ཉག་རོང་དོན་གྲུབ་ནས།
རྡ་སའི་རི་ལ་ཅི་ཡོད།།
བཙན་བྱོལ་ནང་ལ་གང་ཡོད།།
དམར་དམར་གཅེས་གཅེས་ཐམས་ཅད།།
རུབ་རུབ་བྱས་ནས་ཡོད་སྐད།།
བཀའ་ཤག་ལྷན་རྒྱས་ཟེར་རུང་།།
འགོ་པ་གཅིག་གིས་བཟུང་ཡོད།།
མང་གཙོ་ཉུང་གཙོ་བྱས་ན།།
འདེམས་ཐོན་བཞི་ལྕོགས་རྒྱལ་འགྲོ །།
སྤྱི་འཐུས་ལྷན་ཚོགས་ཟེར་བ།།
ཤོག་ཁག་གཉིས་སུ་གྱེས་འདུག །།
ནང་རྩོད་ནང་འཁྲུགས་མ་གཏོགས།།
ཕྱི་དོན་བཤད་མཁན་ཉུང་དུ།།
ཆེས་མཐོའི་ཁྲིམས་ཞིབ་ལབ་ན།།
ཡར་ལངས་མར་འདུག་ཁ་ཤས།།
བཀའ་གསུང་བརྩི་བ་མ་གཏོགས།།
ཁྲིམས་སྒྲིག་རྩིས་མེད་ཡིན་པ།།
གྲོས་ཚོགས་ར་བ་མཐོང་དུས།།
ལ་ལ་བགད་ནས་ཤི་འགྲོ །
ལ་ལ་སྡུག་ནས་ངུ་ཡོང་།།
དགྲ་དགའ་གཉེན་སྡུག་ཆགས་ཡོད།།
ལ་ལས་རྒྱལ་ཞེན་བཤད་པ།།
ལ་ལས་རྒྱ་ངོ་སྲུང་བ།།
ཆ་ཤས་ཡང་ཤས་ཟེར་ནས།།
ཚིག་ཐོག་དབྱེ་བ་མ་ཆོད།།
ཐ་སྙད་ཙམ་ཞིག་རེད་ཟེར།།
གོ་དོན་ཁ་ཁ་ཡོད་ཟེར།།
ཁ་ནོར་ཚིག་ནོར་མེད་ཟེར།།
ཁ་ཐུག་དྲིས་ལན་མི་ཕོག །།
རྒྱ་མིས་རྒྱ་སྒོར་བཏང་ནས།།
ཐ་སྙད་བཙན་འཛུགས་བྱེད་དུས།།
བོད་མིས་བོད་མགོ་བསྐོར་ནས།།
ཐ་སྙད་གོ་ལྡོག་བྱེད་ཀས།།
དབུ་མའི་ལམ་ནས་བཤད་ན།།
རྒྱབ་ལྗོངས་མི་ལྗོངས་མི་དགོས།།
ཆ་ཤས་ཉམས་ལེན་ཞུས་ཡོད།།
འགོ་པར་ཐུགས་ཁག་མི་འདུག །།
ཁམས་འཐུས་མཁྲེགས་པོ་དེ་ཚོས།།
དབུ་སྲས་བཙིར་ནས་ཅི་བྱེད།།
དབུ་ལམ་སྲིད་ཇུས་འཛིན་ན།།
འགྲོ་ས་འབབ་ས་གཅིག་ཡིན།།
པེ་ཅིང་མཁར་གྱི་སྲིད་ཇུས།།
རྡ་སའི་གཞུང་གི་ཐབས་ཇུས།།
ཆུ་འགོ་འཐབ་ཕྱོགས་གཅིག་གྱུར།།
ཡིན་པ་གསལ་གསལ་ཐང་ཐང་།།
ཞའོ་ཕིང་ཚིག་གི་གཏིང་བྱས།།
རྒྱ་ལོ་དོན་གྲུབ་ཁ་བྱས།།
ཟམ་གདོང་རྒྱལ་པོའི་ཐབས་ཇུས།།
དབུ་ལམ་ཡེ་ཤེས་དབྱིངས་དཔྱད།།
ལ་ལས་ཆ་ཤས་རེད་ཟེར།།
ལ་ལས་ཆ་ཤས་མིན་ཟེར།།
ཡེ་ཤེས་དབྱིངས་དཔྱད་ཕུགས་ན།།
