མོ་ཆོས་མཚོ་ནི་རང་བཞིན་གྱིས་བློ་རིག་ཧ་ཅང་བཀྲ། ཕ་བློ་བཟང་གིས་ཞོགས་དགོང་བུ་མོ་ཆོས་མཚོ་གཉའ་གང་དུ་འཁྱེར་ནས་སློབ་གྲྭ་ལ་སྐྱེལ་ལེན་བྱེད་ཀྱི་ཡོད།
རིམ་གྱིས་བུ་བཟང་པོ་འཛིན་རིམ་བཅུ་གཉིས་ཐོན་རྗེས་ནང་དུ་ཡོང་ནས་སྤོ་པོ་ཆོས་སྐྱབས་དང་རྨོ་མོ་མཚོ་མོ་གཉིས་ཀྱིས་འགྲམ་དུ་བསྡད། དེ་ཉིན་གཅིག་བཟང་པོ་ཕ་བློ་བཟང་ཡོད་ཅིང་། ནང་མི་རྣམས་ཕན་ཚུན་སྤྱིར་བཏང་གི་སྐད་ཆ་འདྲ་བཤད་ནས་བསྡད། སྐབས་དེར་བུ་བཟང་པོས་བརྗོད་དོན་ལས། ང་དམག་མིར་འགྲོ་ན་བསམ་གྱི་་འདུག་ཅིང་། ཐོབ་ཐང་ཡང་ཡག་པོ་ཡོད་ས་རེད། གལ་སྲིད་ང་མཐོ་སློབ་ཏུ་ཕྱིན་ན་སློབ་ཡོན་ཧ་ཅང་ཆེན་པོ་རེད་འདུག་ཟེར། བློ་བཟང་གིས་བུ་ཁྱོད་རང་སློབ་ཏུ་འགྲོ་འདོད་ཡོད་ཚེ་སློབ་ཡོན་ལ་སེམས་ཁྲལ་དེ་འདྲའི་དགོས་མ་དགོས་ངེད་ཕ་མ་གཉིས་ཀྱི་ཐབས་ཤེས་བྱེད་ཆོག་ཚུལ་བརྗོད། དེ་འདྲ་ཡིན་ན་ང་མཐོ་སློབ་ཏུ་འགྲོ་རྒྱུ་ཡིན་ཟེར། དེ་ནས་བཟང་པོ་མཐོ་སློབ་ཀྱི་འགེངས་ཤོག་སོགས་རྒྱངས་ཏེ་ལྡི་ལིའི་མཐོ་སློབ་ཏུ་ཕྱིན། ལྡི་ལི་ལ་བོད་ཁྱིམ་གྱི་སྡོད་ཁང་ཡོད་ཅིང་། དེར་འགེངས་ཤོག་རྒྱངས་དེ་དེར་བསྡད། སློབ་དུས་ཆུ་ཚོད་གཉིས་ལྷག་ལས་མེད་པས། དེ་འདྲའི་བསྡད་ཡིན་ན་དུས་ཚོད་འཕྲོག་ལྷག་གཏོང་བ་ལས་ཞོར་ལ་ལས་ཀ་ཙག་ཙིག་བྱས་པ་ཡིན་ཡག་ས་རེད་བསམ་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ནོར་བུའི་ཟ་ཁང་དུ་ཕྱིན། ཟ་ཁང་གི་བདག་པོ་ལ་སྐུ་ཞབས་ལགས། གནས་སྐབས་ཀྱི་རིང་དུ་ང་ལ་ཟ་ཁང་དུ་ལས་ཀ་ཞིག་གནང་རོགས་བྱོས་ཞེས་རེ་སྐུལ་ཞུས་པ་དང་། ཟ་ཁང་བདག་པོ་ལོ་གཞོན་ཞིག་ཡོད་པས། ཁོང་གིས་ཁྱོད་རང་ད་ལྟ་གང་དུ་བསྡད་ཡོད་དམ་ཞེས་དྲིས། བཟང་པོས་གུས་ཞབས་དང་བཅས་ཏེ་སྐུ་ཞབས་ལགས། ངའི་ཕ་མ་གཉིས་ནི་རྒྱ་གར་ལྷ་ཕྱོགས་གཞིས་ཆགས་སུ་ཡོད་པ་དང་། དཔལ་འབྱོར་དེ་ཙམ་ཡག་པོ་མེད་ཅིང་། ང་རང་ལྡི་ལིར་མཐོ་སློབ་འགྲེམས་བཞིན་ཡོད། མཐོ་སློབ་འགྲེམས་ཞོར་ལས་ཀ་ཙག་ཙིག་བཙོལ་ནས་ཕ་མ་གཉིས་ལ་དཀའ་ངལ་སྤྲད་མ་དགོས་པ་བྱུང་ན་བསམ་གྱི་ཡོད་ཚུལ་སོགས་བཤད་པས། ཟ་ཁང་བདག་པོས་བཟང་པོའི་ངོ་གདོང་ལ་ཡག་པོ་ཞིག་བལྟས་ནས་ང་ནི་ལོ་མང་རིང་དུ་ཟ་ཁང་འཛིན་ནས་བསྡད་མོད། བུ་ཁྱོད་འདྲ་ཞིག་གཏན་ནས་ཐུག་མ་བྱུང་ཟེར་བཞིན་ཁྱོད་རང་སང་ཉིན་ནས་ཉིན་དགོང་རྒྱབ་ཏུ་ཟ་ཁང་དུ་ལས་ཀར་ཡོང་ན་འགྲིགས་ཚུལ་ཟེར། བཟང་པོ་སེམས་ནང་དུ་དགའ་ཐག་གཅོད་ནས་སྦྱིན་བདག་ལགས་བཀའ་དྲིན་ཆེ་ཟེར་ནས་ལོག་ནས་ཕྱིན། དུས་དེ་ནས་བཟུང་སྟེ་བཟང་པོ་ཟ་ཁང་དུ་ཁ་ལག་ཡར་མར་བསྐྱལ་རྒྱུའི་ལས་ཀ་བྱེད་པ་དང་། ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད། ཟ་ཁང་བདག་པོ་སེམས་བཟང་ཅན་ཞིག་ཡོད་པས་བཟང་པོ་སློབ་མ་ཡིན་པ་ཤེས་དུས་དམིགས་བསལ་གྱིས་ལས་ཀ་དེ་འདྲའི་རིགས་བསྐུལ་གྱི་མེད།
དེ་ནས་ཉིན་གཅིག་ཕ་བློ་བཟང་གིས་ཁ་པར་བཏང་ནས་ཁྱོད་ལ་སློབ་ཡོན་དེ་འདྲ་དགོས་མ་རེད་དམ། ངས་གཏོང་ཡོང་དགོས་ཚུལ་ག་ཚད་ལབ་རུང་། པ་ལགས་སློབ་ཡོན་ད་ལྟ་སྤྲད་རིན་མི་འདུག་ཅེས་བརྗོད་ཀྱི་ཡོད། ཟ་ཁང་གི་དངུལ་དེ་དག་བསགས་ནས་སློབ་ཡོན་དང་ཙག་ཙིག་ཉོ་ས་འདང་གི་ཡོད། ཕ་ཆོས་སྐྱབས་ལ་ནད་གཞི་དྲག་པོ་ཕོག་ནས་སྨན་པ་ཆེ་ཁག་བསྟེན་གཏུག་དང་། དགོན་པ་ཁག་ལ་རིམ་གྲོ་ལ་སོགས་གང་ཡོང་བྱས་རུང་ཕན་ཐོགས་མེད་པ་གྲོངས། བཟང་པོ་སེམས་ཧ་ཅང་སྐྱོ་རུང་བྱ་ཐབས་བྲལ། མ་གཡང་མཚོ་ཡང་དེ་ལས་ཀྱང་སེམས་སྡུག་གིས་ཁེངས།
