རླུང་དམར།
བཙན་བྱོལ་བོད་མིའི་མང་གཙོ་དང་འོས་བསྡུ་ནི་མི་སྒེར་སོ་སོའི་གཞི་རྩའི་ཐོབ་ཐང་ཞིག་ཡིན། ༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་དགོས་དམིགས་གཙོ་བཟུང་བྱས་ཏེ་ཕྱི་ལོ་༡༩༦༠ཟླ་༠༩་ཚེས་༠༢ཉིན་མང་གཙོའི་ལམ་བུ་གསོལ་རས་གནང་ཞིང་དབུ་བརྙེས་པ་འདི་ནི་འཛམ་གླིང་ནང་གི་རྒྱལ་ཁབ་གཞན་དང་མ་འདྲ་བའི་བཙན་བྱོལ་བོད་མི་རྣམས་ལ་ཆེས་རིན་ཐང་ཆེ་བའི་མང་གཙོའི་ཐོབ་ཐང་དང་འོས་འདེམས་ཀྱི་གོ་སྐབས་ལེགས་པོ་ཞིག་ཐོབ་ཡོད། དེ་བཞིན། ལོ་ངོ་མང་པོ་ཞིག་ལ་བཙན་བྱོལ་བོད་མི་རྣམས་ཀྱིས་རང་རང་གི་དགའ་མོས་ལྟར་བཀའ་བློན་ཁྲི་བ་དང་། སྤྱི་འཐུས་ཚོགས་གཙོ། སྒྲིག་འཛུགས་ཁག་གི་འགོ་ཁྲིད། མཐར་སྲིད་སྐྱོང་སོགས་མང་གཙོའི་ལམ་ནས་འོས་འདེམས་ཆོག་པའི་ཐོབ་ཐང་ཡོད་པ་འདི་ངོ་མཚར་རབ་ཏུ་ཆེ་མོད། མང་གཙོ་ནི་ང་ཚོ་བོད་མི་སྒེར་སོ་སོའི་རྩ་བའི་ཐོབ་ཐང་ཡིན་པས། ང་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ལྷག་ཏུ་ཇེ་ལེགས་ནས་འཕེལ་རྒྱས་སུ་འགྲོ་བར་སྔ་ས་ནས་བོད་མི་རེ་རེའི་ཕྲག་ཏུ་བབས་པའི་འགན་འཁྲི་བླ་མེད་དེ་ཡིན། དེ་ཡང་། འདས་ཟིན་པའི་ལོ་ཟླ་ལ་ཕྱིར་མིག་གཅིག་འཕངས་ཏེ་བལྟས་ཡོང་ན། ང་ཚོ་བཙན་བྱོལ་བོད་མི་རྣམས་ཀྱིས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་མེད་པར་རྩ་དོན་གཅིག་ལ་བསམ་གཞིགས་བྱས་ཏེ་ལས་དོན་བསྒྲུབ་དགོས་ནའང་། ཉེ་བའི་ལོ་འགའི་ནང་དུ་བཙན་བྱོལ་བོད་མི་ཕལ་མོ་ཆེས་མང་གཙོ་ཁ་ལ་ཁྱེར་ནས་ཆོལ་ཁ་ཆོས་ལུགས་བརྩད་དེ་དུས་ཚོད་གཏོང་བཞིན་མཆིས་ལ། མང་གཙོའི་ཐོབ་ཐང་བེད་སྤྱོད་ལོག་པར་བཏང་ནས་ང་ཚོ་སྤྱི་ལ་གྱོང་གུན་མང་པོ་ཞིག་བྱུང་བ་ནི། ད་ལྟའི་གནས་བབ་འགར་བལྟས་ཏེ་ཞིབ་འཇུག་གནང་ན་ལེགས་པར་མཁྱེན་ནུས་རེད། ཡིན་ཡང་། འདས་ཟིན་པའི་བྱ་དངོས་ཐམས་ཅད་ཕྱིར་འོང་མེད་ཀྱང་། འདས་ཟིན་པའི་ཉམས་མྱོང་ཁྲོད་ནས་ང་ཚོ་བཙན་བྱོལ་བོད་མི་ཡོངས་ཀྱིས་ཡང་དག་པའི་མང་གཙོ་ཞིག་ལག་ལེན་དུ་འཁེལ་གནང་དགོས་ཤིང་། ༢༠༢༡ལོའི་མ་འོངས་སྲིད་སྐྱོང་དེ་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་སོགས་མེད་པར་དོན་དམ་གྱིས་བོད་སྤྱི་ལ་ཕན་པའི་སྲིད་སྐྱོང་ཞིག་འདེམས་དགོས་རྒྱུ་ནི་མང་གཙོ་ཚད་ལྡན་གྱི་སྒྲིག་གཞི་རེད་འདུག