གཞུང་པ་ཚེ་དབང་བསོད་ནམས།
སྤྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་ནས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་ཞི་བའི་མི་མང་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་༧ གོང་ས་མཆོག་གི་ཕེབས་རྗེས་སུ་འབྲང་ནས་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་མ་ཐག་དྲུག་བཅུ་ཐམ་པའི་ལོར་༧ གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་འདི་བཙུགས་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་སྐབས་དང་པོའི་ལས་འཁུར་དམ་བཅའ་དེ་༼མ་ཎི་བཀའ་འབུམ་༽མདུན་དམ་འབུལ་ཞུས་ནས་དངོས་སུ་ལས་འཁུར་བླང་པ་ནས་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་མ་ཐོན་བར་སྤྱི་འཐུས་སྐབས་བཅུ་པ་བར་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་དེ་༼མ་ཎི་བཀའ་འབུམ་༽མདུན་འབུལ་བཞིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་སྤྱི་འཐུས་སྐབས་བཅུ་གཅིག་ནས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་དེ་ཆེས་མཐོའི་ཁྲིམས་ཞིན་པ་ཆེ་བའི་མདུན་བཅའ་ཁྲིམས་ནང་གཏན་འབེབས་ཟིན་པའི་ཚིག་བརྗོད་ལྟར་དམ་བཅའ་འབུལ་བཞིན་པ་ནས་ད་ལྟའི་ཆ་ལ་སྤྱི་འཐུས་སྐབས་བཅུ་དྲུག་གི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཁྲིམས་འགལ་གྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེའི་ཤུགས་རྐྱེན་འོག་ནས་ད་ལྟ་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་དང་། བཀའ་བློན་ཆ་ཚང་བསྐོ་མ་ཐུབ་པ་དང་། གལ་སྲིད་བསྐོ་ཐུབ་པའི་དབང་དུ་བཏང་ཡང་དམ་བཅའ་འབུལ་སའི་ཡུལ་མེད་པ་དང་། ཉེ་ལམ་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་དག་འཇུག་བསྡུ་མ་ཐུབ་པའི་གནས་སྟངས་ངོ་ཚ་ཁ་སྐྱེངས་སོགས་ལ་བལྟ་སྐབས་ང་ཚོ་མི་མང་ནས་ཡིད་ཆེས་དང་རེ་བ་བཅོལ་སའི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ། སྟོང་དཀྲུགས་བརྒྱ་འདེམས་བྱས་པའི་སྤྱི་འཐུས་ཚོའི་ཕྱག་ལས་གནང་སྟངས་ལ་ཞིག་ན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྒྱུད་ནས་མི་མང་གི་མངོན་འདོད་སྒྲུབ་ཐུབ་པའི་རེ་བ་ཅང་མ་མཐོང་བ་ནས་ད་ལམ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་གི་ཡོད། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་འགན་འཛིན་རྣམ་པ་དང་། ས་གནས་འཐུས་མི་བཅས་ཀྱི་ལས་འཁུར་དམ་བཅའ་དེ་༼མ་ཎི་བཀའ་འབུམ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་༽མདུན་དམ་འབུལ་ཞུ་དགོས་པའི་བཅའ་ཁྲིམས་བསྐྱར་བཅོས་འགྲོ་དགོས་པ་ནི་ད་ལྟའི་ང་ཚོར་འཕྲད་པའི་དམ་བཅའ་འབུལ་ས་མེད་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དང་།བརྟན་ཤོས་དེ་ཡིན་པ་མ་ཟད་མང་གཙོའི་རྒྱལ་ཁབ་སྤྱིའི་ལམ་ལུགས་དང་མཐུན་པ་ཞིག་ཀྱང་ཡིན་སྲིད་པ་ནི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་ལམ་ལུགས་ལ་བལྟས་པ་ཡིན་ན་ཁྲིམས་དཔོན་གྱི་མདུན་ལས་འཁུར་དམ་འབུལ་ཞུ་མཁན་ཕལ་ཆེར་མཐོང་མ་སོང་ཡང་རྒྱ་གར་གྱི་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་དེ་ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་དཔོན་༼ Supreme Court Judge ༽ ཀྱི་མདུན་དམ་འབུལ་ཞུ་བཞིན་པ་དང་རྒྱལ་ཁབ་མང་ཆེ་བས་དམ་འབུལ་དེ་རྒྱལ་ཁབ་སོ་སོའི་སྲིད་འཛིན་༼President༽དང་ཡང་ན་རྩ་ཁྲིམས་༼Constitution༽སམ་ཡང་ན་དམ་པའི་གསུང་རབས་ ༼ Quran ༽དང་ ༼ Bible ༽ སོགས་ཀྱི་མདུན་ལས་འཁུར་དམ་འབུལ་ཞུ་བཞིན་པ་ལས་ཁྲིམས་དཔོན་གྱི་མདུན་དམ་འབུལ་ཞུ་མཁན་གྱི་མང་གཙོའི་རྒྱལ་ཁབ་ཕལ་ཆེར་ཡོད་པ་ང་རང་ཐོས་རྒྱ་དང་མཐོང་རྒྱ་ཆུང་བའི་རྐྱོན་ཡིན་ན་ལས་དེ་མིན་ངས་མཐོང་མ་སོང་ལ་གོ་ཡང་མ་མྱོང་ན་ད་ལྟའི་ང་ཚོར་འཕྲད་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་འདི་ལས་བཟང་བ་དང་། འདི་ལས་བརྟན་པ། འདི་ལས་ལྷག་པ། མེད་པ་ངས་ཚིག་ཐག་བཅད་ནས་བཤད་ཐུབ་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་དབུས་པའི་མཛད་གཙོ་རྣམ་པའི་ལས་འཁུར་དམ་འབུལ་དེ་༼མ་ཎི་ཀ་འབུམ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་༽མདུན་དམ་འབུལ་ཞུ་རྒྱུའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་གསུམ་པ་ལ་བསྐྱར་བཅོས་ཐུབ་པའི་ཉིན་མོ་དེ་ནས་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་དང་པོའི་ནང་གསལ་བའི་ཁྲིམས་ཞིབ་པ་ཚོ་བསྐོ་རྒྱུར་དཀའ་ངལ་གང་ཡང་མེད་པ་ཟུར་བལྟས་ལེབ་མཐོང་མ་རེད་དམ།