རྨོ་མོས་ག་དུས་ཡིན་ན་བཟང་པོ་གོ་རྒྱུ་འཚོ་རྒྱུ་གང་ཡང་མི་འདུག་ཅིང་། གང་ཞིག་བྱེད་ཀྱི་ཡོད་ན་ཞེས་ཡང་ཡང་སེམས་ཁྲལ་བྱེད་ཀྱི་ཡོད། བུ་བློ་བཟང་ད་ལོ་ངེས་པར་བུ་བཟང་པོ་ང་ཐུག་ཏུ་གཞིས་ཆགས་ཤོག་ལབ་རོགས་བྱོས་ཟེར། བློ་བཟང་གིས་ཁ་སང་ངས་ཁ་པར་ཞིག་བཏང་ཡིན་པ་ཁོ་ད་ལོ་ངེས་པར་རྨོ་མོ་ཐུག་ཏུ་ཡོང་དགོས་ལབ་ཀྱི་འདུག་ཚུལ་བརྗོད། རྨོ་མོ་གཡང་མཚོ་ནི་ཞོགས་ལྟར་སྔ་པོ་ལངས་ཏེ་ཡོན་ཆབ་འབུལ་བ་དང་། ཕྱག་འཚལ་བ་སོགས་བྱེད་ཀྱི་ཡོད་པས། ཉིན་གཅིག་གློ་བུར་དུ་མགོ་ཡུ་འཁོར་ཏེ་སར་འགྱེལ་ནས་སྨན་ཁང་དུ་འཁྱེར་ལོང་མ་རེད་པ་དེ་མ་ཉིད་དུ་གཡང་མཚོ་གྲོངས། བློ་བཟང་ནི་སེམས་སྡུག་དང་འབྲེལ་དགོན་སྡེ་ཁག་བསྔོ་བཞུ་དང་། དགོན་པ་ནས་གྲ་པ་གདན་འདྲེན་ཞུས་སྨོན་ལམ་གསུངས། ཉིན་གསུམ་རིང་དུ་ཕུང་པོ་བཞག་པ་དང་། དེ་ནས་དཀར་རྩིས་ལྟར་ཞོགས་པ་སྔ་པོ་གཞིས་མི་རྣམས་ཡོང་ནས་ཕུང་པོ་དུར་ཁྲོད་དུ་འཁྱེར་ནས་མེར་བསྲེགས། གཞིས་ཆགས་དེར་ལུགས་སྲོལ་བཟང་པོ་ཞིག་ཡོད་པ་ནི་གཞིས་མི་སུ་འདྲ་ཞིག་གི་ནང་དུ་མི་ཤི་འགོད་ཆགས་བྱུང་བ་ནི་གཞིས་གྲོང་ཚང་མ་རོགས་པ་གང་ཡོང་གནང་སྲོལ་ཡོད། ལྟ་སོ་ཆེ་ཤོས་དེ་ཡིན་པ་རེད།
ཉིན་གཅིག་བློ་བཟང་གིས་༧གོང་ས་མཆོག་ལ་ངའི་ཨ་མའི་བསྔོ་བཞུ་དང་། དེ་བཞིན་ལས་དོན་ཞིག་གི་ཆེད་དུ་དྷ་སར་འགྲོ་དགོས་ཞེས་བཟའ་ཟླ་མཚོ་མོ་ལབ་ནས་རྒྱབ་ཏུ་ལྟོ་ཕད་འཁྱེར་ནས་འབིང་ལོ་བར་རླངས་འཁོར་དུ་ཡོང་། འབིང་ལོ་ནས་རླངས་འཁོར་འབབ་ཚུགས་སུ་འབབ་ནས་འཁོར་ལོ་གསུམ་ཅན་ཞིག་གླས་ནས་འབིང་ལོ་མེ་འཁོར་འབབ་ཚུགས་སུ་ཕྱིན། དེ་ནས་མེ་འཁོར་འཛིན་བྱང་ཉོས་པ་དང་། སྟབས་ལེགས་པ་ཞིག་ལ་མེ་འཁོར་འཛིན་བྱང་རག་པ་དང་། མེ་འཁོར་འགྲོ་བ་དགོང་མོ་ཆུ་ཚོད་བདུན་པའི་ཐོག་ཡིན་པའི་མེ་འཁོར་སྒུག་ནས་བསྡད། རིམ་གྱིས་དགོང་མོ་ཆུ་ཚོད་བདུན་པ་ཟིན་པ་དང་དལ་གྱིས་མེ་འཁོར་སླེབས་པ་དང་དེར་བསྡད་ནས་ཡོང་། ཉིན་གཉིས་ཀྱི་རྗེས་སུ་ལྡི་ལི་མེ་འཁོར་འབབ་ཚུགས་སུ་བདེ་བར་འབྱོར། ཤར་རྒྱགས་མེ་འཁོར་འབབ་ཚུགས་ནས་ཕྱི་ལོག་ཏུ་ཐོན་ནས་འཁོར་ལོ་གསུམ་ཅན་ཞིག་གླས་ནས་བསམ་ཡས་གླིང་གཞིས་སྒར་དུ་ཕྱིན། སྐབས་དེར་ཞོགས་དུས་ཡིན་པས་ཟ་ཁང་ཞིག་ཏུ་ཞོགས་ཇ་མངགས་ནས་འཐུང་ནས་བསྡད།
དེ་ནས་བུ་བཟང་པོར་ཁ་པར་བཏང་བ་དང་། བུས་ཞོགས་པ་སློབ་གྲྭ་ཕྱིན་ནས་དེ་ནས་སློབ་གྲྭ་གྲོལ་མཚམས་པ་ལགས་ཐུག་ཏུ་ཡོང་གི་དགོས་ཟེར། བློ་བཟང་ཞོགས་ཇ་འཐུང་ཚར་རྗེས་ཅ་ལག་ཟ་ཁང་གི་བདག་པོར་བཅོལ་ནས་བསམ་ཡས་གླིང་གི་ཁྲོམ་གཞུང་དུ་འཁྱམ་དུ་ཕྱིན། ཟ་ཁང་དང་མགྲོན་ཁང་གཅིག་ལས་གཅིག་བརྫིག་པ་དེ་དག་མཐོང་དུས་འདི་འདྲ་བྱུང་བ་ནི་མགོན་པོ་མཆོག་གི་བཀའ་དྲིན་ཁོ་ན་རེད་སྙམ་་ནས་ཡིད་སྨོན་སྐྱེས་པ་དང་འབྲེལ་ཁོ་ཚོ་བོད་ལ་ཕྱིར་ལོག་བྱ་སེམས་པ་ཡོད་དམ་སྙམ་པའི་བློ་དོགས་ཞིག་ཀྱང་ཤར། ཉིན་དགུང་ཟིན་མཚམས་བུ་བཟང་པོ་ཐུག་ཏུ་ཡོང་ཞིང་