གཞུང་པ་ཚེ་དབང་བསོད་ནམས།
ཀ་བ་གསུམ་གྱིས་འགན་ཁུར་འོག་ཏུ་བཙུགས་པའི་བོད་མིའི་མང་གཙོ་འདི།།
ཁ་ནས་བཤོད་རྒྱུ་ཁྲིམས་ཀྱི་དབང་བསྒྱུར་ལག་ལེན་བཅའ་ཁྲིམས་དོ་ཕོག་བཏང་།།
ག་ནས་ལྟས་ཀྱང་བཅའ་ཁྲིམས་འགལ་འཛོལ་ནོར་འཁྲུལ་ཤོར་བ་སྤྱི་འཐུས་འགན།།
ང་ཚོའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་བཅའ་ཁྲིམས་ནོར་བུ་མང་གཙོའི་སྲོག།
ཅ་ཅོ་མང་བའི་བཙན་བྱོལ་སྤྱི་ཚོགས་བཅའ་ཁྲིམས་ལྟ་ཀློག་ཉིན་སྐར་ཙམ།།
ཆ་རྒྱུས་མེད་པའི་ཞི་བའི་མི་མང་རྩ་ཁྲིམས་བཅའ་ཁྲིམས་གང་བསམ་གླེང་།།
ཇ་ཕོར་གང་གི་འཐུང་ཡུན་མ་འགོར་ཁྲིམས་ཞིབ་ཆ་ཚང་གནས་དབྱུངས་བཏང་།།
ཉི་མ་དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་དུ་ནག་ཐིག་བཀོད།།
ཏཱ་ལའི་བླ་མས་བོད་མིར་གནང་བའི་བཙན་བྱོལ་མང་གཙོའི་སྒྲིག་འཛུགས་ལ།།
ཐ་ལ་གནས་པའི་ཞི་བའི་མི་མང་རེ་བཅོལ་གཏོད་ས་བཅའ་ཁྲིམས་ཙམ།།
ད་ནི་ང་ཚོའི་མང་གཙོའི་ལམ་ལུགས་གྲལ་རིམ་དམངས་གཙོ་གཅིག་བསྡུས་འདྲ།།
ན་གཞོན་མི་རབས་བློ་གསར་གཞོན་ནུ་རིག་པ་འགྲིམས་ནས་བཅའ་ཁྲིམས་སྲུང་།།
པ་ཕ་ཨ་མ་ཁྱིམ་ཚང་སྐྱོང་བའི་ནང་གི་ཀ་བ་གདུང་མ་འདྲ།།
ཕ་ལམ་འདྲ་བའི་བོད་མིའི་མང་གཙོ་སྲུང་མཁན་མང་གཙོའི་ཀ་བ་གསུམ།།
བ་ཕྱུགས་དུད་འགྲོ་བསམ་མེད་ཡིན་ཀྱང་རང་ཁྲིམས་རང་གི་སྲུང་ནས་འཚོ།།
མ་འགྲིག་མ་མཐུན་མ་འཆམ་མ་བྱུང་རྙོགས་གླེང་ཚང་མ་འགོ་ནས་བཟོས།།
རྩ་བ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་བཅའ་ཁྲིམས་ནོར་བུའི་ལམ་སྟོན་འོག།
ཚ་བའི་ཡུལ་དུ་བོད་མིའི་མང་གཙོ་ཁྲིམས་འགལ་སྒྲིག་འགལ་འགོ་ནས་བརྩམས།།
ཛ་དྲག་ངང་ནས་ཡིག་ཨང་སོ་དགུ་ཁྲིམས་འགལ་འོག་ཏུ་གཏན་འབེབས་གནང་།།
ཝ་ལེལ་སོམ་དང་མི་མང་འཐུས་མིའི་ཐོག་མའི་དམ་བཅའ་འདི་ཨ་ཡིན།།
ཞཱ་མོ་མི་ལ་གཡོགས་པའི་འགན་ཁུར་བཅའ་ཁྲིམས་དོན་ཚན་ངོ་མ་འཕྲོད།།
ཟ་རྒྱུ་འཐུང་རྒྱུའི་སྐད་ཆ་མ་རེད་ཁྲིམས་དང་སྒྲིག་གཞིའི་འགན་ཁུར་རེད།།
འུ་ཅག་བོད་མིའི་མང་གཙོའི་ལམ་ལུགས་ཀ་བ་གསུམ་ལྡན་བཅའ་ཁྲིམས་འགན།།
ཡ་རབས་བཟང་སྤྱོད་བོད་མིའི་རིག་གཞུང་ང་ཚོའི་མི་སྲུང་སུ་གི་སྲུང་།།
ར་ལུག་དུད་འགྲོ་བསམ་མེད་ཡིན་ཀྱང་ཕྱི་དྲོ་ལྷས་རར་མཉམ་དུ་འཛོམས།།
ལ་ལུང་ས་མཐར་བོད་མིའི་མང་གཙོ་བོད་མིའི་མི་བརྩི་སུ་གི་བརྩི།།
ཤེས་ཡོན་ཅན་ཚོ་བཅའ་ཁྲིམས་ལྟ་ཀློག་བརྒྱུད་ནས་བསམ་ཚུལ་གླེང་རན་རེད།།
ས་ཕྱོགས་འདི་རུ་བོད་མིའི་མང་གཙོ་གྲལ་རིམ་ལག་ཏུ་ཚུད་མི་ཉན།།
ཧ་ཧ་ཁྲིམས་བཟོའི་ཁྲིམས་འགལ་འཛིན་སྐྱོང་རྒྱང་བལྟ་དགྲ་མདུན་ངོ་རེ་ཚ།།
ཨ་ཁ་བོད་མིའི་མང་གཙོ་ཀ་བ་གསུམ་གྱིས་འོག་དུ་ཉམས་ཆགས་བཏང་།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༥ པའི་ཚེས་ ༧ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།