བེ་རི་རིག་པའི་རྡོ་རྗེ།
གཅིག སྔོན་གླེང་།
དེ་རིང་ནས་ཡར་བརྩིས་ན་མི་ལོ་ ༣༧༠ ཡར་སྔོན་ཏེ་ཕྱི་ལོ་ ༡༦༥༠ ལོར་གྲུབ་མཐའ་གསར་བརྗེ་ཟེར་བའི་དྲག་ཟིང་ཁྲོད། ཇོ་ནང་གདན་ས་ཆེན་པོ་རྟག་བརྟན་ཕུན་ཚོགས་གླིང་ངེས་དོན་དགའ་བའི་ཚལ་སོགས་དབུས་གཙང་གཉིས་ཀྱི་ཇོ་ནང་པའི་དགོན་སྡེ་ ༣༢ ཀྱི་གྲུབ་མཐའ་བཙན་བསྒྱུར་བྱས། རྟག་བརྟན་དགོན་པའི་དགེ་འདུན་པ་ ༧༠༠ ལྷག་ཉིན་གཅིག་ནང་སྡེབ་གསོད་བྱས་ཤིང་། གཞན་དག་དགོན་པ་གཞན་དུ་བཙན་འདེད་བྱས། མཆོད་ཁང་རྩེ་སོགས་ངོ་མཚར་བའི་ལྷ་ཁང་མང་པོ་གཏོར་བཤིགས་བཏང་། རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུ་དམར་གདུང་གཙང་བོར་གཤེགས། ཚུལ་ཁྲིམས་ཀྱི་དྲི་ངལ་འཐུལ་བའི་ཆོས་གོས་སོགས་ན་བཟའ་རྣམས་རྩེའི་གཟིམ་ཆུང་གི་སྒོ་ཐེམ་འོག་ཏུ་མནན་པ་བརྒྱབས། རྟག་བརྟན་དཔར་ཁང་ཆེན་མོ་མེར་བསྲེགས་བཏང་། རྟག་བརྟན་དང་ཆོས་ལུང་བྱང་རྩེ་སོགས་ཀྱི་རྟེན་རྩ་ཆེན་ཁག་གཞུང་བཞེས་བྱས། བོད་དབུས་གཙང་གཉིས་སུ་ཇོ་ནང་པ་ཟེར་བ་མིང་གི་ལྷག་མ་ཙམ་དུ་བྱས།
དེ་ལྟ་ནའང་བོད་མདོ་ཁམས་གཉིས་སུ་ཇོ་ནང་པའི་བསྟན་པ་ད་ལྟའི་བར་དུ་མ་ཉམས་པར་དར་ཞིང་རྒྱས་བཞིན་ཡོད་མོད། བཙན་བྱོལ་སྲིད་གཞུང་གིས་དུས་རབས་ ༡༧ ནང་གི་བག་ཆགས་རྙིང་པར་ཤི་འཐམ་རོ་འཐམ་བྱས་ཏེ། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྟེ། ཆེ་མཐོང་རང་དབང་དང་། འདྲ་མཉམ་རང་དབང་། ཆོས་དད་རང་དབང་། ཆབ་སྲིད་འོས་བསྡུའི་རང་དབང་། སློབ་གསོའི་རང་དབང་། སྨྲ་བརྗོད་རང་དབང་སོགས་ཏེ། སུས་ཀྱང་བཙན་འཕྲོག་མི་རུང་བའི་རང་དབང་ཐོབ་ཐང་ཁག་ཡོངས་སུ་འཕྲོག་ནས་ཆོས་བརྒྱུད་དབྱེ་འབྱེད་བྱས་ཏེ། ཇོ་ནང་པ་རྣམས་ལ་ཁྱད་གསོད་དང་དམའ་འབེབས། གཉའ་གནོན་དང་མཐོང་ཆུང་ཚད་ལས་འདས་པ་བྱས་དང་བྱེད་བཞིན་ཡོད།
གཉིས། ཆེ་མཐོང་རང་དབང་།
བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་འགྲོ་བ་མིའི་གཞི་རྩའི་ཆེ་མཐོང་རང་དབང་དང་བྲལ་ཏེ། དུས་རྣམས་ཀུན་ཏུ་ཉམ་ཆུང་ཆུང་དང་། གཉའ་ཞུམ་ཞུམ་བྱས་ནས་འགྲོ་དགོས་པའི་གནས་ཤིག་ཆགས་ཡོད་པ་ལས། རང་ངོས་ནས་སོ་སོའི་རྣམ་དཔྱོད་དང་། འཇོན་ཐང་། སྤོབས་པ་སོགས་ངོམས་པའི་ཁོར་ཡུག་མེད་ལ། དེའི་གོ་སྐབས་ཀྱང་མེད་པ་མ་ཟད། སྲིད་གཞུང་གི་གནོན་ཤུགས་ཀྱི་དབང་གིས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་ཆེ་མཐོང་ལ་བརྩི་འཇོག་བྱེད་མཁན་སུ་ཡང་མེད།
བཙན་བྱོལ་སྲིད་གཞུང་གི་ངོས་ནས་རྣམ་ཀུན་“བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་”ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་ཡོད་སྟབས། མང་པོ་ཞིག་གིས་ཇོ་ནང་པའི་སྐོར་གང་ཡང་ཤེས་ཀྱིན་མེད་ལ། ཐ་ན་བོད་ལ་ཇོ་ནང་ཟེར་བའི་ཆོས་བརྒྱུད་བྱེ་བྲག་པ་ཅིག་ཡོད་པ་ཙམ་ཡང་ཤེས་མཁན་ཉུང་ཉུང་ཆགས་ཡོད། དམའ་མཐའ་ནས་བཤད་ན། བཙན་བྱོལ་སྲིད་གཞུང་གིས་རྒྱུན་ལྡན་བོད་ཀྱི་ལོ་གསར་ཉིན། བཙན་བྱོལ་བོད་མི་རྣམས་ལ་ལོ་སར་འཚམ་འདྲི་བྱེད་སྐབས། “བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་འཛིན་བླ་ཆེན་རྣམ་པ་”ཞེས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཟུར་དུ་བཀར་ནས་ལོ་སར་གྱི་འཚམ་འདྲི་བྱེད་བཞིན་ཡོད།