། ཕ་བློ་བཟང་གིས་བུ་མཐོང་བ་དང་བུ་བཟང་པོ་གཟུགས་པོ་ཆེན་པོ་ཆགས་ཡོད་པའི་ཧང་སང་ནས་བསྡད། དེ་ནས་ཕ་བུ་གཉིས་ཟ་ཁང་དུ་ཁ་ལག་མངགས་ནས་སྤྱིར་བཏང་གི་སྐད་ཆ་འདྲ་བཤད་ནས་བསྡད། ཕ་བློ་བཟང་གིས་ན་ནིང་ལོ་གསར་དུས་ཁྱོད་རང་ནང་དུ་ཡོང་གི་རེད་བསམ་ཡང་སླེབས་མ་བྱུང་། ཨ་མ་ག་དུས་ཡིན་ན་བུའི་གང་ཞིག་བྱེད་ཀྱི་ཡོད་ན་ཞེས་སེམས་ཁྲལ་བྱེད་ཀྱི་འདུག་ཚུལ་ཟེར། དེ་བཞིན་ལོ་གཉིས་ཀྱི་སློབ་ཡོན་སྤྲད་རིན་གྱི་ཡོད་མ་རེད་དམ་སོགས་བརྗོད་པས། བཟང་པོས་ང་ལ་སྒོར་མོ་དགོས་ཀྱི་མི་འདུག་ཅིང་། གང་ཡིན་ཟེར་ན་ང་རང་སློབ་གྲྭ་གྲོལ་རྗེས་འདི་ཕྱོགས་སུ་ཟ་ཁང་ཞིག་ཏུ་ལས་ཀ་ཙག་ཙིག་བྱེད་ཀྱི་ཡོད་པས། དེའི་མ་འདང་བ་གང་ཡང་མི་འདུག་ཟེར། གཏམ་དེ་དག་གོ་དུས་ཕ་བློ་བཟང་གིས་བུའི་ངོ་གདོང་ལ་ཡག་པོ་བལྟས་ནས་དེ་འདྲའི་སློབ་སྦྱོང་གི་སྐབས་སུ་ལས་ཀ་ཙག་ཙིག་བྱེད་དགོས་མ་རེད། དེ་ལས་སློབ་སྦྱོང་གལ་ཆེ་ཤོས་རེད་ཅེས་བརྗོད། བཟང་པོས་པ་ལགས་ཁྱོད་ཀྱི་གསུང་པ་དེ་བདེན་པ་རེད། ཡིན་ནའང་མཐོ་སློབ་ཏུ་སློབ་ཚན་ཆུ་ཚོད་གཉིས་ལྷག་ཙམ་ལས་ཡོད་མ་རེད། དེ་ནས་ཁ་རོག་བསྡད་པ་ལས་ལས་ཀ་ཞིག་བྱས་པ་ཡིན་ན། མ་འོངས་པར་ལས་ཀའི་ཐོག་ཏུ་ཉམས་མྱོང་བསགས་པ་སོགས་ཕན་ཐོགས་ཡོད་ཚུལ་ཟེར། ཕ་བློ་བཟང་གིས་ཁྱོད་ཀྱི་བཤད་པ་དེར་རྒྱུ་མཚན་མེད་པ་མ་རེད། རྒྱུ་མཚན་འདུག །ཡིན་ནའང་སློབ་སྦྱོང་ལ་འཐུས་ཤོར་མ་ཕྱིན་པ་གནང་དགོས་པ་དང་། ལོ་ཆུང་སྐབས་སུ་སློབ་སྦྱོང་ལས་ལྷག་པ་ཞིག་གང་ཡང་ཡོད་མ་རེད། དེ་ངེས་པར་སེམས་ལ་བཞག་ནས་ལས་དོན་གནང་དགོས་ཟེར། བཟང་པོས་པ་ལགས་སེམས་ཁྲལ་རྩ་བ་རང་ནས་གནང་མི་དགོས། ངས་སློབ་སྦྱོང་ཨང་དང་པོ་འཇོག་གི་ཡོད་ཚུལ་སོགས་བཤད་པས། བློ་བཟང་སེམས་ཁྲལ་ཉུང་དུ་ཕྱིན། ཕ་བློ་བཟང་གིས་དེ་འདྲ་ཡིན་ན་འགྲིགས་འདུག་ཟེར།
བཟང་པོས་ཕ་མ་གཉིས་གཞིས་ཆགས་ནང་དུ་ཞོགས་པ་ནས་དགོང་མོ་ས་རུབ་བར་དུ་ལས་ཀ་ཙག་ཙིག་རྫོགས་རྒྱུ་མེད་པའི་ལས་ཀའི་དཀའ་ངལ་ཆེ་བ་དང་། དེ་བཞིན་དགུན་དུས་སུད་ཚོང་ལ་འགྲོ་སྐབས་ཆ་ལག་ཚོང་འགྲེམས་མིན་ལུས་སེམས་གཉིས་ལ་དཀའ་ལས་ཁག་པོ་ཡོད་པ་ངས་ཤེས་ཀྱི་ཡོད། ང་རང་ཆུང་དུས་ནས་ཕ་མའི་དཀའ་ངལ་དེ་དག་གི་གནས་ལས་གྲོལ་ཐབས་སུ་ག་འདྲ་བྱས་ན་དྲག་སྙམ་པའི་བསམ་བློ་ཐེངས་མང་འཁོར་མྱོང་ཡོད། ཕ་མའི་ང་ཚོ་བུ་ཕྲུག་གི་དོན་དུ་སྐུ་ངལ་དེ་འདྲའི་སྐྱོན་དུས་ང་ཁ་རོགས་བསྡད་ན་འགྲིགས་ས་མ་རེད། སློབ་ཡོན་ཕ་མའི་ལག་ནས་ཞུ་མི་དགོས་པ་བྱུང་ན་བསམ་ནས་ཟ་ཁང་གི་ལས་ཀ་བྱས་པ་ཡིན་ལ། དཀའ་ལས་ཁག་པོ་གང་ཡང་མི་འདུག དེ་བཞིན་ཟ་ཁང་བདག་པོས་ཀྱང་ང་སློབ་ཕྲུག་ཡིན་པ་ཤེས་རྗེས་ཡག་པོ་གནང་གི་འདུག་ཚུལ་སོགས་བཤད། ཕ་བློ་བཟང་ནི་སྐབས་ཅིག་རིང་དུ་ཅི་ལབ་མེད་པ་ཀྲོང་ངེར་དུ་ལྷག །ཕ་བློ་བཟང་གིས་བུའི་ངོ་གདོང་ལ་ཡག་པོ་ཞིག་བལྟས། དེ་ཡིན་ན་འགྲིགས་འདུག ད་ནི་བུ་ཁྱོད་ཀྱི་མ་ཤེས་པ་ཞིག་ཡོད་མ་རེད། གང་ལྟར་ས་ཕྱོགས་གང་དུ་ཕྱིན་པ་ཡིན་ན་གཙོ་བོ་མི་བུ་བཟང་པོ་བྱ་རྒྱུ་ནི་གལ་ཆེ་ཡིན་ཚུལ་སོགས་བཤད།
