བེ་རི་རིག་པའི་རྡོ་རྗེ།
འགྲོ་བ་མིའི་ཐོབ་ཐང་ཟེར་བ་ནི། ཁྲིམས་ཀྱིས་བསྐུར་བའི་གནས་སྟངས་ཙམ་མ་ཡིན་པར་འགྲོ་བ་མིར་ལྷན་སྐྱེས་སུ་ཡོད་པའི་ཐུན་མོང་གི་གཞི་རྩའི་ཐོབ་ཐང་ཞིག་ཡིན། དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། དམངས་གཙོའི་རྒྱལ་ཁབ་ཁག་གིས་རྩ་ཁྲིམས་ཡང་འདི་ཉིད་གཞི་རྩར་བཞག་ནས་གཏན་ལ་ཕབ་ཏེ། ཁྲིམས་ཐོག་ནས་འགྲོ་བ་མི་ཡོངས་ལ་ཐོབ་ཐང་འདྲ་མཉམ་སྤྲད་ནས་ཁྲིམས་ཀྱི་མདུན་སར་འདྲ་མཚུངས་བྱས་ཡོད།
དེ་ལྟ་ན་ཡང་ཡིད་སྐྱོ་བ་ཞིག་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ཡོད། འདི་ནི་ཁྲིམས་ཐོག་གི་དབྱེ་འབྱེད་ཡིན་པས་དབྱེ་འབྱེད་གཞན་དང་བསྡུར་ཐབས་མེད་པའི་དབྱེ་འབྱེད་ཚབ་ཆེན་ཞིག་ཡིན། གལ་ཏེ་གནད་དོན་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་འཚོགས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་གཙོས་དམངས་གཙོའི་རྒྱལ་ཁབ་ཁག་ལ་ཤེས་སུ་བཅུག་པ་ཡིན་ན། དེའི་མཇུག་འབྲས་ཇི་འདྲ་ཡོང་མིན་བཤད་མི་དགོས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ནས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཐོབ་ཐང་འདྲ་མཉམ་མེད་པ་བྱས་ཡོད། གནད་དོན་འདི་འདྲ་ཨ་རི་དང་། རྒྱ་གར་སོགས་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཞིག་ཏུ་འབྱུང་མི་སྲིད་པ་ལྟ་བུ་ཞིག་ཡིན།
སྤྱིར་བཏང་དམངས་གཙོའི་རྒྱལ་ཁབ་ཏུ་ཡང་། མི་རིགས་དང་། ཆོས་ལུགས། ཕོ་མོ། ཤ་མདོག་སོགས་ཀྱི་ཐད་ལག་ལེན་གྱི་ཐོག་ནས། སྐབས་རེར་དབྱེ་འབྱེད་ཕྲན་བུ་རེ་བྱུང་དང་འབྱུང་བཞིན་ཡོད་མོད། ཁྲིམས་ཐོག་ནས་འདི་ལྟ་བུའི་དབྱེ་འབྱེད་ཚབ་ཆེན་བྱས་པའི་གནས་ཚུལ་བྱུང་མྱོང་མེད།
གནད་དོན་འདི་གཙང་སེལ་མ་བྱུང་བར་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་“བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མི་འདུག རང་དབང་མི་འདུག་”སོགས་ཟེར་རྒྱུའི་གནས་བབ་གཏན་ནས་མེད། བཙན་བྱོལ་སྤར་མོ་གང་འདིའི་ནང་དུ་ཡང་ཁྲིམས་ཐོག་ནས་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ཏེ། ཇོ་ནང་པ་ཚོར་ཐོབ་ཐང་འདྲ་མཉམ་མ་སྤྲད་པའི་ཁར་མཐོང་ཆུང་དང་ཁྱད་གསོད་བྱེད་བཞིན། ཁ་ཕར་འཁོར་ནས་རྫིག་རྫིག་བཤད་པ་ནི། “སྐྱག་པ་ར་དུང་འདྲ་ཞིག་འཕོངས་འོག་ཏུ་མནན་ནས། ཁུ་ཚུར་གནམ་ལྕགས་དགུང་ལ་འཕྱར་”ཟེར་བའི་དཔེ་ལས་མ་འདས།
ཆོས་བརྒྱུད་ཆེན་པོ་ཇོ་ནང་།
དེས་ན་ཐོག་མར་ཇོ་ནང་ཆོས་བརྒྱུད་ངོ་སྤྲོད་ཐུང་ཐུང་ཞིག་བྱེད། ཆོས་བརྒྱུད་ཆེན་པོ་འདི་ནི། དུས་རབས་ ༡༣ ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་(༡༢༤༠-༡༣༡༣)ཀྱིས་གྲུབ་མཐའི་སྲོལ་ཐོག་མར་ཕྱེས་ཤིང་། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་གཏན་ལ་ཕབ་ཏེ་དར་སྤེལ་མཛད་པས་དུས་འཁོར་བསྟན་པའི་བདག་པོ་ཉག་གཅིག་ཏུ་གྱུར་བས། གནས་ཀྱི་མིང་གང་ཟག་གམ་ཆོས་བརྒྱུད་ལ་ཐོགས་ཏེ་རྒྱལ་བ་ཇོ་ནང་པ་ཞེས་གྲགས།
དེ་རྗེས་རྒྱལ་བའི་ལུང་བསྟན་ཀུན་མཁྱེན་དོལ་པོ་སངས་རྒྱས་(༡༢༩༢-༡༣༦༡)ཀྱིས་རྒྱལ་བ་སྲས་བཅས་ཀྱི་གསུང་འབའ་ཞིག་དཔང་བོར་བཞག་ནས། མདོ་དོན་མདོ་ཡི་དགོངས་པ་གཞན་སྟོང་དབུ་མ་ཆེན་པོ་དང་། རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་དུ་བཀྲལ་ཏེ། མདོ་སྔགས་ཟུང་གི་ལྟ་གྲུབ་གཞན་སྟོང་དབུ་མ་ཆེན་པོའི་ཆོས་སྐད་ཀྱིས་ས་གསུམ་ཁྱབ་པར་མཛད་པ་མ་ཟད། ཐེག་པ་ཆེན་པོའི་བཀའ་བསྡུ་བཞི་བ་ཡང་མཛད་པས། གྲུབ་མཐའ་འདི་རྩོད་བྲལ་དུ་གྱུར་ཏེ། མདོ་ཕྱོགས་ནས་འཁོར་ལོ་ཐ་མའི་དགོངས་དོན་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་འབྱེད་དང་། སྔགས་ཕྱོགས་ནས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྟན་པའི་བཀའ་བབ་ཞེས་ཡོངས་སུ་གྲགས།
ཁོང་གི་བརྒྱུད་འཛིན་གངས་ཅན་མཁས་པའི་མཁས་པ་ཉ་དབོན་ཀུན་དགའ་དཔལ་དང་། ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ། ཇོ་ནང་ལོ་ཙྭ་རྣམ་གཉིས་སོགས་དོལ་པོའི་བུ་ཆེན་བཅུ་བཞི་དང་། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སོགས་གྲངས་མེད་པ་བྱོན།
ཇོ་ནང་ཆོས་བརྒྱུད་ནི་རྒྱལ་བའི་བཀའ་འཁོར་ལོ་རིམ་པ་གསུམ་གྱི་ཐ་མའི་རྗེས་འབྲངས་དང་། གསང་སྔགས་རྒྱུད་སྡེའི་བཞིའི་ནང་གི་རྣལ་འབྱོར་བླ་ན་མེད་པ། དེའི་ནང་ནས་ཀྱང་གཉིས་མེད་རྒྱུད་ཀྱི་ཡང་རྩེ་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པ་གྲུ་བཞི་ལམ་མེར་འཛིན་མཁན་གྱི་ཆོས་བརྒྱུད་ཆེན་པོ་ཞིག་ཡིན། དེར་བརྟེན་༧གོང་ས་ཐམས་ཅད་མཁྱེན་པས་བསྩལ་གནང་མཛད་པའི་བཀའ་ཡིག་ཕྱག་ཐམ་མར། “ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་” ཞེས་དང་། ཁོང་གིས་མཛད་པའི་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་དུ་ཡང་།
“མདོ་རྒྱུད་གཞན་དང་བཞད་སྲོལ་མི་འདྲ་བའི།།
ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབས་པ།།
ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།” ཅེས་གསུངས་པ་ལྟར། བོད་ནང་དུ་མཚོན་ན་ཇོ་ནང་པའི་དགོན་སྡེ་ ༢༧༠ ལྷག་དང་། དགེ་འདུན་ ༢༥༠༠༠ ལྷག དད་ལྡན་མི་སྡེ་ ༣༠༠༠༠༠ ལྷག་ཡོད་པ་མ་ཟད། ད་ལྟའི་ཆར་བཤད་སྒྲུབ་གཉིས་ཀྱི་བསྟན་པ་དབྱར་མཚོ་ལྟར་རྒྱས་བཞིན་ཡོད་ལ། ཁྲིམས་ཐོག་ནས་ཀྱང་ཆོས་ལུགས་ཚང་མར་ཐོབ་ཐང་འདྲ་མཉམ་སྤྲད་ཡོད།
ཡིན་ན་ཡང་། རྒྱ་གར་བཙན་བྱོལ་བོད་མིའི་ཁྲོད་དུ་མཚོན་ན། ཇོ་ནང་པ་ཚོར་ཐོབ་ཐང་འདྲ་མཉམ་མེད་པའི་གནད་དོན་ཞིག་དངོས་སུ་བྱུང་ཡོད། དེར་བརྟེན་བཙན་བྱོལ་བོད་མིའི་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་ཐོབ་ཐང་འདྲ་མཉམ་རྩོད་ཀྱིན་ཡོད། འདི་ངེས་པར་དུ་རྩོད་འོས་པ་ཞིག་དང་། རྩོད་དགོས་པ་ཞིག་ཆགས་ཡོད།
བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པའི་འཐབ་རྩོད།
དེས་ན་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་བའི་རྩ་དོན་ནི། ཧ་ཅང་སྟབས་བདེ་ཞིག་ཡིན། ཁ་གསལ་བོ་བྱས་ནས་བཤད་ན། དམངས་གཙོའི་ལམ་ལུགས་ནང་གི་“ཐོབ་ཐང་འདྲ་མཉམ་”ཟེར་བ་འདི་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་དོན་ངོ་མའི་དམངས་གཙོའི་སྒྲིག་འཛུགས་ཤིག་དང་། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་དེ་ཉིད་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་ཞིང་། མི་མང་གི་མངོན་འདོད་མཚོན་ཐུབ་པའི་བཅའ་ཁྲིམས་ཚད་ལྡན་ཞིག་ཆགས་དགོས་ན། ཇོ་ནང་པས་རྩོད་བཞིན་པའི་གནད་དོན་དེ་ངོས་ལེན་བྱེད་དགོས།
བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་དམིགས་འབེན་ངོ་མ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༣༧ པར་ཚིག་ཟིན་གྱི་ཐོག་ནས་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ཡོད་པ་དེ་ཡིན་པ་ལས། བོད་མིའི་སྒྲིག་འཛུགས་ལ་ངོ་ལོག་དང་། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཁ་གཏད་དུ་ལངས་པ་གཏན་ནས་མིན་པ་མ་ཟད། གྲོས་ཁང་ནང་དུ་ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་ཤིག་དགོས་པ་དེ་བས་ཀྱང་མིན། འོན་ཀྱང་གནད་དོན་འདི་དང་མེད་ན་མི་འབྱུང་གི་འབྲེལ་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་པ་ལས། ཇོ་ནང་བའི་རྩ་དོན་མིན།
དེ་ལྟ་བུའི་དབྱེ་འབྱེད་ཅན་གྱི་བཅའ་ཁྲིམས་དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་ཡོད། དཔེར་ན། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཁྲིམས་ལུགས་སུ་གཏན་ལ་ཕབ་པའི་སྤྱི་འཐུས་ཀྱི་འོས་ཆོས་ཡོངས་སུ་ཚང་ཡང་། ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་བཞེངས་མི་ཆོག་པ་མ་ཟད། ཐ་ན་རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་ཡང་མེད་པ་བྱས་ཡོད། འདི་བཅའ་ཁྲིམས་ཀྱི་ནུས་ཤུགས་རེད། དེར་བརྟེན་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྣམ་དཔྱོད་རྩལ་དུ་བཏོན་ནས་རྩ་ཁྲིམས་སམ་བཅའ་ཁྲིད་ཚད་ལྡན་བཟོ་བཞིན་ཡོད་པའི་གནད་དོན་ཡང་དེ་ཡིན་པ་རེད།
གནད་དོན་འདི་ལ་བརྟེན་ནས་ཕྱི་ལོ་ ༡༩༩༧ ལོར་ཇོ་ནང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་བ་ཆེན་པོ་མཆོག་གིས། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དང་། བཀའ་ཤག གྲོས་ཚོགས་བཅས་ལ་སྙན་ཞུ་རིམ་བཞིན་ཕུལ་ཏེ། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་བ་རྣམས་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་ནས་བཟུང་དེ་རིང་གི་བར་ཏེ་མི་ཧྲིལ་བོ་ ༢༧ རིང་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་སྤྱི་འཐུས་འཚོགས་ཐེངས་རེ་རེའི་སྐབས་སུ་རེ་སྐུལ་སྙན་ཞུ་འབུལ་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༥ ལོར་གྲོས་ཁང་སྒོར་ཞི་འབོད་དང་ཟས་བཅད་ལས་འགུལ་སྤེལ་བའི་གནས་ཚུལ་ཡང་བྱུང་ཡོད།
དེའི་སྐོར་བོད་ནང་ནས་པར་བསྐྲུན་བྱས་ཤིང་། གཞིས་བྱེས་གཉིས་ཀྱི་ཟུར་གནས་རྩོམ་པ་པོ་མི་ཉུང་བ་ཞིག་གིས་བརྩམས་གནང་མཛད་པའི་རྩོམ་ཡིག་རྣམ་གྲངས་དྲུག་ཅུ་ལྷག་ཡོད་པའི་རྩོམ་དེབ་<<ཇོ་ནང་པ་ངོ་ཤེས་པ།>>ཞེས་པའི་ཐོག་གསལ་བ་ལྟར་ཡིན་ལ། འདིས་བཙན་བྱོལ་བོད་མིའི་གྲོས་ཚོགས་ལམ་ལུགས་ལ་སྡོམ་ཚིག་བརྒྱབས་ཅིང་། བཙན་བྱོལ་མི་ལོ་ ༦༠ ལོ་རྒྱུས་ཀྱི་སྟོང་ཆ་ལ་ཡང་ཁ་བསྐངས་བྱས་ཡོད།
དེ་ལྟ་བུའི་འཐབ་རྩོད་ནི་བྱེད་འོས་པ་ཞིག་དང་། དམངས་གཙོའི་རྒྱལ་ཁབ་དང་། ཡང་ན་དམངས་གཙོའི་སྒྲིག་འཛུགས་ཤིག་གི་ཁྱབ་ཁོངས་སུ་ངེས་པར་ཡོང་སྲིད་པ་ཞིག་ཀྱང་ཡིན་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བདུན་པར། “སྐྱེ་བོ་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང་། ཁྲིམས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་རྒྱབ་གཉེར་སྲུང་སྐྱོབ་བྱེད་དགོས་པའི་ཐོབ་ཐང་ཡོད། ཚང་མས་གསལ་བསྒྲགས་ཀྱི་སྙིང་དོན་འདི་ལས་འགལ་བའི་དབྱེ་འབྱེད་ཀྱི་གནས་ཚུལ་ལ་ངོ་རྒོལ་གང་ཡང་བྱེད་པ་དང་། འདི་ལྟ་བུའི་དབྱེ་འབྱེད་ཀྱི་ངན་འགུལ་ལའང་ངོ་རྒོལ་གང་ཡང་བྱེད་པ་བཅས་ལ་རྒྱབ་གཉེར་བྱེད་དགོས་པའི་ཐོབ་དབང་འདྲ་མཉམ་དུ་ཡོད།” ཅེས་བཤད་ཡོད།
དེར་བརྟེན་ཇོ་ནང་པའི་རྩ་དོན་འཐབ་རྩོད་འདི་ནི་དངོས་ཡོད་གནས་སྟངས་ལ་གཞིགས་པའི་ཞི་བའི་འཐབ་རྩོད་ཅིག་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་ཁ་འབྲལ་ཐབས་མེད་པ་ཆགས་ཡོད་པས། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༩ ཚེས་ ༡༠ ཉིན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པའི་ཚོགས་ཞུགས་པ་སེར་སྐྱ་ཡོངས་ལ་དམིགས་བསལ་མཇལ་ཁ་བསྩལ་གནང་མཛད་སྐབས། ཕྱི་ཟླ་གསུམ་པའི་ནང་གྲོས་ཚོགས་འཚོགས་སྐབས་ཞི་འབོད་བྱས་ཚུལ་དང་། ཡང་བསྐྱར་གྲོས་ཚོགས་ལ་ཞི་འབོད་དང་། ལས་འགུལ་སྤེལ་འཆར་ཡོད་ཚུལ་སྙན་སེང་ཞུས་པས། མགོན་པོ་བྱམས་བརྩེའི་བདག་ཉིད་ཆེན་པོ་མཆོག་གི་ཞལ་སྔ་ནས། “ཡག་པོ་རེད། ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད་པ། བཤད་དགོས་རེད། སྔོན་མ་ནས་བཤད་ཡིན་པ།” ཞེས་གསུང་གི་དབུགས་དབྱུང་དང་ལམ་སྟོན་བཀའ་སློབ་ཕེབས་ཡོད།
དམངས་གཙོའི་ལམ་ལུགས་ཀྱི་ནང་དུ་མེད་ཐབས་མེད་པ་ནི། ཐོབ་ཐང་འདྲ་མཉམ་ཟེར་བ་འདི་རེད། དམངས་གཙོའི་ལུང་བ་ཞིག་ལ་མཚོན་པ་ཡིན་ན། འདི་ལས་ལྷག་པའི་གལ་ཆེན་དང་རྩ་ཆེན་ཞིག་མེད། གལ་ཏེ་དམངས་གཙོའི་གཞུང་ངམ་སྒྲིག་འཛུགས་ཤིག་གི་འོག་ཏུ་མི་མང་ལ་ཐོབ་ཐང་འདྲ་མཉམ་མ་ཡོད་པ་ཡིན་ན། དེ་ལ་དམངས་གཙོའི་གཞུང་ཟེར་གྱི་མ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་དམངས་གཙོ་ཚད་ལྡན་ཞིག་གི་ལམ་ཏུ་བསྐྱོད་འདོད་ཡོད་ན། ཐོག་མར་ཤེས་དགོས་པ་ནི་དམངས་གཙོའི་ལམ་ལུགས་ཀྱི་ནང་དུ་མི་མང་ལ་ཐོབ་ཐང་འདྲ་མཉམ་དགོས་པ་དང་། གཞུང་དམངས་གཉིས་ཀ་ཁྲིམས་ཀྱིས་དབང་སྒྱུར་གྱི་འོག་ཏུ་ཤར་བསྐྱོད་བྱེད་དགོས་པ་དེ་རེད། དམངས་གཙོའི་རྒྱལ་ཁབ་བམ་འཛུགས་སྒྲིག་ཞིག་ལ་མཚོན་ན། འདི་མེད་ཐབས་མེད་པ་ཞིག་རེད། དམངས་གཙོའི་ལམ་ལུགས་སུ་བསྐྱོད་པའི་གཞུང་ངམ་སྒྲིག་འཛུགས་གང་ཡིན་ན། དེའི་བཅའ་ཁྲིམས་ནི་ཡོད་ཚད་ཀྱི་རྨངས་གཞིར་ངོས་འཛིན་བྱེད་དགོས་རེད། དེ་བཞིན་བཅའ་ཁྲིམས་ཡིན་ན་ཡང་། ཡང་དག་པ་དང་། ཕྱོགས་སུ་མ་ལྷུང་བ། རི་སུ་མ་ཆད་པ་ཞིག་ཡིན་དགོས་རེད། གལ་ཏེ་དམངས་གཙོའི་གཞུང་ངམ་སྒྲིག་འཛུགས་དེའི་ཁྲིམས་དེ་ཡང་དག་པ་ཞིག་མིན་ན། མི་ནང་གིས་ངོ་རྒོལ་བྱས་ནས་བཅའ་ཁྲིམས་ལ་འགྱུར་བ་གཏོང་ཐབས་བྱེད་དགོས། འདི་མི་མང་གི་ལས་འགན་རེད། འདི་བསྒྲུབ་མ་ཐུབ་ན་གཞུང་ངམ་སྒྲིག་འཛུགས་ལ་ཤ་ཚ་དང་། ཡིད་ཆེས། བློ་གཏད་མེད་པའི་རྟགས་རེད།
