དུར་བྱང་།
འོས་བསྡུའི་སྐབས་སུ། “མི་དམངས་ཀྱིས་རང་ཉིད་ཡིད་ཆེས་སའི་མི་སྣ་གང་དཔོན་པོར་བདམས་ནས་ཁྲི་སྟེགས་སུ་བསྐོ་བཞག་བྱ་རྒྱུ་དེ་རེད། དམངས་གཙོའི་ཆབ་སྲིད་འོག་ཏུ། དཔོན་ཐོབ་གསར་འཇོག་དང་བརྗེ་སྤོར་ཡོད་ཚད་རང་དབང་ལྡན་ལ་དྲང་སྙོམ་ཡིན་པའི་འདེམ་བསྐོ་བརྒྱུད་དེ་ཞི་བདེའི་སྒོ་ནས་ལག་ཏུ་བསྟར་བ་ཡིན། བརྒྱུད་རིམ་འདིའི་སྐབས་སུ་དྲག་རྩུབ་ཀྱི་སྦྱོར་བ་ལྷུར་ལེན་པའམ། ཕན་ཚུན་ལ་དྲག་པོས་འཇིགས་སྐུལ་དང་། གཡོ་སྒྱུ་ཁྲམ་གསུམ་བྱེད་པ་བཅས་ནི་དམངས་གཙོའི་སྲིད་ལུགས་ལ་གཏན་ནས་མི་ཆོག” འདི་ནི་ཡོངས་ཁྱབ་རིན་ཐང་ལྡན་པའི་སྲིད་ལུགས་ཡིན་པར་ཆབ་སྲིད་སྨྲ་བ་ཕལ་གྱིས་ཁས་འཆེ་བ་ཡིན།
འོན་ཏེ། འོས་མི་སོ་སོ་འགྲན་རྩོད་ཀྱི་རྣམ་པར་གནས་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པ་རེད། ཕྱོགས་འགལ་ཚོགས་པ་བཙུགས་ཏེ་སྐྱོན་བརྗོད་བྱ་ཆོག་ལ། གནད་དོན་གང་ཞིག་ཐེར་འདོན་བྱ་རྒྱུའི་ཐོབ་ཐང་ཡོད་ཚད་སྤྱི་དམངས་ལ་ཡོད་པ་རེད། འོས་བསྡུའི་རྒྱལ་ཁ་གསལ་བསྒྲགས་ཕྱིན་པའི་རྗེས་སུ། ད་གཟོད་སྲིད་སྐྱོང་གང་དེར་བརྩི་བཀུར་བྱ་བ་ལས་ཕྱོགས་ཞེན་ཉི་ཚེ་བ་ཞིག་ལ་བརྟེན་ནས་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་ཞིང་རབ་ཏུ་འཕྱུར་བ་ནི་གླེན་པ་ཁ་ནག་ཅིག་ཡིན་པར་ར་འཕྲོད་པ་ཡིན།
ཅུང་ཙམ་འཕྲོས་ན། འོ་ཅག་གི་ལོ་རྒྱུས་ནང་དུ། བོད་ཀྱི་ས་ཆ་ག་གེ་མོ་ཞིག་ན་དགེ་ལུགས་པའི་དགོན་པ་ཞིག་ཡོད། དགོན་པ་དེ་ནི་བོད་ཁམས་ཡོངས་ལ་ཧ་ཅང་གྲགས་ཆེ་བའི་དགོན་པ་ཞིག་རེད། དེར་བཞུགས་པའི་དགེ་འདུན་པ་ཚོར་སློབ་སྦྱོང་གཏན་ནས་མེད་ཅེས་གྲགས་པ་དང་། གྲུབ་མཐའི་ཕྱོགས་ཞེན་ཁོ་ཚོ་ལས་ཐུ་བ་གང་ནའང་མེད་ཅེས་གྲགས་སོ།། དགེ་ལུགས་པ་ཟེར་བའི་མིང་སྐམ་དེའི་སླད་དུ་གཅེས་པའི་ཚེ་སྲོག་ཀྱང་འདོར་བར་ཐེ་མི་ཚོམ་པ་ཞེ་གཅིག་ཡིན་པར་གསལ།