དེ་ནས་ཕ་བུ་གཉིས་ཁ་ལག་ཟས་ཚར་རྗེས་དྷ་སར་འགྲོ་མཁན་རླངས་འཁོར་གྱི་འཛིན་བྱང་ཉོས། འཛིན་བྱང་ཚོང་མཁན་ན་གཞོན་དེས་དགོང་མོ་ཆུ་ཚོད་ལྔ་དང་ཕྱེད་ཙམ་དུ་ཐོན་རྒྱུ་རེད་ཟེར། བློ་བཟང་ཟ་ཁང་ནས་ལྟོ་ཕད་བླངས་ཏེ་འཁྱེར་ནས་བསམ་ཡས་གླིང་གི་ལམ་ཟུར་དེར་རླངས་འཁོར་སྒུག་ནས་བསྡད། སྐབས་དེར་མཉམ་དུ་བུ་བཟང་པོ་ཡང་ཕ་བསྐྱལ་དུ་ཡོང་ཡོད་ཅིང། རིམ་གྱིས་དྷ་སར་འགྲོ་མཁན་རླངས་འཁོར་སླེབས། བློ་བཟང་གི་ལྟོ་ཕད་རྒྱབ་ཏུ་འཁྱེར་ནས་རླངས་འཁོར་དུ་བསྡད། རིམ་གྱིས་རླངས་འཁོར་མིའི་གང་རྗེས་རླངས་འཁོར་འགྲོ་བརྡ་སྤྲད་དེ་དལ་གྱིས་ཕྱིན། སྐབས་དེ་ནམ་དུས་དཔྱིད་ཀ་ཡིན་པས། ཚ་བ་དེ་ཙམ་ཆེན་པོ་མེད་པའི་ཚ་དྲོད་མཉམ་པའི་ནམ་དུས་ཤིག་ཡིན། ཞོགས་པ་སྔ་པོ་དྷ་སའི་རླངས་འཁོར་འབབ་ཚུགས་སུ་སླེབས། དེར་མགྲོན་ཁང་ཞིག་གླས་ནས་ངོ་གདོང་གཙང་མ་བཀྲུས། གཞུང་ལམ་གཡས་གཡོན་ནས་ཞོགས་པ་སྔ་པོ་བགྲེས་གཞོན་འགའ་ཤས་ལག་ཏུ་ཕྲེང་བ་འཛིན་ནས་གླིང་སྐོར་ལ་སྐྱོད་བཞིན་གདའ། མེག་གྷན་ནི་རི་ངོས་ཤིག་ཏུ་ཆགས་ཡོད་ཅིང་། རྒྱ་ཆེན་པོ་དེ་འདྲའི་ཁྲོམ་གཞུང་མེད་ནའང་གནས་དེར་མི་རིགས་སྣ་ཚོགས་ཤིག་ཡུལ་སྐོར་དུ་ཡོང་མཁན་མང་། རིམ་གྱིས་ཉི་འོད་ཤར་བ་དང་དུས་མཚུངས་བློ་བཟང་ཟ་ཁང་ཞིག་ཏུ་ཞོགས་ཟས་ལ་རོལ། དེ་དག་ཚར་རྗེས་གླ་འཁོར་ཞིག་གླས་ནས་གངས་ཅན་སྐྱིད་གཤོངས་བོད་མིའི་སྒྲིག་འཛུགས་ལྟེ་གནས་སུ་ཡོང་ཞིང་། ཤར་རྒྱགས་གངས་སྐྱིད་སྒོ་ཆེན་མདུན་ནས་ཡར་འཛུལ་ཞིང་། བོད་ཀྱི་ཤེས་རིག་་ལས་ཁུངས་སུ་བཅར། ཤེས་རིག་ལས་ཁུངས་ཀྱི་སྣེ་ལེན་པ་ལ་ང་ནི་ཐག་རིང་ཡོང་བ་ཡིན་པས་ཤེས་རིག་བཀའ་བློན་མདུན་དུ་བཅར་དགོས་ཚུལ་ཞུས་པ་དང་། དེ་ཉིན་བཀའ་བློན་བཞུགས་ཡོད་པ་དང་དུས་སྐབས་ཡག་པོ་འཁེལ་ཞིང་། ལམ་སེང་བཅར་ནས་རང་ཉིད་ཀྱི་བུ་མོ་སློབ་གྲྭ་འདི་ཕྱོགས་སུ་བཏང་འདོད་ཆེ་ཚུལ་སོགས་དཀའ་ངལ་ཆ་ཚང་ཞུས་པ་དང་། བོད་ཀྱི་ཤེས་རིག་བཀའ་བློན་མཆོག་ནས་ལམ་སེང་ངས་ཐག་གཅོད་མི་ཐུབ་རུང་། འབྲེལ་ཡོད་ཚང་མར་གྲོས་བསྡུར་ཐོག་ནས་ཐག་གཅོད་ཇི་བྱུང་རྗེས་སུ་ལན་འབུལ་ཆོག་ཚུལ་གསུང་དོན་ལྟར་འབྲེལ་བ་བྱེད་སའི་ཁ་བྱང་དང་སྙན་ཞུ་བཅས་བཞག་ནས་ཡོང་། ནང་སྲིད་ལས་ཁུངས་སུ་དོན་དག་ཆུང་ཙག་ཡོད་པས། ནང་སྲིད་ལས་ཁུངས་ཀྱི་སྣེ་ལེན་པ་ལ་ང་ནི་རྒྱ་གར་ལྷ་ཕྱོགས་ནས་ཡོང་བ་ཡིན་པ་སོགས་ཞུས་ཏེ་དྲུང་ཆེ་མདུན་དུ་བཅར་ཏེ་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་སུ་གླང་ཆེན་གྱི་ཞིང་ཁ་གནོད་འཚེ་ཡང་ཡང་ཡོང་གི་འདུག་ན། དེ་དག་དཀའ་ངལ་སེལ་ཐབས་སུ་དགོངས་བཞེས་གནང་རོགས་སོགས་ཞུ་པ་དང་། དྲུང་ཆེ་མཆོག་ནས་ས་གནས་ས་ཐོག་ཏུ་་རང་གཞུང་གི་འབྲེལ་ཡོད་ཡོད་ན། ཁོང་རྣམ་པ་དང་འབྲེལ་བ་གནང་ནས་དཀའ་ངལ་སེལ་ཐབས་བྱ་དགོས་གསུང་པས། ས་གནས་གཞིས་མགོ་ལ་ཞུ་ན་གོང་རིམ་གྱིས་བཀའ་མེད་ན་གང་ཡང་བྱ་རྒྱུ་ཡོད་མ་རེད་གསུང་ཚུལ་བརྗོད་རུང་དོན་འབྲས་ཆེར་མ་སྨིན། དེ་ཉིན་ལས་དོན་ཚང་མ་ཚར་རྗེས་གནས་ཆུང་དགོན་པར་མཆོད་མཇལ་དང་། དེ་རྗེས་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱིན་ནས་དེབ་ཁ་ཤས་ཤིག་བླུ་ཡོན་ཞུས་པ་དང་། དཔེ་མཛོད་ལ་སྐོར་ས་འགྲོ་མཁན་བགྲེས་སོང་ཞིག་དང་འཕྲད་པ་དང་། ཁོང་གིས་ཁྱོད་ག་ནས་ཡོང་བ་ཡིན་ནམ་ཟེར། བློ་བཟང་