དེར་བརྟེན་ང་ཚོར་བདེན་པ་ཡོད་ལ། ང་ཚོའི་བསྒྲུབ་བྱ་ཡང་བདེན་དོན་ཡིན། ཇི་སྲིད་བདེན་པའི་མཐའ་མ་གསལ་བར་རྩ་དོན་འཐབ་རྩོད་འདི་མུ་མཐུད་དུ་གནས་དགོས་པ་མ་ཟད། དེའི་ནུས་སྟོབས་གོང་ནས་གོང་དུ་སྤེལ་དགོས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་།
ན་ནིང་སྟེ་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༥ ཚེས་ ༨ ཉིན། བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་རྩ་འཛུགས་བྱས་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་གསལ་ཁ་དགོས་ངེས་ལ་བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལ་བསྐྱར་བཅོས་ཇི་དགོས་སོགས་ཀྱི་ཐད་ལ་བསྐྱར་ཞིབ་དང་ཟིན་བྲིས་བཟོ་འགོད་དགོས་ཚུལ་བཤད་པས། ཕྱི་སྡོད་ཇོ་ནང་པ་རྣམས་ཀྱིས་དེ་ལུགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་འཛམ་གླིང་ཁྱོན་ཡོངས་ནས་ཚོགས་སྡེ་དང་། མི་སྒེར་བ་ ༣༠༠ ལྷག་ནས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༣༧ པར་འགྱུར་བ་བཏང་ནས། བཙན་བྱོལ་བོད་མི་ཡོད་དོ་ཅོག་ཁྲིམས་ཀྱི་མདུན་སར་ཐོབ་ཐང་འདྲ་མཉམ་ཡོང་བའི་གསོལ་འདེབས་ནན་མོ་ཞུས་ཡོད་པས། ད་ལན་སྐབས་ ༡༧ པའི་གྲོས་ཚོགས་འཚོགས་དུས་བདུན་པའི་ཐོག ངེས་པར་དུ་བཅའ་ཁྲིམས་ལ་འགྱུར་བ་བཏང་ནས། བཙན་བྱོལ་ཁྲོད་ཀྱི་བོད་མི་དང་ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་བྱས་ཏེ། ཀུན་ཁྱབ་ཀྱིས་བདག་སྐྱོང་གནང་རྒྱུ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་ཡང་། ཡང་དག་པའི་དམངས་གཙོའི་སྒྲིག་འཛུགས་ཤིག་གི་ཁྲིམས་ཡིག་ཚད་ལྡན་ཞིག་ཏུ་བསྒྱུར་གནང་ཡོང་བའི་ཡིད་ཆེས་བྱས་ཡོད།
ཉེ་ཆར་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༤ ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཧྥ་རན་སིའི་རྩ་ཁྲིམས་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བསྐྱར་བཅོས་ཤིག་བཏང་ཡོད། སྤྱིར་བཏང་ཧྥ་རན་སིའི་ཁྲིམས་ཡིག་ནང་སྔོན་ནས་ཡོད་པའི་བུད་མེད་རྣམས་ཀྱི་ཕྲུ་གུ་བཙའ་འདོད་ཡོད་མེད་རང་མོས་ཐོབ་ཐང་དེ་ད་ལྟའི་ཆར་རྩ་ཁྲིམས་རང་གི་ངོ་བོར་བསྒྱུར་ཏེ། ཁྲིམས་ལུགས་སུ་གཏན་ལ་ཕབ་ཐུབ་ཡོད་པ་རེད།
ང་ཚོའི་བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་ཀྱང་འཕྲལ་ཕུགས་གཉིས་ཀར་བསམ་བློ་བཏང་ནས་བཙན་བྱོལ་བོད་མིའི་བཀའ་ཁྲིམས་ཀྱི་དོན་ཚན་ ༣༧ པར་བསྐྱར་བཅོས་བཏང་ནས། བཙན་བྱོལ་ཁྲོད་ཀྱི་བོད་མི་ཡོད་དོ་ཅོག་ཁྲིམས་ཀྱི་མདུན་སར་འདྲ་མཚུངས་བྱས་ཏེ། ཐོབ་ཐང་འདྲ་མཉམ་སྤྲད་པ་ཡིན་ན། བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་བསྐྲུན་པ་མ་ཟད། བཙན་བྱོལ་མི་ལོ་ ༦༠ ནང་གི་གླེང་རིན་ཡོད་པའི་ལོ་རྒྱུས་ཀྱི་ལེའུ་ཞིག་ཀྱང་ཆགས་པ་རེད།
གལ་ཏེ་ད་ལན་ཡང་སྔར་བཞིན་ང་ཚོའི་རེ་བ་ཆུད་ཟོས་སུ་བཏང་བ་ཡིན་ན། དུས་དེ་ནས་བཟུང་ང་ཚོས་ངོས་ནས་ཀྱང་ནང་གི་གནད་དོན་ནང་ནས་མི་སེལ་བ་ཤེས་པར་བྱས་ཏེ། ཞུ་གཏུགས་དང་། སྙན་ཞུ། རེ་བསྐུལ། གསར་འགོད་གསལ་བསྒྲགས་སོགས་ཀྱི་ཁ་ཕྱོགས་ཡོད་ཚད་ཕྱི་ལ་བསྒྱུར་ནས། འཛམ་གླིང་ལ་ཁ་གཏོད་རྒྱུ་ཡིན་པས། དེ་དུས་གནད་དོན་ཅི་ཞིག་བྱུང་ན། དེའི་འགན་ཡོངས་རྫོགས་བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་ཁུར་དགོས།
ད་ལན་སྐབས་ ༡༧ གྲོས་ཚོགས་འཚོགས་དུས་ ༦ པ་ལངས་མ་གོག་གིས་ནག་ཉེས་ཀྱི་ཐག་པ་འདོམ་གང་དྲུད་ནས་ཕམ་ཁའི་ངང་མཇུག་བསྒྲིལ་ཐུབ་ཙམ་བྱུང་ཡོད་ཅིང་། ཚོགས་གཙོའི་མཇུག་སྡོམ་གཏམ་བཤད་དུ། “གྲོས་ཚོགས་ཀྱི་སྡིངས་ཆ་འདི་གཙོ་བོ་བོད་སྤྱི་པ་ཟེར་ནའང་མི་འདུག བོད་མི་ས་ཡ་དྲུག་གི་བདེ་དོན་གྱི་གནས་བབ་དང་འབྲེལ་བ་ཆགས་སྟབས།” ཞེས་ཧམ་བཤད་བྱས་པ་ཕར་ཕྱོགས་ནས་ཐོས་ན་ངོ་ཚ་བའི་གནས་རེད། རྡ་སའི་གྲོས་ཚོགས་འདི་བཙན་བྱོལ་བོད་མིའི་ཆེད་དུ་བཙུགས་པ་རེད། འོན་ཀྱང་དེའི་དཀའ་ངལ་སེལ་རྒྱུའི་ཚབ་ལ་རྡོ་འཐུས་རྣམས་ཀྱིས་རྙོག་གྲ་རྒྱུན་མི་ཆད་པར་བཟོ་བཞིན་ཡོད་པ་ཤེས་ན་བཟང་། ད་དུང་། “རྩ་བའི་ང་ཚོའི་མང་གཙོ་ཀ་བ་གསུམ་གྱི་ལས་དོན་བྱེད་ཕྱོགས་དེ་ལྗིད་མཉམ་སྟངས་འཛིན་ཞིག་ཡོད་རེད།” ཅེས་བཤད་པ་ནི་མགོ་རུལ་བ་སྣ་བས་མ་ཚོར་བའི་སྐྱུག་བྲོའི་གཏམ་ངན་རང་རེད། མང་གཙོའི་ཀ་བ་གསུམ་གྱི་གནས་སྟངས་ག་འདྲ་ཡིན་པ་བཤད་མི་དགོས་བཤམ་བཞག་ཡོད་པ་འདི་རེད།
མདོར་ན་རྡོ་འཐུས་དེ་དག་གཅིག་ལས་གཅིག་ངན་རྐྱང་རྐྱང་ཡིན་པས། དགོས་ངེས་ཀྱི་གྲོས་འཆར་དང་དྲི་བ་སྣ་གཅིག་མེད་པར་ཕན་ཚུན་འཁོན་སེམས་བཅངས་ཏེ། ལས་རིམ་རྣམ་གཞག་འབའ་ཞིག་བཏོན་ནས་དུས་ཚོད་དང་སྒོར་མོ་གཉིས་ཀ་སེར་སྣ་མེད་པར་ཆུད་ཟོས་སུ་གཏོང་གིན་ཡོད། ངོ་མ་བཤད་ན། རྡོ་འཐུས་རྣམས་ཀྱིས་ལས་རིམ་རྣམ་གཞག་ཟེར་བ་དེ་ག་རེ་ཡིན་པ་ཤེས་ཀྱིན་མེད་པ་མ་ཟད། <<བཙན་བྱོལ་བོད་མིའི་བཅའ་ཁྲིམས་>>དང་། ཐ་ན་<<ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་>>ཙམ་ཡང་ཀློག་མ་མྱོང་བའི་ནང་རྟགས་ངན་པ་ཕྱི་ལ་བསྟན་པ་ཉུང་ཉུང་མིན།
གང་ལྟར་ཚེས་ ༡༨ ཉིན་ནས་བཟུང་སླར་ཡང་འཚོགས་དུས་ ༧ འཚོགས་གཏན་ཁེལ་ཡོད་པས་སྐབས་དེར་ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་། བཅའ་ཁྲིམས་དོན་ཚན་ ༣༧ པ་སོགས་མ་བཅོས་ཐབས་མེད་ཀྱི་ཚིག་བརྗོད་དེ་དག་ངེས་པར་དུ་བསྐྱར་བཅོས་བྱེད་ཐུབ་དགོས། དེ་ལྟར་བཅའ་ཁྲིམས་བསྐྱར་བཅོས་བྱས་ནས་མང་གཙོའི་ཀ་བ་གསུམ་ཆ་ཚང་བ་བྱས་ཏེ། བཙན་བྱོལ་སྤར་མོའི་གང་འདིའི་ནང་ཆོས་ལུགས་དང་ཆོལ་ཁའི་དབྱེ་འབྱེད་མེད་པར་ཁ་དོན་མཚུངས་པའི་ལས་ཀ་བྱེད་ཐུབ་ན། ད་གཟོད་བཙན་བྱོལ་བོད་མིའི་གྲོས་ཚོགས་འདི་བོད་མི་མང་སྤྱི་འཐུས་ལྷན་འཚོགས་སུ་ཆགས་སྲིད། དེ་མིན་བོད་མི་མང་ལྟ་ཅི། ཐ་ན་བཙན་བྱོལ་བོད་མི་ཡོངས་ཀྱི་འཐུས་ཚབ་ཀྱང་བྱེད་ཐུབ་ཀྱིན་མིན་པ་མངོན་གསལ་རེད།
དབྱེ་འབྱེད།