དེ་ལྟའང་། ང་ཅག་གིས་འོས་བསྡུ་ཆེན་མོ་མཇུག་བསྒྲིལ་བའི་རྗེས་སུ། རྒྱལ་ཁ་ཐོབ་པའི་སྲིད་སྐྱོང་གང་དེར་བརྩི་བཀུར་བྱ་བ་ནི་དམངས་གཙོའི་སྤྱི་ལུགས་དང་མཐུན་ལ་མི་གཞིའི་ཀུན་སྤྱོད་དང་ཤིན་ཏུ་མཐུན། འོན་ཏེ་རྒྱལ་ཁ་ཐོབ་པའི་སྲིད་སྐྱོང་གང་དེས་ལས་དོན་སྒྲུབ་ཕྱོགས་ཐད་ནས་དུས་བཅད་མེད་པར་དཔྱད་ཞིབ་དང་ལྐོག་ལྟ་བྱས་ཏེ་སྐྱོན་བརྗོད་དང་གཟེངས་བསྟོད་བྱ་རྒྱུ་ནི། ལས་དོན་གང་ཞིག་འཐུས་སྒོ་ཚང་ཞིང་དགྲ་བོའི་སེམས་འཚབ་སྐྱེ་གཞི་ཞིག་ཏུ་ཅི་བས་ཀྱང་འགྱུར་ངེས་ན། ང་ཚོས་རྩ་བ་དོར་ནས་ཡལ་གར་མི་འཇུ་བའི་ཡིད་ཆེས་བྱེད་བཞིན་ཡོད།
ཕྱི་ལོ་ ༢༠༡༦ ༣ ༢༠ ཉིན་མོར་ཧ་ཅང་འཁྲུག་ཆ་དོད་པའི་བཙན་བྱོལ་བའི་འོས་བསྡུ་ཆེན་མོ་མཇུག་རྫོགས་པ་རེད། སྐབས་དེར་ཕྱོགས་འགལ་ཚོགས་པ་དང་ཆོལ་ཁའི་འཐེན་ཁྱེར་དེའང་རང་བཞིན་གྱིས་ཞི་འགྲོ་བའི་ཡིད་ཆེས་བྱེད་བཞིན་ཡོད། མ་གཞི་འོས་བསྡུའི་སྐབས་སུ་ཆོལ་ཁའི་འཐེན་ཁྱེར་ཟ་དང་ཟུར་ནས་ཅུང་ཙམ་མངོན་པ་ནི་ཧ་ལས་དགོས་པའི་གནད་དོན་ཞིག་ཡེ་ནས་མིན། ཧ་ཅང་ཐལ་དྲག་ན་དགེ་ལས་གནོད་ཆེ་བ་ནི་བླུན་པོ་རེ་འགའ་མ་གཏོགས་ཕལ་མོ་ཆེས་མཁྱེན་གསལ་རེད།
དགའ་འོས་པ་ཞིག་ལ། ད་རེས་འོས་བསྡུའི་སྐབས་སུ་གང་ཞིག་ལ་ཕྱོགས་ཞེན་བྱས་མིན་ལ་མ་ལྟོས་པར་འགྲན་རྩོད་ཁྲོད་དུ་ཞུགས་པའི་སྲིད་སྐྱོང་འོས་མི་གཉིས་ཀར་ཕྱོགས་ཡོངས་ནས་སྐྱོན་བརྗོད་དང་ཐེར་འདོན་བྱས་ཡོད་ལ། ཚ་ཚ་འུར་འུར་གྱིས་དྲི་གཞི་སྣ་ཚོགས་བཏོན་གནང་བ་རེད། འདི་ནི་སྤྱི་དམངས་ཀྱི་ངོས་ནས་དམངས་གཙོའི་ཁེ་དབང་ལེན་སྟངས་ཤིག་ཡིན་ཙ་ན། འདི་ལས་གལ་ཆེ་བ་ཞིག་གང་ན་ཡོད་དེ་གཏན་ནས་མེད།