གིས་ང་ནི་ལས་དོན་ཞིག་གི་ཆེད་དུ་ལྷ་ཕྱོགས་གཞིས་ཆགས་ནས་ཡོང་བ་ཡིན་ཚུལ་སོགས་བཤད། བགྲེས་སོང་ཁོང་གིས་ངེད་གཉིས་ཇ་གང་རེ་འཐུང་དུ་འགྲོ་ཟེར། བློ་བཟང་གིས་མིན་ག་ཚད་ལབ་རུང་བགྲེས་སོང་ཁོང་གིས་ཨུ་ཚུགས་ཀྱིས་ཇ་ཁང་དུ་ཁྲིད་ནས་ཕྱིན། ཁོང་གཉིས་མངར་ཇ་གང་རེ་མངགས་འཐུང་བཞིན་བསྡད་ཅིང་། ཁོང་གཉིས་སྤྱིར་བཏང་གི་སྐད་འདྲ་བཤད་ནས་བསྡད། བློ་བཟང་གིས་དེང་སྐབས་ལས་ཁུངས་ཁག་ཡར་རྒྱས་ཞེ་དྲག་ཕྱིན་འདུག་ཅིང་། ལོ་མང་པོ་སྔོན་ལ་ང་འདི་ཕྱོགས་སུ་ལས་དོན་ཞིག་གི་ཆེད་དུ་ཐེངས་གཅིག་ཡོང་མྱོང་ཡོད་ཅིང་། དེ་དུས་ཁང་པ་དེ་འདྲའི་མང་པོ་མི་འདུག །ཡིན་ནའང་། ང་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཡག་པོ་ཞིག་ཤེས་ཀྱི་མེད། སྐབས་རེ་ཕྱི་མི་དེ་འདྲའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སྐོར་ལ་དྲིས་ཡོང་དུས་ལན་འདེབས་མི་ཕོགས་པས་ངོ་ཚ་དགོས་པ་དེ་འདྲ་ཡོང་གི་འདུག་ཚུལ་ཞེས་བརྗོད་པ་དང་། བགྲེས་སོང་དེས་ངོ་གདོང་ལག་པས་འཕུར་ཙམ་ཞིག་གནང་ནས་ཕན་ཐོགས་ན་ངས་རུབ་ཙམ་བཤད་དགོས་ཟེར།
དེ་ཡང་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་བཙན་འཕྲོག་བྱས་རྗེས། རྒྱལ་བ་རིན་པ་ཆེ་གཙོས་སྐུ་འཁོར་ཧྲག་དུས་ཤིག་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ལ་ལུང་མོ་བརྒལ་ཏེ་བཙན་བྱོལ་དུ་ཕེབས་དགོས་བྱུང་། རྒྱལ་བ་རིན་པོ་ཆེ་ཐོག་མ་སུ་རི་ལ་བཞུགས་གནང་མཛད་ཅིང་། བོད་མིའི་རིག་ཤེས་དེ་གལ་ཆེན་པོ་ཡིན་པ་གཟིགས་ནས་བོད་མིའི་སློབ་གྲྭ་ཐོག་མ་མ་སུ་རི་ལ་བཙུགས་པ་དང་། རིམ་པའི་རྒྱ་གཞུང་གིས་ལམ་སྟོན་ལྟར་ཧི་མ་ཅལ་མངའ་སྡེ་དྷ་རམ་ལ་གནས་སྤོས་ཤིང་། དེར་གནས་གཞི་བཙུགས་ཏེ་བོད་མིའི་ལས་ཁུངས་མ་ལག་བཅས་པ་གསར་འཛུགས་མཛད་ཡོད། དེ་ཡང་མང་གཙོ་རྩ་བ་གསུམ་ནི། འཛིན་སྐྱོང་སྟངས་འཛིན་བྱེད་མཁན་བཀའ་ཤག་དང་། ཁྲིམས་ལུགས་ལག་བསྟར་གནང་མཁན་མཐོ་ཁྲིམས་ཞིབ་ཁང་དང་། ཁྲིམས་ལུགས་གཏན་འབེབས་གནང་མཁན་སྤྱི་འཐུན་ལྷན་ཚོགས་བཅས་ཡིན་པ་རེད། བློན་ཆེན་ལས་ཁུངས་བདུན་ཡོད་ཅིང་། དེ་ཡང་ཆོས་རིག་ལས་ཁུངས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། དེ་བཞིན་ཆོས་སྡེ་ཁག་ལ་ལྟ་རྟོག་གནང་མཁན་ཞིག་། ནང་སྲིད་ལས་ཁུངས་ནི་རྒྱ་བལ་འབྲུག་གསུམ་དུ་བོད་མི་རྣམས་བཙན་བྱོལ་དུ་གནས་འཁོད་རིང་འཁོད་གནས་ཐུབ་ཐབས་ལ་ལྟ་རྟོག་བྱ་མཁན་སོགས་ཡིན་པ་དང་། དཔལ་འབྱོར་ལས་ཁུངས་ནི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་དང་། སྒྲིག་འཛུགས་ཁག་གི་དངུལ་རྩིས་ཁྲིམས་ལུགས་བཞིན་འཆར་རྩིས་འབུལ་བ་སོགས་ཡིན་པ་རེད། ཤེས་རིག་ལས་ཁུངས་ནི་བཙན་བྱོལ་བོད་མིའི་སློབ་ཁག་གི་སློབ་དེབ་ཁག་དུས་ཐོག་གཏན་འདེབས་དང་། སློབ་འཇུག་བྱ་ཕྱོགས། ཤེས་ཡོན་ཐོག་ཏུ་ལྟ་རྟོག་གནང་མཁན་ལ་སོགས་ཡིན། བདེ་སྲིད་ལས་ཁུངས་ནི་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཕྱིའི་མཚོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་འགྱུར་འགྲོས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་། བོད་ནང་གི་འགྱུར་འགྲོས་གནས་སྟངས་ལ་རྟོག་ཞིབ་གནང་མཁན་སོགས་ཡིན། ཕྱི་དྲིལ་ལས་ཁུངས་ནི་བོད་དོན་གྱི་གནས་སྟངས་རྒྱལ་སྤྱི་ཐོག་ཏུ་དྲིལ་བསྒྲགས་འགན་གཙོ་བོ་ལ་སོགས་ཡིན་པ་རེད། འཕྲོད་བསྟེན་ལས་ཁུངས་ནི་བོད་མིའི་འཕྲོད་བསྟེན་གྱི་གནས་སྟངས་ལ་ལྟ་རྟོག་གནང་མཁན་སོགས་ཡིན་ཞིང་། དེ་དག་ལ་བློན་ཆེན་ལས་ཁུངས་བདུན་ཞེས་གོང་བརྫོད་ཡོད་པ་རེད།