འདིར་དཔེ་བརྗོད་ཡག་ཤོས་ཤིག་བཀོད་ན། <<བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག>>ཅེས་པའི་དོན་ཚན་གསུམ་པར། “ཁྲིམས་ཡིག་གི་ཁྱབ་ཚད། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་བཙན་བྱོལ་བོད་མིའི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་མེད་པ་གསལ་བོར་བསྟན་ཡོད། ད་དུང་ཟླ་འདིའི་ཚེས་ ༥ ཉིན། བཙན་བྱོལ་སྲིད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲྭ་བརྙན་སྡེ་ཚན་ནས་འཆར་ཅན་ནང་ཆོས་ངོ་སྤྲོད་ཅེས་པའི་མདོ་འཛིན་པ་བློ་གྲོས་བཟང་པོ་ཟེར་བ་དེས། “བོད་དུ་དར་བའི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་དེ་ལ་བྱེ་བྲག་དར་སྲོལ་གྱི་རིམ་པ་ནི། གཡུང་དྲུང་བོན་གྱི་ཆོས་བརྒྱུད་དང་། སྔ་འགྱུར་རྙིང་མའི་ཆོས་བརྒྱུད། རྒྱལ་དབང་བཀའ་བརྒྱུད་པའི་ཆོས་བརྒྱུད། དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད། རི་བོ་དགེ་ལྡན་པའི་ཆོས་བརྒྱུད་བཅས་ལྔ་རུ་གྲངས་ངེས་ཤིང་དེར་མ་འདུས་པ་མེད་པ་ཡིན།” ཞེས་ཚིག་ཐག་བཅད་དེ་བཤད་ཡོད།
དེ་ལྟ་ན་ཡང་སྐབས་དེར་ཇོ་ནང་པ་སྐོར་ཞིག་གིས། ཡིག་ངག་གཉིས་ཀྱི་ཐོག་ནས་འབྲེལ་ཡོད་ལ་དོགས་འདྲི་བྱས་པས། དྲྭ་བརྙན་སྡེ་ཚན་ནས་བསྒྲགས་ཟིན་པའི་དྲྭ་བརྙན་ཐོག་གི་“ཆོས་བརྒྱུད་ལྔ་རུ་གྲངས་ངེས་ཤིང་དེར་མ་འདུས་པ་མེད་”ཅེས་པའི་ཚིག་ངན་དེ་བཅད་བཏུབ་བྱས་ཡོད་མོད། ལས་རིམ་དེའི་ནང་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་གསུང་བཤད་གནང་སྐབས། ཇོ་ནང་པའི་བླ་ཆེན་གདན་འདྲེན་ཞུས་མེད་པ་ཉི་ཤར་ལག་པས་འགེབ་མི་ཐུབ་པ་ཆགས་ཡོད།
དེ་བཞིན་བཙན་བྱོལ་བོད་མིའི་དྲྭ་ཐོག་ཏུ་ཆོས་རིག་ལས་ཁུངས་ཀྱི་ལས་དོན་ངོ་སྤྲོད་བྱེད་སྐབས། “ཆོས་རིག་ལས་ཁུངས་ཀྱི་ལས་དོན་དང་མཐུན་འགྱུར་གལ་ཆེན་འགའ་ཞིག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་དང་སྐུ་ཚབ་རྣམས་འཛོམས་པའི་ཆོས་ཚོགས། ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཞིང་ལོ་གཉིས་རེའི་མཚམས་སུ་འཚོགས་པའི་ཚོགས་འདུ་རྒྱས་འཛོམས་ཤིག་སྟེ། ཕྱི་ལོ་ ༡༩༦༣ ལོ་ནས་འགོ་ཚུགས་པས་ད་བར་ཆོས་ཚོགས་ཐེངས་བཅུ་གཅིག་འཚོགས་པ་དང་། མཐའ་མ་དེ་བཞུགས་སྒར་དྷརྨ་ཤལར་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་ཚོགས།” ཞེས་དང་། “བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུས་མཚོན།”ཞེས་དང་། “ད་ལྟའི་འཆར་ཡང་ཕྱི་ལོ་ ༢༠༡༡ ཟླ་བ་ ༩ ཚེས་ ༢༢ ནས་ ༢༤ བར་འཚོགས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པ་ནང་ཐག་གཅོད་གནང་དོན་བཞིན་ཆོས་བརྒྱུད་རེ་ནས་སྐུ་ཚབ་གཉིས་རེ་དང་། བཙུན་མའི་སྐུ་ཚབ་གཉིས་བཅས་ཁྱེན་འདུལ་བ་འཛིན་པ་བཅུ་ལས་སྒྲུབ་པའི་ཚོགས་ཆུང་ཞིག་ཟུར་བཙུགས་ཀྱིས་ས་ར་མཐོ་སློབ་ཏུ་ཉམས་ཞིབ་གནང་བཞིན་པ་ཡིན།” ཞེས་ཆོས་རིག་ལས་ཁུངས་ནས་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ལས་ཇོ་ནང་ཆོས་བརྒྱུད་ལ་མཐུན་འགྱུར་དང་རྒྱབ་སྐྱོར་གང་ཡང་བྱེད་ཀྱིན་མེད་པ་མ་ཟད། ཇོ་ནང་པས་དེ་དག་གི་ཆ་ཤས་ལེན་མི་ཆོག་པ་གསལ་བོར་བཀོད་ཡོད། འདི་དག་ནི་བཙན་བྱོལ་སྲིད་གཞུང་གིས་ཇོ་ནང་ཆོས་བརྒྱུད་ཀྱི་ཆེ་མཐོང་ལ་བརྩི་འཇོག་མེད་པར་མཐོང་ཆུང་དང་གཉའ་གནོན་བྱས་དང་བྱེད་བཞིན་ཡོད་པའི་དཔེ་མཚོན་ཙམ་ཡིན།
གསུམ། འདྲ་མཉམ་རང་དབང་།
བཙན་བྱོལ་སྲིད་གཞུང་གི་སྐྱུག་བྲོ་བའི་གྲལ་རིམ་ཁྲོད། ཇོ་ནང་པ་རྣམས་འདྲ་མཉམ་ཐོག་ནས་བཞུགས་གྲལ་དང་། བགྲོ་གླེང་། གྲོས་མོལ། ཚོགས་འདུ། སློབ་གཉེར། རྩེད་འཇོ། འགྲུལ་བཞུད། གཏུགས་བཤེར། ཉོ་ཚོང་སོགས་ག་རེ་ཡིན་ན་ཡང་འདྲ་མཉམ་གྱི་སྒོ་ནས་མཉམ་ཞུགས་བྱེད་རྒྱུའི་ཐོབ་ཐང་མེད་པ་མ་ཟད། ཁྲིམས་ཐོག་ནས་འདྲ་མཉམ་རང་དབང་རྩ་མེད་བྱས་ཡོད། དེ་ཡང་<<བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་>>ཏུ། “དོན་ཚན་ལྔ་པ། ཆོས་དོན་ལྷན་ཚོགས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཕྱོགས་ཀྱི་བྱ་བ་ཡོངས་ལ་ལམ་སྟོན་སྟངས་འཛིན་དང༌། སྒྲིག་གཞི་གཏན་འབེབས་བྱེད་པོའི་ཆོས་དོན་ལྷན་ཚོགས་ཤིག་དགོས་པ་ཡིན། དོན་ཚན་དྲུག་པ། ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ།
༡ ༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐད་བསྐོས་གནང་བའི་ཚོགས་མི་གཅིག
༢ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཡོངས་གྲགས་དབུ་ཁྲིད་རྣམ་པའམ། དེ་དག་གིས་དམིགས་བསལ་འགན་དབང་བསྐུར་བའི་སྐུ་ཚབ་རྣམ་པ།
༣ ཆོས་རིག་བཀའ་བློན།” ཞེས་ཆོས་བརྒྱུད་ཆེན་པོ་བཞི་སྟེ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལས་ཇོ་ནང་པ་རྣམས་འདྲ་མཉམ་ཐོག་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་སུ་ཞུགས་རྒྱུའི་འདྲ་མཉམ་ཐོབ་ཐང་སོགས་རྩ་བ་ནས་མེད་པ་བྱས་ཡོད།
བཞི། ཆོས་དད་རང་དབང་།
ཆོས་དད་རང་དབང་ནི་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་གཞི་རྩའི་རང་དབང་ཐོབ་ཐང་གལ་ཆེན་ཞིག་ཡིན་མོད། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཆོས་དད་རང་དབང་མེད་པ་ཁྲིམས་ཐོག་ནས་ཐག་གཅོད་བྱས་ཡོད།
དེ་ཡང་<<ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་>>ཏུ། “ཆོས་དོན་ལྷན་ཚོགས་ཀྱི་འགན་དབང༌། དོན་ཚན་བཅུ་བཞི་པ། འགན་དབང༌།
༡ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཉམས་མེད་རྒྱུན་འཛིན་དང༌།
ཉམས་པ་སོར་ཆུད་སླད་བསྟན་རྩ་ཆོས་སྡེ་ཁག་གི་བླང་དོར་ཁྲིམས་སྒྲིག་གཏན་འབེབས་དང༌། ཁྲིམས་སྒྲིག་སྲུང་བརྩི་ཡོང་ཐབས་སུ་གཟིགས་རྟོག་སྟངས་འཛིན་གནང་རྒྱུ།