༧སྤྱི་ནོར་གོང་ས་མཆོག་གིས་གསོལ་རུས་གནང་བའི་དམངས་གཙོའི་སྲིད་ལུགས་འདིའི་རྩ་བ་བརྟན་ལ་ཡལ་ག་སྨིན་པའི་རྟགས་དང་མཚན་མ་ཞིག་ཏུ་འཁུམས་ན། འདི་ལས་གལ་ཆེ་བ་ཞིག་གང་ན་ཡོད་དེ་གཏན་ནས་མེད།
མཇུག་ཏུ། ང་ཚོར་གང་ཞིག་གིས་བཅུམས་ཤིང་འཆུམས་ཏེ་ཡོད་པའི་གནས་སྟངས་འདི་ཤིན་ཏུ་ནས་དྲན་འོས་པ་ཞིག་སྟེ། གཟབ་ནན་ངང་ཁ་དང་ལག་པ་འགུལ་དགོས་པ་ལས། གོ་སྐབས་གཞན་གྱིས་བླངས་ཏེ་སྡུག་གྱོང་རང་གིས་མྱང་བའི་དུས་ལ་བསླེབ་སྲིད་ན། དེ་དུས་འཁང་ར་དང་ལེ་བདའ་ཟེར་བ་ནི་འཆི་ཁའི་ཁ་ཆེམས་ལྟ་བུ་ཞིག་ཏུ་འགྱུར་སྲིད།
དེ་ལྟ་ན། རང་ཉིད་ཚུད་པའི་གང་ལའང་ཤེས་རྟོགས་ཅི་ཡང་མེད་པ་ཤེས་བཞིན་དུ། དབུགས་ཚ་བོ་དང་འགྲོགས་ནས་མིད་པ་ལྷུག་ལྷུག་འགུལ་དག་ལ་ནང་གྲོས་ཤིག་བཏབ་པ་ལས་ཅི་ཡང་མིན།
ཐ་ན། ཆབ་སྲིད་ཅེས་པའི་ཡིག་འབྲུ་འདི་ལའང་གོ་བ་ཆགས་མེད་པའི་ང་དང་ང་ལྟ་བུས་ཆབ་སྲིད་བཤད་པ་ནི་མུན་ནག་ལ་མདའ་འཕངས་པའི་དཔེ་དང་ཤིན་ཏུ་ཆ་འདྲ་ན། སྐད་ཆ་ཆེན་པོ་ཆེན་པོ་དེ་དག་གི་ནང་དུ་འཚང་ཁ་མ་བརྒྱབ་ན་ག་འདྲ་འདུག འགན་དང་འཁྲི་མེད་པའི་ལས་དོན་འར་བོ་དེ་དག་རེ་ཞིག་སྤང་བཞག་ན་ག་འདྲ་འདུག
༢༠༡༦ ༣ ༡༤ ཉིན་བྲིས།
རྩོམ་འདི་འདྲ་བྲིས་པ་དང་འབྲི་བཞིན་བྲི་ངེས་རྣམ་པར་བཀའ་དྲིན་ཆེ་ཞུ་འདོད་དེ། དོན་ངོ་མ་ཁྱེད་ཚོའི་སེམས་སུ་(བོད)་ཀྱི་རང་ལྡོག་བབས་ནས། སྐབས་དོན་གལ་ཆེ་ཞིག་ལ་འགན་ལེན་བྱེད་ཀྱིན་པ་ན། དེས་ན་བཀའ་དྲིན་ཆེ།