སྤྱིར་བཏང་དབྱེ་འབྱེད་(Discrimination)ལ་ཆོས་ལུགས་དང་། རིག་གནས། མི་རིགས། ཕོ་མོ། སྐད་ཡིག ཆས་གོས། ཤ་མདོག་སོགས་རྣམ་གྲངས་མང་ལ། དབྱེ་འབྱེད་བྱེད་ཚུལ་ལ་ཡང་ཁྲིམས་ཐོག་ནས་དབྱེ་འབྱེད་དང་། ལག་ལེན་གྱི་ཐོག་ནས་དབྱེ་འབྱེད། ཡུལ་དུས་གནས་སྐབས་ཀྱི་དབང་གིས་རེ་ཞིག་དབྱེ་འབྱེད་མི་བྱེད་ཐབས་མེད་ཆགས་པ་སོགས་མང་དུ་ཡོད་པ་ལས། དེའི་ནང་གི་ཚབ་ཆེ་ཤོས་ནི། ཁྲིམས་ཐོག་ནས་དབྱེ་འབྱེད་བྱས་པ་དེ་ཡིན། གལ་ཏེ་དམངས་གཙོར་ཁས་འཆེ་བའི་རྒྱལ་ཁབ་བམ་སྒྲིག་འཛུགས་སུ་ཞིག་གིས་ཁྲིམས་ཐོག་ནས་མི་རིགས་དང་། ཆོས་ལུགས་སོགས་ཀྱི་བར་ལ་དབྱེ་འབྱེད་བྱས་པ་ཡིན་ན། འདི་ནི་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པ་དང་། དམངས་གཙོའི་ལམ་སྲོལ། འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་སོགས་དང་རྒྱབ་འགལ་ཆགས་ཡོད།
དཔེར་ན། དམངས་གཙོ་དང་དྲང་བདེན་གྱི་ཁ་གཏད་དུ་གྱུར་བའི་རྒྱ་ནག་ལྟ་བུར་མཚོན་ན་ཡང་། དེའི་རྩ་ཁྲིམས་དང་བཅའ་ཁྲིམས་ཁག་གི་ནང་དུ་ཚིག་ཟིན་གྱིས་མི་རིགས་དང་། ཆོས་ལུགས་སོགས་ཀྱི་བར་ལ་དབྱེ་འབྱེད་བྱས་པ་གཏན་ནས་མེད། དེ་ལྟ་ན་ཡང་། སྟབས་མ་ལེགས་པ་ཞིག་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཆོས་བརྒྱུད་ཁག་གི་བར་ལ་དབྱེ་འབྱེད་ཆེན་པོ་བྱས་ཡོད། དཔེར་ན། དེའི་དོན་ཚན་སོ་བདུན་པར། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ། ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་བཅའ་ཁྲིམས་རང་གི་ཐོག་ནས་དབྱེ་འབྱེད་དངོས་སུ་བྱས་ཡོད།
ལྟོས་འཇོག་གིས་བཤད་ན་རྒྱལ་ཁབ་བམ། ཡང་ན་ཚོགས་སྡེ་དང་། སྒྲིག་འཛུགས་གང་ཡིན་ཡང་། སྐབས་རེར་ལག་ལེན་གྱི་ཐོག་ནས་དབྱེ་འབྱེད་ཅུང་ཟད་རེ་བྱེད་མཁན་ཡོད་ཀྱང་། མི་མང་གིས་ཕྱོགས་ཡོངས་ལ་བསམ་བློ་བཏང་ནས་བཟོད་སྒོམ་བྱེད་ཐུབ་མོད། བསམ་བཞིན་དུ་སྤྱི་ཚོགས་རྙིང་བའི་བསམ་བློ་རུལ་བའི་རྒྱབ་ལྗོངས་བྱས་ཏེ། ཁྲིམས་ཐོག་ནས་འཛེམ་བག་མེད་པར་དབྱེ་འབྱེད་བྱེད་རྐྱང་བྱས་པ་ཡིན་ན། མང་ཚོགས་ཀྱིས་བཟོད་སྒོམ་དང་གུ་ཡངས་སུ་གཏོང་མི་སྲིད་ལ། འདི་དག་ངེས་པར་དུ་ཡོ་བསྲང་དང་ལེགས་བཅོས་བྱེད་པའི་འགན་མི་མང་ལ་ཡོད་པས། བཏང་སྙོམས་སུ་གཏན་ནས་གཏོང་མི་རུང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི། རྒྱ་གར་དུ་བཙན་བྱོལ་སྲིད་གཞུང་དབུ་བརྙེས་པ་ནས་བཟུང་སྔ་ཕྱིར་གཏན་ལ་ཕབ་པ་ཞིག་ཡིན་ལ། དུས་རབས་ ༡༧ པའི་ནང་གི་གཡོན་ཐལ་ཆེ་བའི་སྲིད་ཇུས་རྒྱབ་ལྗོངས་སུ་བྱས་ཤིང་། གནས་སྐབས་དགོས་ངེས་ཀྱི་ཉམས་མྱོང་དང་བསླབ་བྱ་བླངས་པ་ཞིག་ཆགས་ཡོད། ཡིན་ན་ཡང་དེའི་ཁུངས་གཏུགས་ས་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དང་། རྒྱ་གར། ཨ་རི་སོགས་ཀྱི་རྩ་ཁྲིམས་བཅས་ཡིན་ཚུལ་བཤད་ཡོད།
དེ་ཡང་དེའི་དོན་ཚན་བཞི་པར། “བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང༌། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང༌། ཡུལ་མི། སྲིད་དོན་གྱི་ཐོབ་ཐང་བཅས་ལ་བརྩི་སྲུང་བྱེད་པ་དང༌། འཛམ་གླིང་ཡུལ་ལུང་གཞན་ཁག་ནས་ཀྱང་བརྩི་སྲུང་ཡོང་ཐབས། ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ་བཅས།” ཞེས་བཤད་ཡོད་ལ། དེའི་དོན་ཚན་དགུ་པར། “ཁྲིམས་ཀྱི་མདུན་སར་འདྲ་མཉམ། བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་ཆོས་ལུགས་དང་། རིགས་རུས། གོ་གནས་སོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། དབྱེ་འབྱེད་མེད་ཅེས་བཤད་བཞིན་དུ།
དེའི་དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པར། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ། ༡ ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ། ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཆོས་བརྒྱུད་སོ་སོས་སྤྱི་འཐུས་སམ་སྐུ་ཚབ་འོས་བསྡུ་བྱེད་སྐབས། དབྱེ་འབྱེད་བྱས་ཏེ་གོང་གསལ་ཆོས་བརྒྱུད་དེ་དག་ལས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་དང་། ཆོས་དད་རང་དབང་། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོབ་ཐང་ཡོད་ཚད་ཁྲིམས་ཐོག་ནས་བཙན་འཕྲོག་བྱས་ཐོག ཇོ་ནང་པ་རྣམས་བཙན་བྱོལ་བོད་མིའི་ཁྱབ་ཁོངས་སུ་ཡང་བཞག་མེད་པས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་བཅའ་ཁྲིམས་འདི་ནམ་ཡང་ངོས་ལེན་བྱེད་ཐབ་བྲལ་བ་ཞིག་ཡིན།
འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དང་། རྒྱལ་སྤྱིའི་ཁྲིམས་ལུགས་རིག་པ། རྒྱ་གར་སོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་དང་དངོས་སུ་འགལ་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རང་གི་དོན་ཚན་དགུ་པ་དང་། དོན་ཚན་སོ་བདུན་པ་སོགས་ཡོངས་སུ་རྒྱབ་འགལ་ཆགས་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པས་དེའི་དོན་ཚན་ཡོངས་ལ་དབང་སྒྱུར་ལྟ་བུ་བྱས་ཡོད་ཅིང་། བཅའ་ཁྲིམས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ་ཡང་དེའི་ནུས་པ་མཐོར་འདེགས་བྱས་ཡོད།
དབྱེ་འབྱེད་རྣམ་གྲངས།
བཙན་བྱོལ་བོད་མིའི་གྲོས་ཚོགས་སམ་ཁྲིམས་བཟོ་ལྷན་འཚོགས་ཀྱིས་བྱས་དང་བྱེད་བཞིན་པའི་ཆོས་བརྒྱུད་བར་གྱི་དབྱེ་འབྱེད་དེ་དག་བསྡུས་ན་རེ་ཞིག་དབྱེ་ཆེན་པོ་དགུའི་ནང་དུ་བསྡུ་ཆོག ༡ བཅའ་ཁྲིམས་དབྱེ་འབྱེད། ༢ ཁྲིམས་ཡིག་དབྱེ་འབྱེད། ༣ གྲོས་ཚོགས་དབྱེ་འབྱེད། ༤ འོས་བསྡུ་དབྱེ་འབྱེད། ༥ སློབ་དེབ་དབྱེ་འབྱེད། ༦ དྲྭ་ཐོག་དབྱེ་འབྱེད། ༧ སློབ་གསོ་དབྱེ་འབྱེད། ༨ འཚམས་འདྲི་དབྱེ་འབྱེད། ༩ ཚོགས་ཆེན་དབྱེ་འབྱེད།
བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རྙིང་བའི་ཀླད་པ་རུལ་བ་དེ་དག་རྒྱབ་ལྗོངས་སུ་བྱས་ཏེ། ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་པའི་རྣམ་གྲངས་དེ་དག་མཐའ་མེད་པ་ཡིན་པས། གྲངས་ཚད་འདི་དང་འདིའོ་ཞེས་སུས་ཀྱང་ཁ་ཚོན་བཅད་ནས་བཤད་མི་ཐུབ་མོད། འདིར་གོང་གསལ་དེ་དག་ནས་རེ་ཟུང་ངོ་སྤྲོད་ཐུང་ཙམ་བྱས་ན།
བཅའ་ཁྲིམས་དབྱེ་འབྱེད།
