གཞུང་པ་ཚེ་དབང་བསོད་ནམས།
བོད་ས་མ་ཤོར་སྐབས་༧ གོང་ས་མཆོག་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་རླབས་ཆེན་གྱིས་དགོངས་པ་བཞེས་ནས་སྤྱི་ལོ་ ༡༩༥༤ ལོར་མི་གྲངས་ལྔ་བཅུ་ང་གསུམ་ཡོད་པའི་ལེགས་བཅོས་སྤྱི་ཚོགས་ཚོགས་ཆུང་བཙུགས་པ་དེ་དག་ཕྱི་ནང་གི་འགོག་རྐྱེན་འོག་ནས་བོད་ནང་དུ་ལག་ལེན་མ་ཐུབ་པ་དང་། བཙན་བྱོལ་དུ་ཕེབས་མ་ཐག་སྤྱི་ལོ་ ༡༩༦༠ ཟླ་བ་ ༩ པའི་ཚེས་ ༢ ཉིན་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་མང་གི་སྐུ་ཚབ་སྤྱི་འཐུས་འོས་འདེམས་ཀྱི་བསྐོ་བཞག་ཐོག་བོད་ཀྱི་མང་གཙོ་དབུ་བརྙེས་ནས་མ་འོངས་བོད་ཀྱིས་ཆབ་སྲིད་ལམ་ལུགས་དེ་མང་གཙོ་ལ་ཁ་ཕྱོགས་ནས་སྤྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་ཟིན་བྲིས་དང་།
སྤྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་བ་དང་། སྤྱི་ལོ་ ༡༩༩༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར་སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ནས་༧ གོང་ས་མཆོག་གི་མཆོག་མཆན་ཕེབས་པའི་ཉིན་མོ་སྤྱི་ལོ་ ༡༩༩༡/༦/༢༨ ཉིན་ནས་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཁྲིམས་ཀྱིས་དབང་བསྒྱུར་འོག་ཁ་ཕྱོགས་ནས་ཁྲིམས་བཟོ་སྤྱི་འཐུས་ལྷན་ཚོགས། ༼ Legislature ༽ དང་། འཛིན་སྐྱོང་བཀའ་ཤག ༼Executive ༽ དང་། ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་། ༼ Judiciary ༽ བཅས་མང་གཙོའི་སྒྲིག་འཛུགས་སྐྱོང་མཁན་གྱི་ཀ་བ་གསུམ། ༼ Three Pillar of Democracy Organization ༽ དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་་པའི་ཚོགས་སྡེ་ཁག ༼ GO and NGO ༽ མི་མང་། ༼ Public ༽ དང་བཅས་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད། བརྩི་བཀུར། ཉམས་ལེན་ཞུས་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན། ༼ Responsibility of Citizen ༽ སྒྲུབ་དགོས་པ་ནི་གཡོལ་ཐབས་མེད་པའི་ཁྲིམས་ཐོག་ནས་བཀུར་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་། མང་གཙོའི་སྒྲིག་འཛུགས་ནང་མི་མང་གི་མངོན་འདོད་དང་། མི་མང་གི་བསམ་འཆར། མི་མང་གི་དགོས་འདུན། མི་མང་གི་རེ་བ། མི་མང་གི་ཡིད་ཆེས་བཅས་དེ་ཚོ་གཞི་ལ་བཞག་ནས་ཁྲིམས་བཟོ་སྡེ་ཚན་དང་། འཛིན་སྐྱོང་སྡེ་ཚན། ཁྲིམས་ལུགས་དབང་འཛིན་སྡེ་ཚན་བཅས་སྡེ་ཚན་དེ་གསུམ་ནས་མི་མང་གི་མངོན་འདོད་དུས་ཐོག་སྒྲུབ་དགོས་པ་དང་། མི་མང་གི་ངོས་ནས་སྡེ་ཚན་དེ་གསུམ་གྱིས་མི་མང་གིས་ཆེད་ལས་ཀ་གང་གནང་བ་རྣམས་དྲང་བདེན་དང་། འཚེ་བ་མེད་པ། ལྷག་བསམ། ཁྲིམས་མཐུན། བཟང་སྤྱོད་སོགས་དང་མཐུན་མིན་ལ་བྱ་ར་ནན་པོ་གནང་རྒྱུ་དེ་གཞི་རིམ་མང་གཙོའི་སྒྲིག་འཛུགས་ནང་ཡོད་པའི་མི་མང་གིས་ལས་འགན་ཆེ་ཤོས་དེ་ཡིན་པ་ནི་འདི་ལྟར། ༼ watch Dog ༽ བྱས་ནས་སྡེ་ཚན་གསུམ་དེ་མི་མང་ནས་སྲུང་དགོས་པ་དང་། གལ་སྲིད་མི་མང་ནས་སྡེ་ཚན་གསུམ་དེ་སྲུང་མ་ཐུབ་ན་དེ་འདྲའི་མང་གཙོ་དེ་གཉིད་ཤོར་བའི་མང་གཙོ། ༼ Sleeping Democracy༽ ལ་ངོས་འཛིན་བྱེད་ཆོག་པ་ནི་གོང་གི་སྡེ་ཚན་གསུམ་ནས་ཁྲིམས་འགལ་དང་སྒྲིག་འགལ་གང་བྱས་བྱས་རང་སྣང་གང་དྲན་བྱེད་སྲིད་པ་དང་། མང་གཙོའི་སྒྲིག་འཛུགས་ནང་མི་མང་ལ་ལས་འགན་ཆེན་པོ་ཡོད་པ་ནས་མི་མང་ལས་གལ་ཆེ་བ་མེད་པ་ནས་མི་མང་ནི་མང་གཙོའི་རྩ་བ། ༼ Root of Democracy ༽ འམ་ཡང་ན་མང་གཙོའི་ཀ་བ། ༼ Pillar of Democracy ༽ ཡིན་པ་དང་། མང་གཙོའི་སྒྲིག་འཛུགས་སྐྱོང་མཁན་གྱི་སྡེ་ཚན་གསུམ། ༡ ཁྲིམས་བཟོ་སྡེ་ཚན། ༢ འཛིན་སྐྱོང་སྡེ་ཚན། ༣ ཁྲིམས་ལུགས་དབང་འཛིན་སྡེ་ཚན། བཅས་སྡེ་ཚན་གསུམ་དེ་ལོ་དུས་རྫོགས་མཚམས་བརྗེ་པོ་རྒྱབ་ནས་འགྲོ་དགོས་པ་དང་། མི་མང་ལ་བརྗེ་པོ་རྒྱབ་ས་མེད་པ་ནས་གཏན་དུ་གནས་དགོས་པ་ནས་མང་གཙོ་ཚགས་ཚུད་པོ་དང་ཁྲིམས་སྒྲིག་འོག་གནས་ཐུབ་པའི་འགན་དེ་ཡུལ་མི་མང་ཚོགས་ལ་ཡོད་པ་ནས་མི་མང་དེ་མང་གཙོའི་སྒྲིག་འཛུགས་ནང་གལ་ཆེན་པོ་ཡིན་པའི་རྒྱུ་ཚན་ཡང་འདི་ལྟར། མང་གཙོ། ༼ Democracy ༽ མི་མང་གི་ཆེད་དུ། for the people ༽ མི་མང་ནས། ༼By the people ༽ མི་མང་གི་འགོ་ཁྲིད།༼Lead the people ༽ གོང་གི་མང་གཙོའི་ལྟ་གྲུབ་ནས་ངོ་སྤྲད་པ་འདིས་གསལ་པོ་ཆགས་ཐུབ་པ་ནས་མི་མང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྒྱུས་ལོན་གནང་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དང་། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཐུགས་འགན་ངོ་མ་བཅའ་ཁྲིམས་དོན་ཚན་སོ་དྲུག་ནང་གསལ་བའི་ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་སྤྱི་འཐུས་ལྷན་ཚོགས་ལ་ཡོད་ཟེར་བ་ནས་ཁྲིམས་སྒྲིག་ཁག་དུས་ཐོག་གཏན་འབེབས་གནང་དགོས་པ་ལས་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་མི་ལོ་སུམ་བཅུ་ལྷག་འགྲོ་བཞིན་པའི་སྐབས་འདིར་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་དུས་ད་ལྟ་ཡང་བཟོ་མ་ཐུབ་པ་དེ་ཁྲིམས་བཟོའི་ཐུགས་འགན་མ་སྒྲུབ་པའི་འཐུད་ཤོར་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། སྤྱི་ལོ་ ༢༠༠༩ ནས་བོད་རྒྱའི་འབྲེལ་ལམ་ཆད་ནས་དུས་ད་ལྟ་བར་བསྐྱར་གསོ་མ་ཐུབ་པ་འདི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་ཀྱི་བདེན་མཐའ་གསལ་ཐབས་ལ་འཛིན་སྐྱོང་སྡེ་ཚན་ནས་ནུས་པ་འདོན་མ་ཐུབ་པར་འཐུད་ཤོར་ཆེན་པོ་ཕྱིན་པར་ངོས་འཛིན་ཞུ་གི་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་ནས་མི་མང་ཉམས་ཆུང་གི་བདེ་སྡུག་ཞུ་ས་མེད་པ་འདིའི་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་ནས་གཞི་རིམ་མི་མང་གི་བདེ་སྡུག་ལ་འགན་འཁུར་མ་ཐུབ་པ་མ་ཟད་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་ཡང་མ་འགྲུབ་པ་མི་མང་གི་བདེ་སྡུག་ལ་འཐུད་ཤོར་ཆེན་པོ་བཏང་བར་ངོས་འཛིན་ཞུ་གི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་ཁྲིམས་ལུགས་ཡོངས་ཀྱི་རྩ་བ་ཡིན་པ་ནས་ཁྲིམས་བཟོ་སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་ཁག་བཅའ་ཁྲིམས་ཀྱི་ས་མཚམས་ལས་མ་འགལ་བར་དུས་ཐོག་སྒྲུབ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད།