གཞུང་པ་ཚེ་དབང་བསོད་ནམས།
མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་ལོ་རྒྱུས་ལ་བལྟས་པ་ཡིན་ན་ཁྲིམས་དཔོན་མེད་པའི་ཁྲིམས་ཁང་མཐོང་མ་མྱོང་ལ་གོ་ཡང་མ་མྱོང་། ང་ཚོའི་བཅའ་ཁྲིམས་ནང་གསལ་བའི་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་གལ་ཆེ་ཤོས་དེ་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན་པ་ནི་གཞི་རིམ་མི་མང་གི་བདེ་སྡུག་ཞུ་ས་དེ་ཁྲིམས་ཞིབ་ཁང་ཡིན་པ་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་དྲུག་ནས་ངོ་སྤྲད་པ་འདི་ལྟར། ༼ དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།
༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། རྒྱལ་ཁབ་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ༢ བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་ཆེརཿ
ཀ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འབྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང་།
ཁ གཞུང་གི་འགན་འཛིན་ལས་ཁུངས་སམ། ལས་བྱེད་པའི་ལས་དོན་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་།
ག གཞུང་དང་། གཞུང་འཛིན་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གི་ལས་དོན་དང་། ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང་།
ང བོད་མིའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང་།
ཅ བོད་མིའི་སྤྱི་ཚོགས་ཀྱི་རྩོད་རྙོག་དང་། སྤྱི་ཚོགས་ཀྱི་བདེ་འཇགས།
ཆ གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང་།
ཇ གཞན་ཡང་ཁྲིམས་ཞིབ་ཁང་འོག་མ་རྣམས་དང་། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང་། འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང་། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད། ༽ ཅེས་གསལ་བ་ནས་བཙན་བྱོལ་སྤྱི་ཚོགས་ནང་གོང་གི་དོན་ཚན་ཁག་དང་འབྲེལ་བའི་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་བཟོས་པ་དེའི་འགན་དེ་སུ་ལ་ཡོད་དམ། མི་མང་ནང་ཁ་མཆུ་ཞུ་གཏུགས་བྱེད་མཁན་ཡོད་ན་ཐག་གཅོད་སུའི་གནང་གི་རེད་དེ་ཡང་འདྲི་བ་གཅིག་མ་རེད་དམ། བཙན་བྱོལ་སྤྱི་ཚོགས་འདི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་འོག་འཚོ་དགོས་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་མུ་མཐུད་ནས་བཞུགས་དགོས་པ་ལས་སྔ་ལོ་སྤྱི་ཟླ་དགུ་པའི་ནང་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབྱར་ཚོགས་ཐོག་བཅའ་ཁྲིམས་བསྐྱར་བཅོས་བརྒྱུད་ནས་ད་ལམ་སྤྱི་ཟླ་དང་པོའི་ཚེས་དགུ་ནས་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་རྒས་ཡོལ་ཕེབས་པ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་ནས་ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ཁྲིམས་ཞིབ་པ་མེད་པའི་ཁྲིམས་ཁང་སྟོང་པ་བཟོས་པ་མ་རེད་དམ། ཁྲིམས་ཞིབ་པ་གསར་པ་མ་ཕེབས་བར་མི་མང་གི་བདེ་སྡུག་དེ་སུ་ལ་ཞུ་དགོས་ཀྱི་ཡོད་དེ་ཡང་བཅའ་ཁྲིམས་ནང་གསལ་ཁ་མེད་པ་འཐེ་ཚོམ་ནང་ལྷག་པ་ནས་མང་གཙོའི་ཀ་བ་འཛིན་སྐྱོང་སྡེ་ཚན་དང་། ཁྲིམས་བཟོ་སྡེ་ཚན་གཉིས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མི་མང་ལ་འགན་འཁུར་ནས་གསལ་བཤད་དུས་ཐོག་གནང་དགོས་པ་དེ་མང་གཙོ་དང་། དྲང་བདེན། འཚེ་བ་མེད་པ། ཕྱི་གསལ་ནང་གསལ། མང་གཙོ་ཡང་དག་པ། ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་དགོས་པའི་དུས་ལ་བབས་མི་འདུག་གམ། ལྷག་པར་དུ་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་དྲུག་པའི་ནང་གསེས་གཉིས་པའི་༼ ཀ་པ། ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འབྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་། ཟེར་བའི་དོན་ཚན་འདིའི་འོག་ནས་སྤྱི་འཐུས་སྐབས་བཅུ་དྲུག་དང་བཀའ་ཤག་སྐབས་བཅོ་ལྔའི་ལས་དུས་སྐབས་ཁྲིམས་འགལ་གྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དང་འབྲེལ་བའི་ཐོག་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་མ་བརྒྱུད་པ་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པའི་ནང་གསེས་བཞི་པའི་འོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་ཁྲིམས་འགལ་གྱི་ཐོག་ནས་འཕོ་འགྱུར་བཏང་བ་དེ་དག་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་སྒོ་ཕྱེ་བའི་ཉིན་དེ་ནས་ཁ་མཆུ་ཞུ་གཏུགས་བྱ་མི་ཚང་ཁ་ཤིག་ཤིག་ཡོང་རྒྱུ་གཏན་འཁེལ་བ་ནི་བྱ་ཁུ་བྱུགས་གནམ་ཆུར་སྒུག་པ་བཞིན་དུ་སྒུག་ནས་སྡོད་མཁན་གྱི་གྲངས་ཚད་དེ་ཡང་ཉུང་ཉུང་གང་ནས་ཡིན་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གསར་པ་མ་ཕེབས་བར་མི་མང་གི་བདེ་སྡུག་དེ་སུ་ལ་ཞུ་དགོས་པ་རེད་དེ་ཡང་མི་མང་ལ་གསལ་བཤད་དུས་ཐོག་གནང་དགོས་པ་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱིས་གཡོལ་ཐབས་མེད་པའི་མི་མང་འཐུས་མིའི་ཐུགས་འགན་ཞིག་མིན་པ་ཡིན་ནམ།