ལྷག་དོན་སྐབས་དེ་དུས་བོད་མིའི་སློབ་གྲྭ་ཁེ་གཙང་ཟུར་འཛུགས་ཡོང་བའི་རྒྱ་གཞུང་ལ་རེ་འདུན་ཞུ་དོན་ལྟར་ལག་བསྟར་གནང་བ་དེ་ནི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མ་ཉམས་པར་ཆེས་རླབས་ཆེན་བྱུང་ཡོད་པ་རེད། དེ་ནས་རིམ་པའི་སློབ་གྲྭ་གཅིག་གསར་འཛུགས་མཛད་པ་དང་། བོད་མིའི་གནས་གཞི་གཞིས་ཆགས་ཁག་ཀྱང་གསར་འཛུགས་མཛད་ཡོད་པ་རེད། ཕྱི་ནང་གི་མི་རིགས་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་སྟངས་ལ་ཡིད་སྨོན་ཤོར་གྱི་ཡོད་ཚུལ་སོགས་འགྲེལ་བཤད་གནང་རྗེས་ད་གཟོད་གཞི་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་རུབ་ཙམ་ཞིག་ཤེས་པར་ཕན་ཐོགས་ཆེན་པོ་བྱུང་། བློ་བཟང་གིས་བགྲེས་སོང་ཁོང་ལ་བཀའ་དྲིན་ཆེ་ཞེས་ཞུས།
དེ་ནས་ཤར་རྒྱག་ཡོང་ནས་གཙུག་ལག་ཁང་དུ་མཆོད་མཇལ་དུ་ཕྱིན། བོད་མི་བགྲེས་སོང་འགའ་ཤས་འཁར་རྒྱུག་བཙུགས་བཞིན་དལ་གྱིས་གླིང་སྐོར་སྐྱོད་བཞིན་འདུག་ལ། ཡང་བགྲེས་སོང་འགའ་ཤས་གླིང་གི་ཞབས་སྟེགས་ཐོག་ཏུ་བསྡད་ནས་བོད་དོན་དང་འབྲེལ་བའི་སྐོར་ལ་ཕན་ཚུན་གླེང་སློང་ཡང་བྱེད། བགྲེས་སོང་འགའ་ཤས་ཀྱིས་ད་ནི་ང་ཚོ་སྐབས་སུ་བོད་ལ་ལོག་ཐུབ་པ་ཡོང་ས་མ་རེད་ཅེས་གསུངས་ཤིང་དབུགས་རིང་བཏང་སྟེ་ཡིད་ཐང་ཆད་པའི་རྣམ་འགྱུར་དེ་དག་མཐོང་དུས། ཆོས་སྐྱབས་ཀྱིས་སེམས་ནང་སྨྲ་མི་ཤེས་པའི་སེམས་སྡུག་དང་འབྲེལ་དལ་གྱིས་མེག་གྷ་མགྲོན་ཁང་དུ་ལོག་ནས་བསྡད། དྷ་སའི་ཕྱོགས་སུ་ཉིན་གཉིས་རིང་བསྡད་ཅིང་། དེ་སྔོན་དང་མི་འདྲ་བའི་དྷ་ས་གཡས་གཡོན་ཡར་རྒྱས་ཧ་ལས་པ་ཕྱིན་ལ། ཡུལ་སྐོར་བ་སྔོན་ལས་ལྡབ་འགྱུར་དུ་འཕར་ཡོད་པ་མངོན། ཡར་བསྐྱར་སྤྱི་སྤྱོད་རླངས་འཁོར་གྱི་འཛིན་བྱང་ཉོས་ནས་དགོང་མོ་རླངས་འཁོར་ནང་དུ་བསྡད་ནས་ལྡི་ལི་ལ་ཐོན་ནས་ཡོང་། ཞོགས་པ་སྔ་པོ་བསམ་ཡས་གླིང་དུ་འབྱོར་རྗེས་ལམ་ཟུར་ཇ་ཁང་ཞིག་སྒོ་ཕྱེས་ཡོད་པས་དེར་མངར་ཇ་གང་མངགས་ནས་འཐུང་། དེ་ཉིན་དགོང་མོ་མེ་འཁོར་ནང་ཐོན་རྒྱུ་ཡིན་ན། ཆ་ལག་བསམ་ཡས་གླིང་གི་ཟ་ཁང་ཞིག་ཏུ་བཅོལ། བསམ་ཡས་གླིང་གི་ལམ་ཁའི་གཡས་གཡོན་ལ་བོད་རིགས་ན་གཞོན་འགས་ཤས་ལུས་ལ་གྱོན་ཆས་རྙིང་རལ་དེ་འདྲའི་གྱོན་ནས་སློང་མོ་རྒྱབ་ཀྱི་ཡོད་པ་མཐོང་བ་དང་། ཡང་འགའ་ཤས་ཆང་རག་གིས་བཟི་ནས་ལམ་ཁར་འགྱེལ་ཡོད་པ་མཐོང་། དེ་དག་མཐོང་དུས་ཆོས་སྐྱབས་སེམས་ནང་དུ་ཧ་ཁ་བསམ་ཞིང་། ང་ཚོ་མི་རིགས་ཀྱི་མ་འོངས་པའི་གསོན་རྩ་ན་གཞོན་ཡིན་ན་ལོ་ཆུང་ཚོས་འདི་འདྲའི་མི་འཕྲོག་ལྷག་གཏོང་བ་ན་དཔེ་ཕམ་པོ་རེད་བསམ་ནས་བསམ་གཞིག་གི་གནས་སུ་ལྷུང་། བུ་བཟང་པོ་ཉིན་རྒྱབ་ཟ་ཁང་དུ་ལས་ཀར་ཡོང་གི་ཡོད་ན་སྒུག་ནས་བསྡད། བུ་བཟང་པོ་སླེབས་པ་དང་ཕ་བློ་བཟང་གིས་ང་དེ་རིང