སྤྱིར་བཏང་འཛམ་གླིང་ཐོག་གི་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཁག་སྨྲོས་ཅི། དམངས་གཙོའི་རྒྱལ་ཁབ་ཁག་ཏུ་ཡང་། སྐབས་རེར་ལག་ལེན་གྱི་ཐོག་ནས་འབྱེད་འབྱེད་བྱེད་མཁན་ཡོད་སྲིད་མོད། ཁྲིམས་ཐོག་ནས་ཆོས་ལུགས་དང་། རིགས་རུས། གོ་གནས་སོགས་ཀྱི་ཐད་དབྱེ་འབྱེད་བྱེད་མཁན་གཏན་ནས་མེད། དཔེར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བདུན་པར། “སྐྱེ་བོ་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང་། ཁྲིམས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་རྒྱབ་གཉེར་སྲུང་སྐྱོབ་བྱེད་དགོས་པའི་ཐོབ་ཐང་ཡོད། ཚང་མས་གསལ་བསྒྲགས་ཀྱི་སྙིང་དོན་འདི་ལས་འགལ་བའི་དབྱེ་འབྱེད་ཀྱི་གནས་ཚུལ་ལ་ངོ་རྒོལ་གང་ཡང་བྱེད་པ་དང་། འདི་ལྟ་བུའི་དབྱེ་འབྱེད་ཀྱི་ངན་འགུལ་ལའང་ངོ་རྒོལ་གང་ཡང་བྱེད་པ་བཅས་ལ་རྒྱབ་གཉེར་བྱེད་དགོས་པའི་ཐོབ་དབང་འདྲ་མཉམ་དུ་ཡོད།” ཅེས་གསལ་བོར་བསྟན་ཡོད།
དེ་ལྟ་ན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་ཆོས་ལུགས་བར་ལ་དབྱེ་འབྱེད་ཆེན་པོ་བྱས་པས་རྐྱེན་གྱིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་དེ་ཞི་བདེ་དང་ལྷིང་འཇགས་མེད་པ་བཟོས་ཡོད། དེ་ཡང་བཙན་བྱོལ་བོད་མིའི་གྲོས་ཁང་ནས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པར། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ། ༡
ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ།
ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་བར་ལ་དབྱེ་འབྱེད་བྱས་ནས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དང་། ཆོས་གྲལ་ནས་ཕུད་དེ། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་བཞེངས་མི་ཆོག་པ་མ་ཟད། རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡང་འདེམས་མི་ཆོག་པ་བྱས་ཡོད།
ཁྲིམས་ཡིག་དབྱེ་འབྱེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༧ པའི་ནང་གསེས་ ༡༠/༡༡/༡༢ བཅས་ཀྱི་འོག་གཏན་འབེབས་བྱས་པའི་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟེར་བ་དེའི་ནང་དུ་ཐོག་མཐའ་ཀུན་ཏུ་དབྱེ་འབྱེད་བྱས་ཡོད། དཔེར་ན་ཁྲིམས་ཡིག་དེའི་དོན་ཚན་གསུམ་པར། “ཁྲིམས་ཡིག་གི་ཁྱབ་ཚད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་དངོས་སུ་དབྱེ་འབྱེད་བྱས་ནས་ས་མཚམས་གསལ་བོར་བཟོས་ཡོད། དེ་ཡང་དོན་ཚན་འདི་གཅིག་པོ་མ་ཡིན་པར་ཁྲིམས་ཡིག་ཧྲིལ་བོའི་ནང་དུ་དབྱེ་འབྱེད་རྐྱང་རྐྱང་བྱས་ཡོད།
གྲོས་ཚོགས་དབྱེ་འབྱེད།
བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་སུ་འཐུས་མི་བཞི་བཅུ་ཞེ་ལྔ་ཡོད་ཅིང་། དེ་དག་གི་ཡོང་ཁུངས་ནི་ཆོལ་ཁ་ཆོས་བརྒྱུད་དང་། ལྷོ་བྱང་ཨ་རི། ཡུ་རོབ། ཨ་ཕི་རི་ཀ ཤར་ཨེ་ཤ་ཡ་དང་ཨོ་གླིང་བཅས་ཡིན་ཞིང་། ཆོལ་ཁ་རེ་རེ་ནས་འཐུས་ཚབ་མི་བཅུ་རེ་དང་། ཆོས་བརྒྱུད་རེ་རེ་ནས་འཐུས་ཚབ་མི་གཉིས་རེ། ལྷོ་བྱང་ཨ་རིའི་འཐུས་ཚབ་མི་གཉིས། ཡུ་རོབ་དང་ཨ་ཕི་རི་ཀའི་འཐུས་ཚབ་མི་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་བཅས་ཡོད་མོད། དེའི་ནང་དུ་ཇོ་ནང་ཆོས་བརྒྱུད་ཀྱི་འཐུས་ཚབ་གཅིག་ཀྱང་མེད།
དེའི་རྒྱུ་མཚན་ནི། གོང་དུ་དྲང་མ་ཐག་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པར་གསལ་བ་ལྟར། རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ་ལས་ཇོ་ནང་སྤྱི་འཐུས་གཅིག་ཀྱང་གྲོས་ཁང་དུ་ཡོང་མི་ཆོག་པ་བྱས་ཏེ། ཁྲིམས་ཐོག་ནས་ཆོས་བརྒྱུད་བར་ལ་དབྱེ་འབྱེད་དམར་དམར་རྗེན་རྗེན་དུ་བྱས་པས། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཁྲོད་ཇོ་ནང་པ་གཅིག་ཀྱང་མེད་པའི་རྒྱུ་མཚན་དེ་རེད། དེང་སང་སྤྱི་ཚོགས་ནང་དེ་དག་ལ་གྲོས་ཁང་གི་གླང་དམར་དང་། རྡོ་འཐུས་ཞེས་འབོད་བཞིན་ཡོད།
ངོ་མ་བཤད་ན། ད་ལྟའི་གྲོས་ཁང་ནང་གི་འཐུས་མི་ཞེ་ལྔའི་ཁྲོད་དུ། ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་དང་། བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་པ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། ཁྲིམས་སྒྲིག་ཅི་རིགས་དང་འགལ་བའི་ལས་ཀ་དངོས་སུ་བྱས་དང་བྱེད་བཞིན་པའི་གྲོས་མི་སྐོར་ཞིག་ཡོད། ཁྱེད་ཚོས་དེ་དག་སུ་ཡིན་དང་། དེའི་སྐོར་ལ་བསམ་གཞིགས་བྱེད་མྱོང་ངམ།
སློབ་དེབ་དབྱེ་འབྱེད།
སྤྱིར་བཏང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་ཁག་དང་། ལྷག་པར་དུ་སློབ་གསོ་དང་འབྲེལ་བའི་དཔེ་དེབ་དང་། ཚགས་ཤོག ཁྱབ་བསྒྲགས་ཁག་ཏུ་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ཡོད། དཔེར་ན། བཙན་བྱོལ་བོད་མིའི་ཤེས་རིག་ལས་ཁུངས་ནས་བསྒྲིགས་པའི་འཛིན་གྲྭ་བདུན་པའི་སློབ་དེབ་རྙིང་པ། རྒྱལ་རབས་ཆོས་འབྱུང་དང་རིགས་ལམ་ནང་ཆོས། ཕྱི་ལོ་ ༢༠༠༢ ལོར་བསྒྲིགས་པ་དེའི་དཀར་ཆག་ཏུ། “བོན་གྱི་ལྟ་གྲུབ། སྔ་འགྱུར་སྙིང་མ། བཀའ་བརྒྱུད་པ། ས་སྐྱ་པ། བཀའ་གདམས་པ། དགེ་ལྡན་པ།” ཞེས་བཀོད་ཡོད་ལ།
ད་དུང་ཕྱི་ལོ་ ༢༠༡༤ ལོར་གཏན་འབེབས་བྱས་པའི་སློབ་དེབ་གསར་བ་<སྤྱི་ཚོགས་ཚན་རིག>ཞེས་པའི་ནང་དུ་ཡང་། “སྤྱིར་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤམ་ཀ་ར། བལ་པོའི་སློབ་དཔོན་ཤི་ལ་མཉྫ་སོགས་སྤྱན་དྲངས་ནས་གསང་སྔགས་ཀྱི་རྒྱུད་མང་པོ་བསྒྱུར། དེ་ནས་མི་རབས་ལྔ་སོང་བ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སློབ་དཔོན་པདྨ་སམ་བྷ་བ་བོད་དུ་སྤྱན་དྲངས། རྗེ་དང་འབངས་ཉེར་ལྔ་སོགས་སློབ་མ་མང་པོར་ཡོ་ག་ཡི་དབང་དང་མན་ངག་མང་པོ་གསུངས་ཤིང་། རྒྱ་གར་གྱི་པཎྜི་ཏ་མང་པོ་བྱོན་ནས་གསང་སྔགས་ཀྱི་ཆོས་མང་དུ་གསུངས་ཤིང་བསྒྱུར། སློབ་དཔོན་ཆེན་པོས་རི་བྲག་མཚོ་གསུམ་ལ་གཏེར་དུ་སྦས་པ་བཅས་གོང་གསལ་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་ནས་རྙིང་མའི་ཆོས་ལུགས་འདི་བྱུང་ཞིང་། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དར་རྒྱས་བྱུང་བ་དང་། དེ་རྗེས་ཕྱི་ལོ་༡༠༤༠ ལོར། ཇོ་བོ་རྗེ་ཨ་ཏི་ཤ་བལ་ཡུལ་ནས་མངའ་རིས་སུ་ཕེབས་ཏེ་ལོ་ཤས་བཞུགས། ཕྱི་ལོ་༡༠༤༧ ལོར་དབུས་གཙང་དུ་ཕེབས། དེ་ནས་དབུས་གཙང་ཁམས་གསུམ་ནས་སློབ་མ་མང་དུ་བྱུང་བ་ནས་བཀའ་གདམས་ཀྱི་ཆོས་ལུགས་ཐོག་མར་བྱུང་། ཕྱི་ལོ་༡༠༥༧ ལོར་ཇོ་བོ་རྗེ་སྐུ་གཤེགས་རྗེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་གྱིས་བྱང་རྭ་སྒྲེང་གི་གདན་ས་ཞེས་བཀའ་གདམས་ཀྱི་དགོན་པ་ཐོག་མ་དེ་བཏབ་ཅིང་བཀའ་གདམས་ཀྱི་ཐ་སྙད་ཀྱང་ཐོག་མར་འདི་ནས་བྱུང་བར་གྲགས། དེ་ནས་ལོ་བཅུ་དྲུག་གི་རྗེས་ཕྱི་ལོ་༡༠༧༣ ལོར། ས་སྐྱ་བ་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱའི་གནས་གཞི་བཟུང་ནས་དགོན་པ་བཏབ་པས། དེ་ནས་དཔལ་ལྡན་ས་སྐྱ་བ་ཞེས་པའི་ཐ་སྙད་བྱུང་། དེ་ནས་ལོ་བཞི་བཅུ་ཞེ་བརྒྱད་ཀྱི་རྗེས་ཕྱི་ལོ་༡༡༢༡ ལོར། རྗེ་མི་ལ་རས་པའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེས་དྭགས་ལྷ་སྒམ་པོའི་གནས་གཞི་བཟུང་སྟེ་དགོན་པ་གསར་དུ་བཏབ་པ་ནས་དྭགས་པོ་བཀའ་བརྒྱུད་པ་ཞེས་པའི་ཐ་སྙད་བྱུང་ཞིང་། ཤངས་པ་བཀའ་བརྒྱུད་མ་གཏོགས། བཀའ་བརྒྱུད་པའི་ཆོས་ལུགས་གཞན། ཀརྨ་བཀའ་བརྒྱུད་དང་། ཕག་གྲུ། ཚལ་བ། འབྲི་གུང་། འབྲུག་པ། སྟག་ལུང་། འབབ་རོམ། གཡའ་བཟང་། ཁྲོ་ཕུ་བཅས་ཚང་མ་དྭགས་པོ་བཀའ་བརྒྱུད་ལས་བྱུང་བ་ཡིན་ལ། ཕྱི་ལོ་ ༡༤༦༩ ལོར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་(དགའ་ལྡན)ཕྱག་བཏབ་པ་ནས། རི་བོ་དགེ་ལུགས་པའམ་རི་བོ་དགེ་ལྡན་པ་ཞེས་པའི་ཐ་སྙད་ཐོག་མར་བྱུང་བ་ཡིན།” ཞེས་ཆོས་བརྒྱུད་དབྱེ་འབྱེད་ཀྱི་ལུགས་ངན་རྒྱུན་ཁྱོངས་བྱས་ཡོད།
ད་དུང་སློབ་དེབ་དེར། བཙན་བྱོལ་སྒྲིག་འཛུགས་ངོ་སྤྲོད་བྱེད་སྐབས། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། ༡༽ ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ། ཁ༽ རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་བསམ་བཞིན་བཅའ་ཁྲིམས་ནང་གི་དབྱེ་འབྱེད་ཀྱི་ཚིག་ངན་དེ་དྲངས་ནས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་མཐོང་ཆུང་བྱས་ཤིང་། ན་གཞོན་སློབ་ཕྲུག་ཚོའི་སེམས་ལ་བག་ཆག་ངན་པ་བཞག་ཡོད།
སློབ་གསོ་དབྱེ་འབྱེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སློབ་གསོའི་བྱ་འགུལ་ཁྲོད་དབྱེ་འབྱེད་ཇི་ལྟར་བྱས་པ་ནི། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཝར་ཎཱ་སློབ་ཆེན་དུ་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སློབ་ཚན་ལོགས་སུ་བཀར་ནས། ཆོས་བརྒྱུད་སོ་སོའི་རང་གཞུང་ཁྲིད་མཁན་གྱི་དགེ་རྒན་ཡང་ལོགས་སུ་བཀོད་སྒྲིག་བྱས་ཡོད། དཔེར་ན་རྙིང་མ་རང་གཞུང་དང་། བོན་པོ་རང་གཞུང་ཞེས་སྒོ་བྱང་བཀལ་ནས་སློབ་ཁང་སོགས་བཀོད་སྒྲིག་བྱས་ཡོད་མོད། སློབ་ཆེན་དེར་ཇོ་ནང་པའི་མཚན་ཙམ་མེད་པ་མ་ཟད། དེའི་དཔེ་མཛོད་ཁང་དུ་ཡང་ཆོས་བརྒྱུད་ཁག་གི་དཔེ་ཆ་རྣམས་མ་འདྲེས་པར་ལོགས་སུ་བཞག་པའི་ཁྲོད་དུ་ཡང་ཇོ་ནང་པའི་ཕྱག་དཔེ་གཅིག་ཀྱང་བཞག་མེད།
འོན་ཀྱང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཆོས་བརྒྱུད་ལྔ་དང་གཡུང་དྲུང་བོན་བཅས་དྲུག་ལ་གོ་གནས་གཅིག་མཚུངས་སུ་སྤྲད་ནས་སློབ་མ་བསྡུ་བཞིན་ཡོད་ལ། སློབ་ཆེན་གྱི་ཞལ་འདོན་ནང་དུ་ཡང་གཅིག་མཚུངས་སུ་བཀོད་ཡོད།
དཔེར་ན། ཕྱི་ལོ་ ༢༠༢༡ ལོའི་སློབ་བསྡུའི་སྒྲིག་ཡིག་ཏུ། “༢༠༢༡ ལོར། ངེད་སློབ་གླིང་གིས་སྐབས་ཉི་ཤུ་པའི་མཐོ་རིམ་ཡོན་གནས་འཛིན་གྲྭར་ཁྱོན་བསྡོམས་སློབ་མ་ ༣༩ བསྡུ་འཆར་ཡོད། དེར་དགེ་ལུགས་པའི་སློབ་མ་ ༡༣ དང་། བཀའ་བརྒྱུད་པའི་སློབ་མ་ ༡༣ ཇོ་ནང་པའི་སློབ་མ་ ༡༣ བཅས་བསྡུ་རྒྱུ་ཡིན།” ཞེས་ཆོས་བརྒྱུད་ཁག་ནས་སློབ་མ་བསྡུ་གྲངས་གཅིག་མཚུངས་བྱས་ནས་བསྡུ་བཞིན་ཡོད། ཕྱི་ལོ་ ༢༠༢༡ ལོར་དགེ་ལུགས་དང་། བཀའ་བརྒྱུད། ཇོ་ནང་བཅས་གསུམ་ལས་མེད་པ་ནི་སྔར་ལོར་ཆོས་བརྒྱུད་གཞན་དག་ནས་སློབ་མ་བསྡུས་པས་རེད། ལོ་རྟག་པར་དགེ་ལུགས་པའི་སློབ་མ་གཞིར་བཞག་ཐོག་ཆོས་བརྒྱུད་གཞག་ཁག་ནས་སློབ་མ་འཆར་གཞི་ལྟར་བསྡུ་བཞིན་འདུག
དེ་བཞིན་སློབ་ཆེན་གྱི་ཞལ་འདོན་ཏེ་<<ཞལ་འདོན་ཕྱོགས་བསྒྲིགས།>> དེབ་དང་པོ། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བསྒྲིགས་པ་དེའི་དཀར་ཆག་ཏུ། “རྗེ་དོལ་པོ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་གསོལ་འདེབས་རྒྱལ་མདུན་མ། ཆོས་རྗེ་རིན་པོ་ཆེའི་གསོལ་འདེབས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསོལ་འདེབས་བདེ་ཆེན་ཟབ་གསལ་མ།” ཞེས་ཞལ་འདོན་ཚུན་ཆད་འདྲ་མཚུངས་བྱས་ཡོད། འདི་ཡང་མི་འདྲ་བའི་ཁྱད་པར་ཞིག་རེད།
ཁྲིམས་ཡིག་གཞན་དང་བསྡུར་བ།
མཚམས་འདི་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་རྩ་ཁྲིམས་གཞན་དང་བསྡུར་ནས་དབྱེ་ཞིབ་ཅིག་བྱས་ན། འདིར་སྡུར་བྱེད་ནི་ཡང་དག་པའི་དམངས་གཙོར་ཁས་འཆེ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟེར་བ་གཉིས་དང་། བསྡུར་ས་ནི་འཛམ་གླིང་ཐོག་ཆེས་སྡུག་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་དམར་ཕྱོགས་རྒྱལ་ཁབ་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་། དེའི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་གཉིས་ཡིན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གཉིས་པ། ཁྱབ་ཚད་དུ། “བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།” ཞེས་བྲིས་ཡོད་མོད། དོན་ངོ་མར་གོང་དུ་བཤད་པ་ལྟར་དེའི་དོན་ཚན་ ༣༧ པས་དེའི་ཁྱབ་ཁོངས་ཀྱི་ས་མཚམས་ཐག་གཅོད་བྱས་ཡོད།
རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་དོན་ཚན་སོ་གསུམ་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་མི་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན།” ཞེས་དང་། ཡང་དེའི་དོན་ཚན་གཉིས་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ཀྱི་ཡིན།” ཞེས་དེའི་རྒྱལ་ཁོངས་སུ་ཡོད་པའི་མི་རིགས་ཚང་མ་དེའི་སྤྱི་དམངས་ཡིན་པར་བཤད་ཅིང་། རྒྱལ་ཁབ་ཀྱི་དབང་ཆ་མི་དམངས་ཀྱི་ཡིན་ཞེས་བཤད་ཡོད། རྩ་ཁྲིམས་འདིའི་ཐོག་མཐའ་ཀུན་ཏུ་ཚིག་ཟིན་གྱིས་མི་རིགས་བར་ལ་དབྱེ་འབྱེད་དང་། ཆོས་ལུགས་བར་ལ་དབྱེ་འབྱེད་བྱས་མེད། འོན་ཀྱང་ལག་ལེན་གྱི་ཐོག་ནས་མི་རིགས་ཁག་གི་བར་སྲིད་བྱུས་འདྲ་མིན་ཡོད་པ་ནི་སྐབས་འདིའི་དམིགས་འབེན་མིན།
ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པར། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ། ༡ ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ། ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་བཙན་བྱོལ་བོད་མིའི་གྲོས་ཁང་དུ་ཆོས་བརྒྱུད་ཁག་གི་འཐུས་ཚབ་འོས་བསྡུ་བྱེད་སྐབས། གོང་གསལ་དེ་དག་ལས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཇོ་ནང་པ་རྣམས་སོ་སོའི་ཆོས་བརྒྱུད་ཀྱི་འཐུས་ཚབ་ཏུ་བཞེངས་རྒྱུའི་གོ་སྐབས་དང་། སོ་སོའི་ཆོས་བརྒྱུད་ཀྱི་འཐུས་ཚབ་འདེམས་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་བྱས་ཡོད།