ཆ་ཤས་མ་གཏོགས་མི་འདུག །།
ཆོས་འཐུས་ཆོལ་འཐུས་དབྱེར་མེད།།
ཁ་དང་སྣ་ལ་ཁྱད་མེད།།
དབུ་ལམ་ཨ་མའི་འོག་ན།།
ཏང་ཕྲུག་དཀར་པོ་མེད་དོ།།
སྒྲོམ་གཞིའི་ནང་གི་རྒྱུན་འཁྱོངས།།
ཁ་ནས་མ་ཎི་ཡིན་རུང་།།
ཆ་ཤས་ནང་གི་ཐ་སྙད།།
སྤྱན་ལ་གསར་པ་ཆགས་འདུག །།
འདས་པ་འདས་པ་རེད་ཟེར།།
རྩོད་གླེང་མི་བྱེད་ཟེར་ན།།
དྲུག་ཅུའི་གོང་གི་བཙན་འཛུལ།།
དེ་ཡང་འདས་པ་མིན་ནམ།།
འདས་དོན་རྩོད་གླེང་བྱས་ནས།།
མ་འོངས་འདུན་ལམ་སྐྲུན་པ།།
འཇིག་རྟེན་མི་ཡི་འགྲོ་སྟངས།།
ང་ཚོར་དགོས་མཁོ་མེད་འདྲ།།
དབུ་རང་འགལ་ཟླ་ཤོར་ནས།།
མི་ལོ་སུམ་ཅུ་འགྲོ་སོང་།།
རྒྱལ་གཅེས་ཁ་ཤས་བཀྲོངས་སོང་།།
ཁ་ཤས་རྒྱང་འབུད་བཏང་སོང་།།
ད་ལྟའི་དབུ་ལམ་ནང་འགལ།།
ལོ་གསུམ་གོང་ནས་འགོ་ཚུགས།།
བཅའ་ཁྲིམས་རང་བཤིག་བརྒྱབ་སོང་།།
དམངས་གཙོ་མགོ་རྟིང་བསློག་སོང་།།
ཆོས་པ་གཟིམས་ནས་བཞུགས་འདུག །།
འགོ་པ་བཟི་ནས་བརྒྱལ་འདུག །།
མི་དམངས་འཐོམ་ནས་བསྡད་ན།།
རེ་ས་སྐྱབས་ས་མི་འདུག །།
༢༠༢༢ ལོའི་ཟླ་ ༠༩ པའི་ཚེས་ ༠༩ ཉིན།
ནག་ཁུང་ནང་ལ་སྡོད་པའི། །
ལོང་བ་ཉག་རོང་དོན་གྲུབ། །
སྒྲོན་མེ་ཁྲི་འབུམ་སྦར་ཡང་། །
མཐོང་བའི་དུས་ཤིག་མེད་དོ། །
ལི་ཐང་སྤྲུལ་རྫུན་བརྒྱུད་ནས། །
ཀྲུང་སྒོར་ག་ཚོད་རག་བྱུང་། །
བླ་མ་སྐལ་བཟང་ཤི་དུས། །
སེམས་པ་སྐྱོ་བ་ཨེ་བྱུང་། །
གཞུང་ཚབ་ལོ་གསར་སྐབས་སུ། །
ཁུག་མ་དམར་པོར་རེ་ནས། །
བསོད་བཟད་གདོང་རིས་ངོ་མ། །
ཐང་ལ་བཀྲམས་པ་ཨེ་དྲན། །
ཁམས་རིགས་ཞེན་ཁོག་ཡིན་ཟེར། །
རྒྱ་རི་སྒྲོལ་མར་ཕྱག་བཙལ། །
སྒྲོལ་མ་བཀའ་བློན་ཆགས་དུས། །
སྙིང་ལ་ཟུག་གཟེར་ཨེ་རྒྱག །
མང་པོ་བཤད་ནས་ཅི་ཕན། །
གསང་སྤྱོད་བསྡོགས་ནས་ཅི་བྱེད། །
དེ་ལས་སྡུག་ཁ་བཙུམས་ནས། །
ཀུ་ལི་རྒྱུག་ན་དགའ་དྲགས། །