་ཕྱིར་གཞིས་ཆགས་སུ་འགྲོ་རྒྱུ་ཡིན་ཟེར་ནས་དངུལ་ཁུག་ཁ་ཕྱེས་ནས་སྒོར་མོ་སྤྲོད་རྩིས་སྐབས་སུ་བུས་པ་ལགས་ང་ལ་དངུལ་ཁྱོན་ནས་མི་དགོས། ངས་ནང་མི་ལ་བོད་ཆས་འོག་འཇུག་རེ་ཉོས་ཡོད་ཟེར་ནས་ཕ་ཆོས་སྐྱབས་ལ་བསྐུར། དེ་འདྲ་དགོས་མ་རེད། ཕ་ཆོས་སྐྱབས་ཀྱིས་དངུལ་ངེས་པར་དུ་ཉར་དགོས་ཡོད་བརྗོད་ཀྱང་བུས་པ་ལགས་ཨུ་ཚུགས་མ་སྐྱོན་དང་། གལ་སྲིད་ང་ལ་དངུལ་དགོས་ན་ལེན་རྐྱང་བྱེད་ཀྱི་རེད། ཡིན་ནའང་ང་ལ་དངུལ་ཁྱོན་ནས་དགོས་ཀྱི་མི་འདུག་ཅེས་བརྗོད་ནས་དངུལ་ལེན་རོགས་མ་བྱས།
དེ་ནས་དགོང་མོ་ཤར་རྗེས་ཆོས་སྐྱབས་ཀྱི་འཁོར་ལོ་གསུམ་ཅན་ཞིག་གླས་ཏེ་མེ་འཁོར་འབབ་ཚུགས་སུ་ཕྱིན། བུ་བཟང་པོ་འགྲོ་གྲབས་སྐབས་སུ་ཕ་ཆོས་སྐྱབས་ཀྱི་ཡོང་དགོས་མ་རེད། དཀའ་ལས་ཁག་རོགས་རེད་ཟེར། བཟང་པོས་གང་ཡང་ཡོད་མ་རེད་ཅེས་བརྗོད་ནས་ཕ་བསྐྱལ་དུ་ཕྱིན། ལྡི་ལི་ནི་རྒྱ་གར་གྱི་རྒྱལ་ས་ཆེ་གྲས་ཡིན་པ་སོང་མི་ཚོགས་མང་ཞིང་ཧ་ཅང་འཕྲུག་ཆ་འདོད། འཕྲུལ་འཁོར་མང་ཞིང་འབྲོག་པའི་ཞོགས་དུས་དུད་འགྲོ་ལྷས་ར་ནས་གློད་པ་ནང་བཞིན་རླངས་འཁོར་སོགས་ཡར་མར་རྒྱུ་བཞིན་མཆིས། སྐབས་རེ་རླངས་འཁོར་འགྲོ་རྒྱུག་ལ་བལྟ་དུས་འཁོར་ཡུ་འཁོར་ནས་འགྱེལ་རབ་བྱེད་ཀྱི་ཡོད། དེ་བཞིན་འདུ་འཛི་ཆེ་ཞིང་འཕྲུལ་འཁོར་གྱི་དུ་རླང་དང་ཐལ་བ་སོགས་དེ་ལས་མང་བས་ཁོར་ཡུག་དེ་ཙམ་གཙང་མ་མེད་སྣང་ཤར། རིམ་གྱིས་མེ་འཁོར་སླེབས་རྗེས་དལ་གྱིས་ཆོས་སྐྱབས་མེ་འཁོར་ནང་དུ་བསྡད། བཟང་པོས་པ་ལགས་ང་ལ་སེམས་ཁྲལ་གཏན་ནས་མི་དགོས། དེ་ལས་ཕ་མ་གཉིས་ཀྱི་གཟུགས་པོའི་འཕྲོད་བསྟེན་ཐོག་ཏུ་དོ་སྣང་མང་ཙམ་གནང་རོགས་བརྗོད་དེ་ཕ་བུ་ཁ་བྲལ།
བཟང་པོ་ནི་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་སྟོན་ནས་སློབ་སྦྱོང་ལ་འབད་བརྩོན་གནང་གི་ཡོད། དེ་བཞིན་ལྡི་ལི་ཕྱོགས་སུ་བོད་དོན་དང་འབྲེལ་བའི་ཚོགས་སྒེར་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ན་ཆད་མེད་མཉམ་ཞུགས་གནང་བ་དང་། བོད་མི་རིགས་བདེན་མཐའ་མ་གསལ་བར་དུ་བོད་དོན་ལས་འགུལ་སྤེལ་རྒྱུ་ནི་བོད་རིགས་ཡོད་དོ་ཅོག་གི་ལས་འགན་རེད་ཅེས་བསམ་གྱི་ཡོད་ལ་བརྗོད་ཡོད། ན་གཞོན་དགོང་ཚོགས་དེ་འདྲའི་རིགས་ལ་གཏན་ནས་འགྲོ་གི་མེད། དེ་ནས་ཕ་ཆོས་སྐྱབས་འབིང་ལོར་མེ་འཁོར་འབབ་ཚུགས་སུ་འབྱོར་རྗེས་རླངས་འཁོར་ཞིག་གླས་ནས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་ཕྱིན་ནས་ཤར་རྒྱག་མོན་གཞིས་ཆགས་ཀྱི་ཕྱོགས་སུ་ཡོང་། རླངས་འཁོར་སྒེའུ་ཁུང་ནས་ཡུལ་ལྗོངས་ཀྱི་རྣམ་པ་དེ་དག་མཐོང་དུས་སེམས་ནང་དུ་བདེ་སྣང་རེ་ཡང་སྐབས་རེ་སྦྱིན་ཡོང་གི་ཡོད། དགོང་མོ་ས་མ་རུབ་ཙམ་དུ་གཞིས་ཆགས་སུ་བདེ་བར་འབྱོར། བཟའ་ཟླ་མཚོ་མོས་ལམ་སེང་ཐབ་ཏུ་མེ་ཁ་ཕྱེས་ཏེ་ཇ་བསྐོལ། དེ་ནས་བཟང་མི་གཉིས་སྤྱིར་བཏང་གི་སྐད་འདྲ་ཞིག་བཤད་ནས་བསྡད། མཚོ་མོས་བུ་བཟང་པོ་ཅི་ཞིག་བྱེད་བཞིན་འདུག་ཟེར། ཕ་ཆོས་སྐྱབས་ཀྱིས་བུ་བཟང་པོ་ནི་བདེ་པོ་རེད་འདུག་ཅིང་། སློབ་སྦྱོང་གི་ཞོར་ལ་ལས་ཀ་ཡང་བྱེད་བཞིན་འདུག །ཞོར་གླས་ཀྱི་གླ་ཆ་གང་ཞིག་བྱུང་བ་བསགས་ནས་སློབ་ཡོན་སྤྲད་པ་མ་ཟད། ང་ཚོ་ནང་མི་གསུམ་ལ་གྱོན་ཆས་འདི་དག་ཉོས་ནས་བསྐུར་བྱུང་ཚུལ་བརྗོད་པས། མ་མཚོ་མོའི་གཏམ་དེ་དག་གོ་རྗེས་བུས་བསྐུར་ཡོང་བའི་འོག་འཇུག་ལ་ཐོད་པ་གཏུག་ནས་མིག་ཆུ་རང་དབང་མེད་པར་ཤོར།