༢ ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་གྱི་བྱ་བ་གོང་འཕེལ་འབྱུང་ཆེད་ལམ་སྟོན་སྟངས་འཛིན་གནང་རྒྱུ།
༣ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་དབང་ལུང་མན་ངག་དང༌། བཤད་སྒྲུབ་ཀྱི་རྒྱུན་ཇི་ཡོད་མི་ཉམས་གོང་འཕེལ་དང༌། ཉམས་པ་སོར་ཆུད་ཡོང་ཐབས་གནང་རྒྱུ།
༤ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་གཞུང་ལུགས་ཀྱི་ཕྱག་དཔེ་སྤྱི་དང༌། ཁྱད་པར་དཔེ་རྒྱུན་དཀོན་རིགས་རྣམས་མི་ཉམས་རྒྱུན་འཛིན་གྱི་ཆེད་ཞུ་སྒྲིག་དང༌། པར་སྐྲུན། དེ་བཞིན་གཞུང་ལུགས་གསར་རྩོམ་རྣམས་ལ་བསྐྱར་ཞིབ་ཀྱིས་ངོས་བཞེས་གནང་ཕྱོགས་ལ་དོ་དམ་སྟངས་འཛིན་གནང་རྒྱུ།
༥ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་སྲོལ་རྒྱུན་དང་མཐུན་པའི་གཞུང་ཆེན་སློབ་གཉེར་དང༌། རྒྱུགས་སྤྲོད། མིང་རྟགས་ལག་འཁྱེར་སྤྲོད་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་དང་སྟངས་འཛིན་གནང་རྒྱུ།
༦ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་མཁན་སློབ་དང༌། ལས་སྣེ་བཀོད་སྒྲིག་གནང་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་གནང་རྒྱུ།
༧ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང༌། བླ་སྤྲུལ་མཚན་གནས་གསར་བཞེས་གནང་མཁན་རྣམས་ལ་མཚན་གནས་གནང་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་གནང་རྒྱུ།
༨ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་ཆོས་ཚོགས་དང༌། སྒྲིག་འཛུགས་ཁག་ངོས་བཞེས་དང༌། ལམ་ལུགས་ལམ་སྟོན། ཁྲིམས་སྒྲིག་བཅའ་ཡིག་གཏན་འབེབས་གནང་རྒྱུས་མཚོན་སྐབས་མཚམས་གཟིགས་སྐྱོང་དང་སྟངས་འཛིན་གནང་རྒྱུ།
༩ ཆོས་ལུགས་གཞན་དག་དང་མཉམ་དུ་མཐུན་འབྲེལ་དང་མཉམ་རུབ་ཀྱི་ཐོག་ནས་སྐྱེ་འགྲོའི་བདེ་སྐྱིད་སྤེལ་བའི་ཐབས་ཚུལ་གནང་རྒྱུ།
༡༠ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཕན་ཚུན་དབར་དང་རང་ཁོངས་སུ་རྩོད་རྙོག་དང་འགལ་ཟླ་བྱུང་རིགས་རྩོད་པ་ཆོས་ཕྱོགས་སུ་ཞི་བའི་ཐབས་ཚུལ་གནང་རྒྱུ།
༡༡ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ཆོས་མཐུན་གྱི་བྱ་བ་གང་དགོས་གནང་རྒྱུ།” ཞེས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལས། ཇོ་ནང་ཆོས་བརྒྱུད་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད་ལྟ་རྟོགས་དང་། ཐོས་བསམ་གོང་འཕེལ་ཆེད་ལམ་སྟོན། ཡང་སྤྲུལ་ངོས་འཛིན། དཔེ་རྒྱུན་དཀོན་རིགས་པར་སྐྲུན་དང་གཞུང་ལུགས་གསར་རྩོམ་སོགས་མདོར་ན་ཁྲིམས་ཡིག་ཏུ་འཁོད་པ་དེ་དག་བཙན་བྱོལ་སྲིད་གཞུང་ནས་ངོས་ལེན་མེད་པ་གཏན་འབེབ་བྱས་ཡོད་ལ། བཙན་བྱོལ་ཁྲོད་ཇོ་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ཆོས་མཐུན་གྱི་བྱ་བ་གང་ཡང་བྱེད་ས་མེད་པ་ཁ་གསལ་གཏིང་གསལ་བྱས་ནས་ཁྲིམས་ཡིག་ཏུ་བཀོད་ཡོད།
ལྔ། ཆབ་སྲིད་འོས་བསྡུའི་རང་དབང་།
བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་མང་གཙོའི་གཞི་རྩའི་ཐོབ་ཐང་དང་། བོད་ཀྱི་ཡུལ་མིའི་ཐོབ་ཐང་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་ཁྲིམས་ཐོག་ནས་ཐག་གཅོད་བྱས་ཡོད། དེ་ཡང་<<བཙན་བྱོལ་བོད་མིའི་བཅའ་ཁྲིམས་>>སུ། “དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ།
༡ ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ།
ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ལྔ་བོ་ཁོ་ན་ལས། ཇོ་ནང་པ་རྣམས་ལ་རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་གདམ་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་བྱས་ཡོད།
ད་དུང་ད་ལོའི་སྲིད་སྤྱིའི་འོས་བསྡུ་སླེབས་ལ་ཉེ་སྐབས། བཙན་བྱོལ་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༤ འཁོད་པའི་བསྒྲགས་ཡིག་ཏུ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མི་འཐུས་རེ། གྲངས་འབོར་ལ་གཞིགས་ཏེ་ཆོལ་ཁ་ཆོས་བརྒྱུད་སོ་སོ་ནས་མི་འཐུས་གཅིག་ནས་གཉིས་ཡར་སྤར་ཆོག་ཅེས་དབྱེ་འབྱེད་བསྒྲགས་ཡིག་གང་སར་བསྐུར་ཡོད། གནད་དོན་འདི་དག་གིས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་གསལ་བོར་བསྟན་ཡོད། ཡང་དག་པའི་མང་གཙོའི་རྒྱལ་ཁབ་ཁག་ཏུ་མཚོན་ན། ཆོས་ལུགས་དང་། རིགས་རུས། ཤ་མདོག ཕོ་མོ་སོགས་ཀྱི་དབྱེ་མཚམས་མེད་པར་འདྲ་མཉམ་ཐོག གདམ་བྱ་འདེམས་བྱེད་ཀྱི་རང་དབང་ལ་ལོངས་སུ་སྤྱོད་ཆོག འདི་ལྟར་བལྟས་ན་བཙན་བྱོལ་བོད་མིའི་མང་གཙོ་ཟེར་བ་ནི། “ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འཕྱིད།།” ཟེར་བ་ལས་མ་འདས་སོ།།
དྲུག སློབ་གསོའི་རང་དབང་།
བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་ཆོས་དད་རང་དབང་དང་། རང་ལུགས་ལ་ཐོས་བསམ་སློབ་གཉེར། བསྟན་པ་འཛིན་སྤེལ་བཅས་ཀྱི་ཐོབ་དབང་མེད་པ་གོང་གི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཏུ་གསལ་བ་ལྟར་ཡིན་ལ། ད་དུང་གཞུང་འབྲེལ་སློབ་གྲྭའི་སློབ་དེབ་ཁག་ཏུ་ཡང་ཇོ་ནང་པའི་སྐོར་གཏན་ནས་ཡོང་མི་ཆོག་པ་བྱས་ཡོད། དཔེར་ན། བཙན་བྱོལ་བོད་མིའི་<<འཛིན་གྲྭ་བདུན་པའི་སློབ་དེབ། རྒྱལ་རབས་ཆོས་འབྱུང་དང་རིགས་ལམ་ནང་ཆོས་>>ཞེས་པའི་སློབ་དེབ་ཀྱི་དཀར་ཆག་ཏུ། “ལས་འབྲས་ཀྱི་སྐོར། བོན་གྱི་ལྟ་གྲུབ། སྔ་འགྱུར་རྙིང་མ། བཀའ་བརྒྱུད་པ། ས་སྐྱ་པ། བཀའ་གདམས་པ། དགེ་ལྡན་པ།” བཅས་ཁོ་ན་ལས། ཇོ་ནང་པའི་མཚན་ཟུར་ཙམ་ཡང་སློབ་དེབ་ཏུ་བཞག་མེད། དེ་བཞིན་ཝཱ་ཎ་བོད་ཀྱི་མཐོ་སློབ་དུ་ཆོས་ལུགས་ཆོས་བརྒྱུད་ཁག་གི་རང་གཞུང་འཆད་ཁྲིད་དང་སློབ་གཉེར་བྱེད་ས། ཆོས་དགེ་བཅས་ཡོད་མོད། ཇོ་ནང་པའི་རང་གཞུང་འཆད་ཁྲིད་བྱེད་སའི་ས་མིག་དང་ཆོས་དགེ་ལྟ་ཅི། ཐ་ན་དེའི་དཔེ་མཛོད་ཁང་དུ་ཡང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཟེར་བ་ལས། ཇོ་ནང་པའི་ཕྱག་དཔེ་ཙམ་ཡང་མཐོང་རྒྱུ་མེད་པ་བྱས་ཡོད། སློབ་གྲྭ་དང་དཔེ་མཛོད་ཁང་ནི་སློབ་གཉེར་བྱེད་སའི་ལྟེ་བ་ཡིན་པས། དེ་དག་གི་ནང་དུ་ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་གང་ཡང་མེད་པ་བྱས་ན། དེས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་སློབ་གཉེར་ལ་ཤུགས་རྐྱེན་ཅི་ཙམ་ཐེབ་བཞིན་ཡོད་པ་བཤད་ཅི་དགོས།