གནད་དོན་འདི་ནི་གནས་དུས་སོགས་ཀྱི་དབང་གིས་རེ་ཞིག་ལག་ལེན་དུ་འདེབས་མ་ཐུབ་པ་ཙམ་མ་ཡིན་པར། བསམ་བཞིན་དུ་ཁྲིམས་ཐོག་ནས་དབྱེ་འབྱེད་བྱས་ཏེ། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་འགྲོ་བ་མིའི་རིན་ཐང་རྡོག་རོལ་བཏང་ནས་འདྲ་མཉམ་གྱི་ཐོབ་ཐང་ཁག་ཡོངས་སུ་བཙན་འཕྲོག་བྱས་པ་ཞིག་ཡིན།
རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་དོན་ཚན་ང་དགུ་པར། “རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། དམིགས་གསལ་སྲིད་འཛིན་ཁུལ། དམག་དཔུང་བཅས་ཀྱིས་བདམས་པའི་འཐུས་མི་ལས་འགྲུབ་རྒྱུ། གྲངས་ཉུང་མི་རིགས་ཁག་ཚང་མར་འཐུས་མིའི་ཁ་གྲངས་འོས་འཚམ་རེ་ཡོད་དགོས།” ཞེས་དེའི་མི་དམངས་འཐུས་ཚོགས་སུ་གྲངས་ཉུང་མི་རིགས་ཁག་ཚང་མའི་འཐུས་ཚབ་འོས་འཚམ་རེ་ཡོད་པ་གསལ་བོར་བསྟན་ཡོད།
ད་དུང་དེའི་དོན་ཚན་སོ་བརྒྱད་པར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོད་འཁུར་མི་དགོས། སྤྱི་དམངས་ལ་བྱེད་ཐབས་གང་དང་གང་ཞིག་སྤྱད་ནས་བརྙས་བཅོས་དང་དམའ་འབེབས་བྱེད་པ་དང་། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་པ་གཏན་འགོག་བྱ་རྒྱུ།” ཞེས་དེའི་སྤྱི་དམངས་ཡོངས་ཀྱི་འགྲོ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱས་ནས། བརྙས་བཅོས་དང་དམའ་འབེབས་སོགས་བྱེད་མི་ཆོག་པ་བསྟན་ཡོད། འདི་ཡང་མི་འདྲ་བའི་ཁྱད་པར་གལ་ཆེན་ཞིག་རེད།
མཚམས་འདི་ནས་གོང་བཞིན་དེ་གཉིས་ཀྱི་བཅའ་ཁྲིམས་གཞན་ཟུར་ཙམ་བསྡུར་ན། དེ་ཡང་ བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་དོན་ཚན་གསུམ་པར། “ཁྲིམས་ཡིག་གི་ཁྱབ་ཚད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་དངོས་སུ་དབྱེ་འབྱེད་བྱས་ནས་ས་མཚམས་གསལ་བོར་བཟོས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་གཉིས་པར། “གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་དུ་ལག་བསྟར་བྱེད་རྒྱུ། མི་རིགས་རང་སྐྱོང་ས་གནས་རྣམས་རང་སྐྱོང་ལྗོངས་དང༌། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་སུ་དབྱེ་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲལ་དུ་མི་རུང་བའི་གྲུབ་ཆ་ཡིན།” ཞེས་ཁྲིམས་ཐོག་ནས་ཡོད་ཚད་འདྲ་མཉམ་བྱས་ཡོད།
ཡང་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་དོན་ཚན་བཅུ་བཞི་པར། “འགན་དབང༌། ༡ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཉམས་མེད་རྒྱུན་འཛིན་དང༌། ཉམས་པ་སོར་ཆུད་སླད་བསྟན་རྩ་ཆོས་སྡེ་ཁག་གི་བླང་དོར་ཁྲིམས་སྒྲིག་གཏན་འབེབས་དང༌། ཁྲིམས་སྒྲིག་སྲུང་བརྩི་ཡོང་ཐབས་སུ་གཟིགས་རྟོག་སྟངས་འཛིན་གནང་རྒྱུ།” སོགས་དོན་ཚན་ ༡༡ སྒོ་ནས་དབྱེ་འབྱེད་བྱས་ཏེ་ཇོ་ནང་ཕུད་པའི་ཆོས་བརྒྱུད་གཞན་ལྔའི་སློབ་གསོ་དར་སྤེལ་བྱེད་ཐབས་བཤད་ཡོད།
སྤྱིར་བཏང་རྒྱལ་ཁབ་བམ་སྒྲིག་འཛུགས་ཀྱི་རྩ་ཁྲིམས་སམ་བཅའ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བམ་མི་རིགས་དེའི་རིག་གནས་དར་སྤེལ་བྱེད་དགོས་པ་ཡིན་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་བརྒྱུད་དབྱེ་འབྱེད་བྱས་སྟབས། ཕྱི་རྒྱལ་ཡུལ་གྲུ་ཁག་དང་། བཙན་བྱོལ་ཁྲོད་ཇོ་ནང་རིག་གནས་དར་སྤེལ་ལ་འགོག་རྐྱེན་ཅི་ཙམ་བཟོས་ཡོད་པ་གསལ་བོ་རེད།
རྒྱ་ནག་གི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་སོ་དྲུག་པར། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་གཞིར་བཟུང་བ་དང་བཅའ་ཁྲིམས་ནང་གཏན་འབེབས་ལྟར་ས་གནས་དེ་གའི་སློབ་གསོའི་འཆར་གཞི་དང༌། རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་འཛུགས་ལུགས་དང་སློབ་ཡུན། སློབ་གྲྭ་གཉེར་སྟངས། སློབ་ཁྲིད་ཀྱི་ནང་དོན། སློབ་འཁྲིད་བྱེད་པའི་སྐད་རིགས། སློབ་གྲྭ་བ་སྡུད་ཐབས་བཅས་ཐག་གཅོད་རྒྱུ།” ཞེས་དང་།
དོན་ཚན་སོ་བདུན་པར། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱི་སྒོ་ནས་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་བཏང་སྟེ་ཡིག་རྨོངས་བསལ་རྒྱུ་དང༌། སློབ་གྲྭ་སྣ་ཚོགས་འཛུགས་རྒྱུ། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ། རྣམ་པ་སྣ་མང་ལ་བརྟེན་ནས་མཐོ་གྲས་འབྲིང་རིམ་དཀྱུས་མའི་སློབ་གསོ་དང་འབྲིང་རིམ་ལས་རིགས་ཀྱི་ལག་རྩལ་སློབ་གསོ་་རྒྱས་གཏོང་རྒྱུ། ཆ་རྐྱེན་དང་དགོས་མཁོ་དང་བསྟུན་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་བཅས་དང༌། གྲངས་ཉུང་མི་རིགས་ཁག་གི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ།” ཞེས་མི་རིགས་སློབ་གསོའི་ལམ་ལུགས་འདྲ་མཉམ་ཡིན་པ་གསལ་བོར་བཤད་ཡོད། འདི་ཡང་མི་འདྲ་བའི་ཁྱད་པར་ཞིག་རེད།
ངས་འདི་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཆོས་དོན་ལྷན་འཚོགས་ཀྱི་ཁྲིམས་ཡིག རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་བཅའ་ཁྲིམས་བཅས་བསྡུར་ནས་དཔྱད་ཚེ། འགའ་རེའི་སེམས་ལ་མི་འཕྲོད་པ་མ་ཟད། དྲྭ་འབུ་ཤེས་མེད་རེ་ཟུང་གིས་རྒྱ་མིའི་གསང་ཉུལ་བ་དང་། དོལ་ཚོགས་ཀྱི་ཚོགས་མི་རེད་ཅེས་བཙན་བྱོལ་ཁྲོད་ཀྱི་རྒྱུན་སྤྱོད་ཀྱི་ཐ་སྙད་དེ་དག་བཀོལ་ནས་དམོད་པ་བྱེད་སྲིད་མོད། དྲང་མོར་བཤད་ན་རྒྱ་ནག་གི་རྩ་ཁྲིམས་དང་། ལྷག་པར་དུ་རྒྱ་ནག་གི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་གཉིས་ཀྱིས་བཙན་བྱོལ་བོད་མིའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱི་ཐུགས་འཕྲོག་ནས། བཤད་བཤད་པའི་མཐར་ཕྱི་ལོ་ ༢༠༠༨ ལོར་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་འགྲེལ་བརྗོད་ཅེས་པའི་ཡིག་ཆ་ཞིག་རྒྱ་གཞུང་ལ་ཕུལ་ཏེ། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ཁྲིམས་མཐུན་ཡིན་པ་ངོས་ལེན་དང་འབྲེལ། བོད་རྒྱ་ནག་དང་ཁ་འབྲལ་མེད་པར་དེའི་མངའ་འོག་ཏུ་སྡོད་རྒྱུ་ཡིན་ཚུལ་ཡིག་ཐོག་ནས་ཁས་ལེན་བྱས་ཡོད། ཁྱེད་ཅག་གིས་དེ་ཡང་བཟོད་སྒོམ་དང་། བསམ་ཤེས་བྱེད་ཐུབ་ན། ང་བོད་མི་དཀྱུས་མ་ཞིག་གིས་རྒྱ་ནག་གི་རྩ་ཁྲིམས་དང་། རྒྱ་ནག་གི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཀྱི་ཚིག་ཟིན་ཙམ་ལ་དཔྱད་པ་ཅུང་ཙམ་བྱས་ནས། དེ་དག་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཉིས་ལ་དབྱེ་ཞིབ་བྱས་པར་སྐྱོན་གང་ཡང་མེད་ལ། རྒྱ་ནག་གཞུང་གིས་ལག་ལེན་གྱི་ཐོག་ནས་བོད་མི་རིགས་ལ་དབྱེ་འབྱེད་ཀྱི་སྲིད་བྱུས་སྤེལ་གྱིན་མེད་ཅེས་ངས་རྩ་བ་ནས་བཤད་ཀྱིན་མེད།