དེ་ལྟར་མང་གཙོ་དང་འོས་བསྡུ་ལ་བོད་མི་ཚོས་དོ་སྣང་བྱེད་པ་དང་། ད་ལྟའི་ཆར་ང་ཚོའི་ཁ་གཏད་དུ་ཡོད་པའི་རྒྱ་ནག་དམར་ཤོག་གི་སྲིད་ཇུས་ནག་པོ་ལ་རྒོལ་ལན་སྤྲད་དེ་རང་རེའི་མང་གཙོ་འདི་ངོམ་རྒྱུ་ནི་དེ་ལས་ཀྱང་གལ་ཆེན་ཡིན། དེ་ཡང་། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་”ང་ཚོ་ནི་མི་ལུས་གཅིག་ལྟར་ཁ་འབྲལ་ཐུབ་མེད་པའི་བོད་ཆོལ་ཁ་གསུམ་རེད། ང་ཚོ་བོད་ཆོལ་ཁ་གསུམ་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་ཡིན།”ཞེས་གསུངས་པ་ལྟར་བོད་མི་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་གནང་དགོས་ལ། ནུས་པ་མཉམ་སྤུངས། གཅིག་ཕན་གཅིག་གྲོགས། ཡིད་ཆེས་བློས་འཁེལ། འཐབ་རྩོད་གཅིག་པ། འོས་འགན་འཛིན་སྐྱོང་སོགས་བྱ་རྒྱུར། ད་ལྟ་ནས་གྲ་སྒྲིག་དགོས་པ་ཡིན། མ་འོངས་བཙན་བྱོལ་བོད་མིའི་སྲིད་སྐྱོང་འདེམས་དགོས་ན། མང་གཙོའི་ལམ་ནས་སྲིད་སྐྱོང་ཚད་ལྡན་ཞིག་འདེམས་དགོས་པ་ཧ་ཅང་གལ་ཆེན་རེད། མང་གཙོའི་སྤྱི་ཚོགས་ཤིག་ལ་དབུ་ཁྲིད་ཡག་པོ་ཞིག་མེད་ན། གཞུང་མང་གཉིས་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོང་པ་དང་། ཐ་ན། མི་སྒེར་རང་ཉིད་ལའང་དཀའ་ངལ་ཞིག་འཕྲད་ཡོང་པ་ནི་བཤད་མ་དགོས་པ་རེད། དེ་བས། མང་གཙོའི་གོ་རྟོགས་ལེགས་པོ་འཐོབ་པར་བྱས་ཏེ་འགྱོད་པ་མེད་པའི་འོས་འདེམས་ཀྱི་ཆ་ཤས་ཤིག་ལེན་རྒྱུ་དེ་ཡིན། དེ་ལྟ་ནའང་། ང་ཚོ་བཙན་བྱོལ་མི་མང་ལ་དཀའ་ངལ་འདྲ་མིན་ཞིག་འཕྲད་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། དེ་ནི། བཙན་བྱོལ་སྤྱི་ཚོགས་ནང་དྲང་བདེན་མ་ཡིན་པའི་ལས་ཀ་བྱེད་མཁན་གྱི་མི་སྣ་རེ་ཡོད་པས་མི་མང་གི་མཐུན་ལམ་དང་། དཔལ་འབྱོར། སྒྲིག་ཁྲིམས་སོགས་ལ་དོ་ཕོག་མང་པོ་ཐེབས་བཞིན་མཆིས། ང་ཚོས་དཀའ་ངལ་འདི་དག་ཇི་ལྟར་གདོང་ལེན་གནང་དགོས་ཟེར་ན། མང་གཙོའི་རིན་ཐང་ངོ་ཤེས་པའི་ཐོག་ནས་བཙན་བྱོལ་སྒྲིག་འཛུགས་དེའི་ལས་ཀྱི་སྣེ་མོ་བ་འོས་འཚམས་རེར་འདེམས་རྒྱུ་ཡང་ཤིན་ཏུ་གནད་འགག་ཆེན་པོ་ཡིན། ལྷག་པར་ཏུ་མ་འོངས་༢༠༢༡ ལོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚད་ལྡན་གཅིག་འོས་འདེམས་བྱེད་དགོས་རྒྱུ་གལ་ཆེན་ནང་གི་གལ་ཆེན་ཡིན། མང་གཙོའི་སྒྲིག་འཛུགས་ལ་སྲིད་སྐྱོང་ཡང་དག་གཅིག་དགོས། སྲིད་སྐྱོང་དེ་ལ་ཆ་རྐྱེན་མང་པོ་ཞིག་ངེས་པར་ཏུ་ཚང་དགོས་པ་ཡིན། ཆ་རྐྱེན་ནི། ཤེས་འཇོན་ལྡན་པ། འདབ་གཤོག་གཉིས་ལྡན། བཅའ་ཁྲིམས་བརྩི་སྲུང་། དྲང་བདེན་འགན་འཁྲི། འཆར་འགོད་བློ་རིགས། ཆོལ་གསུམ་གཅིག་སྒྲིལ། སྐད་ཡིག་དར་སྤེལ། ཕྱི་གསལ་ནང་གསལ། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་སོགས་མི་བྱེད་པའི་སྲིད་སྐྱོང་གཅིག་འདེམས་དགོས། དེ་ནི་ང་ཚོའི་འོས་འགན་ཡིན་ལ། རྒྱལ་ཁའང་ཡིན། དེ་འདྲའི་སྲིད་སྐྱོང་གཅིག་མེད་ན། བཙན་བྱོལ་བོད་མིའི་མ་འོངས་མདུན་ལམ་ལ་དཀའ་ངལ་ཚད་མེད་ཡོང་པ་ནི། ང་ཚོ་ཚང་མས་ཤེས་གསལ་རེད། དེར་བརྟེན། ང་ཚོས་རང་ཉིད་ཀྱི་འོས་ཤོག་དེ་མཐོང་ཆེན་དུ་བརྩིས་ཏེ། འོས་འདེམས་ཀྱི་ལས་རིམ་ནང་སྲིད་སྐྱོང་རླབས་ཆེན་གཅིག་འདེམས་དགོས་ལ། མང་གཙོའི་ལམ་ལྟར་ན། མི་སྒེར་རང་ཉིད་ཀྱིས་བསམ་བློ་བཏང་། ཞིབ་འཇུག་བྱས། དེ་ནས་སྲིད་སྐྱོང་གཅིག་འདེམས་དགོས་པ་རེད་མ་གཏོགས་མི་གཞན་གྱི་ཕྱོགས་ལྷུང་གི་སྐད་ཆ་དང་འཐེན་ཁྱེར་གྱི་གཡོ་འོག་ཏུ་ནམ་ཡང་ཚུད་མི་རུང་བས། བཙན་བྱོལ་བོད་མིའི་སྲིད་སྐྱོང་ལེགས་པོ་ཞིག་འདེམས་རོགས་གནང་། བོད་རྒྱལ་ལོ།།
་་་་་་་་་་་་ དེར་བརྟེན། ང་ཚོས་རང་ཉིད་ཀྱི་འོས་ཤོག་དེ་མཐོང་ཆེན་དུ་བརྩིས་ཏེ། འོས་འདེམས་ཀྱི་ལས་རིམ་ནང་སྲིད་སྐྱོང་རླབས་ཆེན་གཅིག་འདེམས་དགོས་ལ། ་་་་་་་་་་་་་
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པ་། སྲིད་སྐྱོང་དང་ བཀའ་བློན་གྱི་འོས་ཆོས་། སྲིད་སྐྱོང་དང་ བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ནི་ཟེར་བའི་ནང་གསེས་དོན་ཚན་། ༡་/ ༢/ ༣ / ༤ / ༥ / ༦ / ༧ / ༨ / ༩ བར་སྲིད་སྐྱོང་དང་ བཀའ་བློན་གྱི་འོས་ཆོས་སམ་ཆ་རྐྱེན་དེ་ཡིན་པ་བཅའ་ཁྲིམས་ནང་གསལ་བ་དང་། དེ་ལས་ལྷག་པའི་ཆ་རྐྱེན་དགོས་ཀྱི་ཡོད་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་དགོས་པ་ལས་མི་མང་མི་རེའི་ཆ་རྐྱེན་རེ་སྟོན་ན་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་ནམ་ཡང་གནས་མི་ཐུབ་པ་བཅས་།
གང་ལྟར་ག་རེ་བཤད་ན་མ་བཤད་ན་སྤེན་ཚེ་ལས་ལྷག་ཅིག་མི་འདུག། འོན་ཀྱང་མི་རེ་ངོ་རེ་ནས་དྲང་བདེན་གཞིར་རྩར་བཟུང་ནས་འོས་བླུགས་ན་ཁོང་ལ་ཐོབ་རྒྱུ་ཉག་གཅིག་རེད། དེ་མིན་ཞེན་ཁོག་དང་འཐེན་འཁྱེར་གྱི་དབང་དུ་སོང་ན་ཁེགས་པོ་རེད།