ཆོས་མཚོས་ཅོ་ཅོ་གང་ཞིག་བྱེད་བཞིན་འདུག ནང་ལ་ག་དུས་ཡོང་གི་རེད་ཟེར། སློབ་གྲྭ་ཐོན་རྗེས་ཁྱོད་རང་གི་ཅོ་ཅོ་ཡོང་གི་ཡིན་ཚུལ་ལབ་ཀྱི་འདུག །ད་ལྟ་སློབ་སྦྱོང་བྱེད་བཞིན་འདུག་ཚུལ་དང་། དེ་བཞིན་ཅོ་ཅོས་འོག་འཇུག་འདི་དང་བྲིས་དེབ་དང་། དེབ། སྨྱུ་གུ། དེབ་ཁུག་འདི་དག་བསྐུར་བྱུང་ཚུལ་བརྗོད་དེ་ཆོས་མཚོ་ལ་སྤྲད་པས། ཆོས་མཚོ་ཡ་ཁའི་མ་ཁ་མི་སུམ་པ་དགའ་ནས་ས་མཆོང་གནམ་མཆོང་བྱེད། སང་ཉིན་ཞོགས་པ་སྔ་པོ་ཆོས་མཚོ་ལངས་ནས་ང་སློབ་གྲྭར་འགྲོ་རྒྱུ་ཡིན་ཟེར། མ་ཆོས་མཚོས་དེ་འདྲའི་ཞོགས་པ་སྔ་པོ་གང་དུ་འགྲོ་དགོས་རེད། ད་ལྟ་སློབ་ཁང་ཡང་སྒོ་ཕྱེ་ཡོད་ཀྱི་མ་རེད་ཟེར།
ཆོས་སྐྱབས་ཉལ་ས་དལ་གྱིས་ལངས་ཏེ་ཕྱི་རོལ་གྱི་ཡུལ་ལྗོངས་ལ་རྒྱང་ལྟ་བྱེད་བཞིན་པའི་སྐབས། ལྗོན་ཤིང་རྩེ་མོ་ནས་གཉིས་སྐྱེས་ཚོགས་ཀྱིས་སྐད་སྙན་སྣ་ཚོགས་ཤིག་སྒྲོག་ཅིང་ལྡིང་སྐོར་བྱེད་བཞིན་མཆིས་ལ། གྲོང་པོ་ཚོ་ཡང་ལངས་ཏེ་ངོ་གདོང་གཙང་མ་བཀྲུ་བ་དང་། བུ་ཕྲུག་སློབ་གྲྭར་གཏོང་རྩིས་བྱེད་བཞིན་འདུག །ཆོས་སྐྱབས་ཁ་སྐོར་ནས་ནང་དུ་ཡོང་སྟེ་བ་ཕྱུག་ཁྲིད་ནས་ཞིང་སྟོང་དུ་རྟོད། ནང་དུ་ཡོང་ནས་ནང་མི་གསུམ་ཞོགས་ཟས་ལ་རོལ། ཞོགས་ཟས་ཚར་རྗེས་ཆོས་མཚོས་དེབ་ཁུག་རྒྱབ་ཏུ་འཁྱེར་ནས་སློབ་གྲྭར་ཕྱིན། ཕ་ཆོས་སྐྱབས་ཀྱིས་ང་སློབ་གྲྭཪ་བུ་མོ་བསྐྱལ་ཁར་ཡོང་དགོས་ཟེར་ནས་ཐོན་ཆས་བྱས་རུང་བུ་མོས་དེ་རིང་ཡོང་མི་དགོས་ང་རང་གཅིག་པུ་འགྲོ་རྒྱུ་ཡིན་ཟེར། གྲོང་མི་འགའ་ཤས་ཀྱིས་ཞིང་ཁར་ཆུ་ཁྲིད་པ་དང་། འགའ་ཤས་ཀྱིས་ཞིང་ཁའི་ནང་དུ་ལྡུམ་བུའམ་རྩ་ཉོག་རྣམས་བཀོག་པ་སོགས་བྱེད་བཞིན་མཆིས། དེ་འདྲའི་ལོ་ཟླ་རིམ་གྱིས་རྫོགས། ཆོས་སྐྱབས་ཀྱི་མགོ་ལ་ཉིན་རེ་བཞིན་སྐྲ་དཀར་ཇི་མང་དང་། ངོ་གདོང་ལ་གཉེར་མ་ཉིན་རེ་བཞན་ཇི་མང་རེད། ད་དུང་ཕ་ཡུལ་ཕྱོགས་ལ་སླེབས་པའི་ཞོགས་ལྟར་སྨོམ་ལམ་འདེབས་ཀྱི་ཡོད་ལ། སླེབས་པའི་རེ་བ་དང་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད་པ་རེད་དོ།། །།
སྨྲས་པ།
བདག་གི་བརྩམས་སྒྲུང་འདི་ཉིད།།
དུས་ཚོད་ཁོམ་པ་ཡོད་ཚེ།།
ཐེངས་གཅིག་ཀློག་པ་གནང་དང་།།
ཕན་ལས་གནོད་པ་མེད་དོ།།
བོད་ཀྱི་མ་འོངས་གསོན་རྩ།།
རང་རེའི་ན་གཞོན་རྣམ་པ།།
གོ་སྐབས་ཡོད་དུས་སྐབས་སུ།།
དུས་ཚོད་ཆུད་ག་ཟོན་མ་གཏོང་།།
རང་ལ་དགོས་པ་དག་ནི།།
ཤེས་ཡོན་ཁོ་ནར་ཡིན་ཞིང་།།
ཤེས་རིག་ནོར་བུའི་གླིང་དུ།།
འབད་བརྩོན་གནང་ན་ལེགས་སོ།།
སྤྱི་ལོ་ ༡༩༤༩ ནས་ད་ལྟ་བར་བོད་མི་རིགས་ལ་ལྡོག་ཏུ་མེད་པའི་དཀའ་ངལ་འཕྲད་པའི་དངོས་བྱུང་ལོ་རྒྱུས་གསལ་སྟོན་གནང་འདུག་པ་འདིའི་མི་རབས་རྗེས་མ་ཚོ་བསམ་བློ་གཏོང་ཕྱོགས་དང་ལས་འགུལ་སྤེལ་རྒྱུ་སོགས་རང་ཡུལ་རང་བདག་དང་ཕ་ས་བུ་ཐོབ་ཐུབ་པར་སྔོན་འགྱེལ་རྗེས་ལངས་བྱས་ནས་འགྲོ་དགོས་པ་དེ་མི་རིགས་ཞིག་གསོན་གནས་ཐུབ་པའི་འགག་རྩ་་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།