བདུན། སྨྲ་བརྗོད་རང་དབང་།
སྨྲ་བརྗོད་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་ལ། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་ནི་འགྲོ་བ་མི་ཡོངས་ཀྱི་རེ་འདོད་དང་དགོས་མཁོ་ཆེས་ཤོས་དེ་ཆགས་ཡོད་ཅིང་། དེ་དག་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡང་ཡོད། དེར་བརྟེན་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་འུ་ཐུག་ཐབས་ཟད་ཀྱིས་བཙན་བྱོལ་གཞུང་ལ་གོང་གསལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ཐོབ་ཆེད། ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་ཞི་འབོད་དང་། བཙན་དབང་དང་གཉའ་གནོན། ཆོས་བརྒྱུད་དབྱེ་འབྱེད་བཅས་ལ་ཞི་བའི་ངོ་རྒོལ་བྱས་པས། མཇུག་མཐར་བཙན་བྱོལ་གྲོས་ཚོགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༦ འཁོད་པའི་བཀའ་ཡིག་ཅིག་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་སྤྲད་དེ། ད་ནས་བཟུང་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་བཙན་བྱོལ་སྲིད་གཞུང་ལ་རེ་སྐུལ་སྙན་ཞུ་ཙམ་ཡང་ཕུལ་མི་ཆོག་ཅེས་ཇོ་ནང་པ་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་བཙན་རྒོལ་དྲག་པོ་བྱས་ཡོད།
དེ་ཡང་བཀའ་ཡིག་དེར། “དེ་གའི་༢༠༡༩།༨།༢༩ འཁོད་སྙན་ཞུའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཞུགས་མོལ་ཚོགས་འདུར་བཀའ་བསྡུར་ལྷུག་པོར་གནང་མཐར། དེ་སྔའི་བཞུགས་མོལ་ཚོགས་འདུར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གནང་ཟིན་པ་ལྟར་གྲོས་ཚོགས་ནང་འཁུར་མི་དགོས་པ་གནང་རྒྱུ་དང་། དེ་ཡང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་ཡུན་རིང་གྲོས་ཚོགས་ནང་འཁུར་མི་དགོས་པ་མ་ཟད། བཞུགས་མོལ་ཚོགས་འདུའི་ནང་ལའང་འཁུར་མི་དགོས་པ་བཅས་ལ་མང་མོས་ཐག་གཅོད་གནང་ཡོད་པ་དང་། དེའི་རྗེས་སླར་ཡང་གོང་གསལ་སྙན་ཞུའི་ནང་དོན་གཅིག་མཚུངས་ཀྱི་ ༢༠༡༩།༩།༡༩ འཁོད་ཞུ་སྙན་ཕུལ་འབྱོར་ཐད་ལའང་གཅིག་མཚུངས་ཞུ་དགོས་བཅས་བཀའ་ཕེབས་སོང་བ་དེ་དོན་དགོངས་འཇགས་ཞུ།” ཞེས་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱི་རང་དབང་དང་ཐོབ་ཐང་འཐབ་རྩོད་ཀྱི་སྙན་ཞུ་བཙན་བྱོལ་བོད་མིའི་གྲོས་ཚོགས་སུ་འབུལ་མི་ཆོག་ལ། གལ་ཏེ་ཕུལ་ན་བཀའ་ལན་གཅིག་མཚུངས་སུ་སྤྲོད་དགོས་ཞེས་བཙན་བཀའ་བཏང་ཡོད། སྨྲ་བརྗོད་རང་དབང་ལ་རྒོལ་རྡུང་དང་དྲག་གནོན་ཟེར་བ་ནི། འདི་ལྟར་སྲིད་གཞུང་ཞིག་གིས་རང་གི་འབངས་མི་སེར་ལ་བཙན་བཀའ་ཕབ་སྟེ། གཞུང་ལ་སྐྱིད་སྡུག་གི་རེ་འབོད་དང་སྙན་ཞུའི་རིགས་གང་ཡང་ཕུལ་མི་ཆོག ཞི་འབོད་བྱེད་མི་ཆོག གལ་ཏེ་ཕུལ་ནའང་གཞུང་གིས་ངོས་ལེན་མེད་ཅེས་ཐ་ཚིག་བསྒྲགས་པ་ལས། འབངས་མི་སེར་རེ་རེའི་ཁ་ལ་གཟེར་མ་རྒྱག་རྒྱུའི་ལམ་ལུགས་ཤིག་མེད། གལ་ཏེ་དེ་འདྲའི་འགྲོ་སྟངས་ཤིག་ཡོད་པའི་དབང་དུ་བཏང་ན། བཙན་བྱོལ་སྲིད་གཞུང་གིས་ཇོ་ནང་པ་རྣམས་ཀྱི་ཁ་ལ་ལྕགས་གཟེར་བརྒྱབ་རྒྱུར་ཐེ་ཚོམ་སྤུ་ཙམ་མེད་དོ།།