གྲོས་ཚོགས་ཀྱི་མཐོང་ཆུང་།
ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༣ ཚེས་ ༡༤ ནས་ ༡༨ བར་སྐབས་ ༡༧ བཙན་བྱོལ་བོད་མིའི་གྲོས་ཚོགས་འཚོགས་དུས་ ༢ པ་དང་། ཚེས་ ༢༡ ནས་ ༣༡ བར་འཚོགས་དུས་གསུམ་པ་གཉིས་སྔ་རྗེས་སུ་འཚོགས་རྒྱུ་གཏན་ཁེལ་བས། ཕྱི་ཟླ་ ༢ ཚེས་ ༢༥ ཉིན། ཨ་རིའི་མངའ་སྡེ་ཀཱ་ལིའི་ཕོ་ཉ་ California དང་། བུ་རྒྱས་གནས Virginia ། ཉི་འོག་ New York བཅས་མངའ་སྡེ་གསུམ་གྱི་ནང་ནས། ཨ་རིར་ཡོད་པའི་ཇོ་ནང་པ་རྣམས་ཀྱིས་ལྷོ་བྱང་ཨ་རིའི་འཐུས་མི་རྣམ་པ་གཉིས་དང་། གྲོས་ཚོགས་སུ་སྙན་ཞུ་དང་། འབྲེལ་ཡོད་ཁག་ལ་ངོ་བཤུས་ཡང་ཕུལ་ཏེ། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་ཁྲིམས་ཐོག་ནས་ཐོབ་ཐང་འདྲ་མཉམ་གནང་རོགས་ཞེས་རེ་བསྐུལ་ནན་ཏན་དུ་ཞུས་ཡོད་མོད། ལྷོ་བྱང་ཨ་རིའི་འཐུས་ཚབ་གཉིས་ཀྱིས་ས་གནས་བོད་མིའི་སྐྱིད་སྡུག་གི་སྙན་ཞུ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་མེད་ཅིང་། གྲོས་ཚོགས་ནས་ཨ་སྡོད་ཇོ་ནང་པའི་སྙན་ཞུ་ཁག་སྣང་ཆུང་བྱས་ཏེ། གྲོས་ཚོགས་སུ་དེའི་ཐོག་བགྲོ་གླེང་ལྟ་ཅི། ཞུགས་མོལ་ཚོགས་འདུ་ཙམ་ཡང་མ་འཚོགས་པ་མ་ཟད། ཐ་ན་ཨ་སྡོད་ཇོ་ནང་པ་ཚོར་ཡིག་ལན་ཙམ་ཡང་མེད་པར་མཐོང་ཆུང་ཚད་ལས་བརྒལ་བ་བྱས་པར་ཨ་སྡོད་ཇོ་ནང་པ་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད།
ད་དུང་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་དེ་རིང་གི་བར་དེ་མི་ལོ་ཧྲིལ་བོ་ ༢༧ རིང་བཙན་བྱོལ་བོད་མིའི་གྲོས་ཚོགས་ནམ་འཚོགས་སྐབས། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཐོབ་ཐང་འདྲ་མཉམ་གནང་རོགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ཡོད་པ་དེ་དག་བསྐྱར་བཅོས་གནང་རོགས་ཞེས་སྙན་ཞུ་གྲངས་མེད་པ་ཕུལ་ཡང་། བཅའ་ཁྲིམས་ལ་བསྐྱར་བཅོས་སྨོས་ཅི། ཇོ་ནང་གི་སྙན་ཞུ་གྲོས་ཚོགས་སུ་ཕུལ་མི་ཆོག་ཅེས་ཐ་ཚིག་བསྒྲགས་པ་མ་ཟད། གྲོས་ཁང་ནས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་ཚོར་ཡིག་ལན་ཙམ་ཡང་སྤྲད་མེད། གང་ལྟར་དེ་དག་གི་སྐོར་གཞན་དུ་རྒྱས་པར་བྲིས་ཏེ། བཙན་བྱོལ་བོད་མིའི་ཡ་ང་བའི་ལོ་རྒྱུས་ཀྱི་ཟིན་ཐོར་ཉར་ཚག་བྱས་ཡོད་པས་འདིར་དེ་ཙམ་གྱིས་ཆོག་པར་བྱའོ།།
ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༦ ཉིན།
འགོ་ནས་འཇུག་བར་ཀློག་པ་ཡིན། རྒྱུ་ཚན་དང་གནས་ལུགས་འདུག ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་དོ་སྣང་བྱས་པ་ཡིན། ང་རང་ཆོས་ཀྱི་ཐོག་ལ་ཤེས་པ་དང་རྒྱུས་མངའ་ཡང་མེད། བོད་ཀྱིས་ཆོས་ལུགས་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་བཅས་པའི་ནང་ཇོ་ནང་ཆོས་ལུགས་འདུས་མེད་ན་ཇོ་ནང་ཙམ་མ་ཟད་བོད་་མིའི་དད་མོས་དང་ཉམས་ལེན་ཞུ་སའི་ཆོས་ལུགས་ག་འདྲ་ཞིག་ཡིན་ཀྱང་ཆོས་ལུགས་འདྲ་མཉམ་གྱིས་ཐོབ་ཐང་རྩོད་དགོས་པ་རེད་ལ་སྤྲོད་དགོས་པ་ཡང་རེད། བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་བཅས་པའི་ནང་འདུས་པའི་ཆོས་ལུགས་གཅིག་ལ་ཐོབ་ཐང་གཉིས་ཡོང་རྒྱུ་མེད་པ་གསལ་པོ་རེད། བོད་མི་ཞིག་ཡིན་པའི་ཆ་ནས་རང་གི་བསམ་ཚུལ་ཞུས་པ་ཡིན། ཕན་མ་ཐོག་ནའང་མི་གནོད་པའི་རེ་བ་ཡོད།
རང་དོན་གཙོ་བས་སྤྱི་དོན་ནར་ལུས་སུ་གྱར་སོང་ཀྱང་ད་དུས་ཕྱི་ཕལ་ཆེར་མིན་འདུག་པས་བསམ་ཚུལ་འགའ་ཞུ་འདོད་བྱུང་བ།
བེ་རི་རིག་པའི་རྡོ་རྗེ་ལགས། ཁྱེད་ཀྱི་བསམ་ཚུལ་རིང་མོ་འདི་ལ་བསྡོམས་ཤིག་གིས་ལན་གཅིག་ཞུས་ན། ཁྱེད་ང་དང་ངའི་ཕ་མ་སོགས་ལྟར་མིན་པར་རྒྱ་དམར་པའི་ལམ་ལུགས་ཆ་ཚང་ཤེས་སྨོན་ལས་ད་དུང་མི་ཡུལ་རྒྱ་གར་དུ་བོད་མི་བྱིངས་ལྟར་རང་ཡུལ་དབང་མེད་བཞག་ནས་སྐྱབས་བཅོལ་དུ་ཡོང་དགོས་དོན་གང་ཡིན། གཅིག་བྱས་ན་རྒྱའི་ལམ་ལུགས་ལས་བོད་སྐྱབས་བཅོལ་གཞུང་ཡག་པའི་རེ་བསམ་ལས་བྲོལ་བྱོལ་ཡོང་ཡོད་སྲིད། ད་ཆ་གནས་ཚུལ་ཤེས་པའི་མ་ཚད་རང་དབང་ཆ་ཚང་ཁ་ཡོད་ལག་ཡོད་ཁྱེད་ལ་ཡོད་དུས་ཡག་སར་མ་འགྲོ་བར་སྡུག་སར་གནས་དགོས་དོན་མིན་འདུག མཁྱེན་ཚ་ལ། ངའི་གྲོགས་ཞིག་གིས་ནོར་འདོད་ན་སྐྱོན་བཏགས་ཟེར་བའི་དཔེ་དེ་དྲན་བྱུང་།
མེད་ད་རི་བོང་ར་རེད་ཅེས་བོད་ཀྱི་ཡུལ་ཆུང་གི་གྲོང་ཆེན་ཞིག་ལ་དཔེ་བཞག་སྲོལ་འདུག རྒྱ་དམར་པའི་ལམ་ལུགས་ལ་ནི་རི་བོང་ར་ཡང་ཡོད། ཡིན་ཀྱང་བེད་སྤྱོད་དགོས་དུ་རི་བོང་ར་དེར་ཆ་རྐྱེན་མང་པོ་ཡོད་པ་མ་ཚད་ཆ་རྐྱེན་འཛོམས་ནའང་དམར་ཤོག་གི་བསམ་གཞི་མ་དག་པའི་རེ་བྲལ་དུ་ཆེར་ཉེ་གནས་དེ་ཁྱིེད་ཉིད་ཕུད་པའི་གཞན་བོད་མི་དང་། རྒྱ་གུང་བྲན་ཏང་དང་མཉམ་གཤིབ་མཉམ་གཏུགས་མྱོང་བའི་ཡུལ་གྲུ་དང་མི་དམངས། རྒྱ་མི་རིགས་མི་ཉུང་བ་ཞིག་གིས་ཀྱང་ངོས་ལེན་བྱེད་ཀྱི་འདུག
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་། གྲངས་ཉུང་མི་རིགས་ཁག་གི་ཆེད་ཕན་པའི་ལས་གཞི་མང་དག་ཅིག་རྒྱ་དམར་གཞུང་ནས་སྤེལ་པ་ཁྱེད་ལ་ངོས་ལེན་དམ་གཙང་ཡོད་འདུག ཡིན་ཀྱང་བོད་མི་རིགས་དང་། ནང་སོག ཤར་ཏུར་ཀི་སི་ཐན་མི་རིགས། རྒྱ་རིགས་སོགས་ནས་བཀའ་དྲིན་བསམ་ཤེས་བྱེད་མ་ཐུབ་པས་ལུས་རེད་དམ། ཡང་ན་རྒྱའི་ཡོད་རྒྱན་དེ་མིག་མེད་། རྣ་བ་མེད་སོགས་ལྟར་མེད་པའི་གོང་ཞུས་མི་རིགས་རྣམས་ཤ་ཟད་རུས་ལ་ཐུག་པའི་སྡུག་སྐད་ཤོར་བ་མ་རེད་དམ། ཁྱེད་ཀྱི་དམངས་གཙོ་དེ་མི་མང་པ་ལས་མི་གཅིག་གིས་བསམ་ཞིབ་གཙོ་བའི་རྒྱའི་དམངས་གཙོ་དེ་ཡིན་གདའ་ཨ།
ཁྲིམ་གྱི་མདུན་སར་གཅིག་པ་དགོས་ན་ཁྲིམ་ཁང་དུ་ཁྲིམ་སྦྱར་དགོས་པ་ལས་དེ་མིན་གཅིག་པ་ངོས་ལེན་བྱ་ཐབས་ཤིག་ཕལ་ཆེར་མེད་སྙམ།
ཁྱེད་ཀྱི་བྱོ་ནང་པ་ལས་འཕྲོས་པའི་བསམ་ཚུལ་མང་དག་ཅིག་བྱོ་ནང་པ་སྤྱིའི་བསམ་ཚུལ་ཡིན་པ་ང་ནི་ངོས་ལེན་ཐུབ་ཐབས་མིན་འདུག་པ་བཞིན་བྱོ་ནང་པ་ཚོས་ཀྱང་དེ་ལྟར་ཡིན་ཤས་ཆེ་བ་བཅས།།