བརྒྱད་པ། མཐའ་སྡོམ།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་རྒྱལ་བ་ཇོ་ནང་པ་ནི། ཕྱི་ལོའི་དུས་རབས་ ༡༡ ནང་དབུ་བརྙེས་ཤིང་། དུས་རབས་ ༡༣ ནང་ཀུན་སྤངས་ཆེན་པོ་ཐུགས་རྗེ་བརྩོན་འགྲུས་ཀྱིས་སྲོལ་ཕྱེས། རྒྱལ་བའི་ལུང་བསྟན་ཀུན་མཁྱེལ་དོལ་པོ་སངས་རྒྱས་ཡབ་སྲས་དང་། རྗེ་བཙུན་ཀུན་དགའ་གྲོལ་མཆོག རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཡབ་སྲས་བརྒྱུད་པ་དང་བཅས་པས་དར་རྒྱས་སུ་བཏང་བའི་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་ལ། ཆོས་བརྒྱུད་འདིས་རྒྱལ་བའི་བཀའ་འཁོར་ལོ་གསུམ་དང་། ཁྱད་པར་འཁོར་ལོ་ཐ་མའི་དགོངས་པ་རྩལ་དུ་བཏོན་ནས་འཆད་རྩོད་རྩོམ་གསུམ་གྱི་སེང་གེའི་སྒྲ་ཆེན་པོ་གངས་རིའི་ཁོར་ཡུག་ཀུན་ཏུ་བསྒྲགས་ཤིང་། དཔལ་མཆོག་གི་དུས་ཀྱི་འཁོར་ལོའི་བསྟན་པའི་བཀའ་བབ་ཆེན་པོར་བཞེངས་པས། ངེས་དོན་བསྟན་པའི་བདག་པོ་རྒྱལ་བ་ཇོ་ནང་པ་ཞེས་ཡོངས་སུ་གྲགས། དེ་ཡང་མདོར་བསྡུས་ན། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས།
“ཁྱད་པར་རྟོན་པ་བཞི་ལྡན་ཀུན་མཁྱེན་རྗེ།།
རྩོད་དུས་རྡོ་རྗེ་འཆང་དངོས་སྒྲོལ་བའི་མགོན།།
རིགས་ལྡན་གཉིས་པའི་བཀའ་བརྒྱུད་ཕུལ་དུ་བྱུང་།།
ལུགས་སྲོལ་དེ་དག་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རྔ་བོ་ཆེའི་མདོ་སོགས་ནས་ཐུབ་མཚན་འཆང་བའི་དགེ་སློང་དུ་ལུང་བསྟན་པ། རིགས་ལྡན་སྤྲུལ་པའི་སྐུ་དོལ་པོ་པ་ཆེན་པོ་རྒྱལ་བའི་གསུང་རབ་ལ་མཐར་ཐུག་རྟོན་པ་རྣམ་པ་བཞི་དང་ལྡན་པ་ཀུན་མཁྱེན་ཆོས་ཀྱི་རྗེ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་། རྩོད་པའི་དུས་ཀྱི་མཐར་གྲུབ་ཆེན་སྤྱོད་འཆང་དབང་པོ་བསམ་བཞིན་སྐྱེ་བ་བཞེས་པ། གསང་བ་ཟབ་མོའི་གནས་ལ་རྡོ་རྗེ་འཆང་གཉིས་པའི་གོ་འཕང་བརྙེས་པ་རྗེ་བཙུན་སྒྲོལ་བའི་མགོན་པོས་ཤིང་རྟའི་ལམ་སྲོལ་ཕྱེས་པ་དག་ནི་རིགས་ལྡན་གཉིས་པའི་བཀའ་བརྒྱུད་དེ་གཞན་ལས་ཕུལ་དུ་བྱུང་ཞིང་སྒྲུབ་བརྒྱུད་འདིའི་བཀའ་ཆེན་བབས་པ་ཡིན་ནོ།།” ཞེས་དང་།
དེ་བཞིན་དུ་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱང་།
“མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི།།
ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།
མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབ་པ།།
ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།” ཅེས་ཐུགས་སྨོན་དྲག་པོས་མཚམས་སྦྱར་ཏེ་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་མཛད་པ་མ་ཟད། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་བཙན་བྱོལ་བོད་མིའི་གྲོས་ཚོགས་ཁང་གི་སྒོ་འགྲམ་དུ་ཞི་བའི་ངོ་རྒོལ་བྱེད་སྐབས་ཆེད་དུ་གནང་བའི་བཀའ་ཡིག་ཏུ། “བོད་ཀྱི་བསྟན་སྲིད་གོད་ཆག་ཀྱིས་རྐྱེན་པས་རྒྱལ་བསྟན་སྤྱི་ཡོངས་ལ་སྔར་བྱུང་མྱོང་མེད་པའི་ཉམས་ཆག་བྱུང་བའི་ཁྲོད་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡང་ཉག་ཕྲར་གྱུར་བ་ཀུན་ཤེས་ཡིན། རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཉམས་བཞེས་སྤྱི་དང་། ལྷག་པར་སྦྱོར་དྲུག་རྩལ་དུ་བཏོན་པའི་ཉམས་བཞེས་ཀྱི་བསྟན་རྒྱུན་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་ཐབས་སུ་ཆོས་བརྒྱུད་གང་གི་དབུ་ཁྲིད་ཁལ་ཁ་རྗེ་བཙུན་རིན་པོ་ཆེའི་མཚན་གནས་བསྐྱར་གསོ་དང་འཕགས་ཡུལ་དུ་ཇོ་ནང་མ་དགོན་གྱི་གནས་གཞི་མཐུན་རྐྱེན་བཅས་ཆེད་དུ་སྦྱར་བས་མཚོན་ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་མཐུན་རྐྱེན་གང་ཐུབ་སྒྲུབ་པ་ཚང་མས་ཐུགས་ངེས་ཡིན་ལ།” ཞེས་ཆོས་བརྒྱུད་ཆེན་པོ་ཞེས་བསྔགས་བརྗོད་ཀྱང་མཛད་ཡོད།
དེ་བཞིན་བོད་གངས་ལྗོངས་སུ་མཚོན་ན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་དག་པའི་དབུ་ཁྲིད་འོག་བོད་ཀྱི་ཆོས་བརྒྱུད་ཚང་མ་འདྲ་མཉམ་གྱི་སྒོ་ནས་ཡར་རྒྱས་གོང་འཕེལ་བྱུང་དང་འབྱུང་བཞིན་ཡོད་ལ། ལྷག་པར་ད་ལྟའི་ཆར་རྒྱལ་བ་ཇོ་ནང་པའི་བསྟན་གཞི་དགོན་སྡེ་སོ་སོའི་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་དང་། ཟབ་ལམ་སྦྱོར་བ་ཡན་དྲུག་གི་ཉམས་བཞེས་སོགས་དབྱར་མཚོ་བཞིན་གོང་དུ་འཕེལ་བཞིན་ཡོད་པས། ཇི་སྐད་དུ།
གངས་ལྗོངས་རྒྱལ་བསྟན་གཡུ་ལོའི་སྐྱེད་ཚལ་དུ།།
ངེས་དོན་བསྟན་པའི་ལྗོན་བཟང་ལེགས་སྨིན་པས།།
བཙན་བྱོལ་དབྱེ་འབྱེད་སྲིད་གཞུང་ནག་པོའི་འོག།
རང་དབང་མ་ཐོབ་ནའང་ཅི་ཞིག་ཤོར།།
བེ་རི་རིག་པའི་རྡོ་རྗེས། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༨ ཉིན། བཙན་བྱོལ་ཕྱི་དྲིལ་དྲྭ་བརྙན་སྡེ་ཚན་གྱི་མདོ་འཛིན་པ་བློ་གྲོས་བཟང་པོ་ཟེར་བའི་བྱེད་བབ་ལ་བརྟེན་ནས་དེ་ཙམ་དུ་ཤར་མར་བྲིས།
བཙན་གཤེད་དེ་ལ་ངོ་རྒོལ་ཡོད། མི་མང་གི་བདེ་སྡུག་གཞུང་གཞུ་མི་ཆོག་ན་དམར་ཤོག་གཞུང་དང་
ཁྱད་པར་གང་འདུག་གམ།
༼ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༦ འཁོད་པའི་བཀའ་ཡིག་ཅིག་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་སྤྲད་དེ། ད་ནས་བཟུང་བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ཀྱིས་བཙན་བྱོལ་སྲིད་གཞུང་ལ་རེ་སྐུལ་སྙན་ཞུ་ཙམ་ཡང་ཕུལ་མི་ཆོག་༽
བོད་ལྗོངས་ཉིན་རེའི་ཚགས་པར་ནས་དཔར་ཤུས་ཡག་པོ་བྱས་འདུག།
ཁ་མཆུ་རྒྱག་ཐུབ་ན་བཀའ་ཤག་དང་སྤྱི་འཐུས་ལ་ཁ་མཆུ་རྒྱག་དགོས་པ་ལས་དོན་མེད་ལས་བྱེད་དཀྱུས་མ་ཞིག་གི་ཐོག་ལ་ངར་ནས་ཅི་བྱ། ཁོ་ལའང་རང་དབང་མེད་ཀྱང་གོང་རིམ་གྱི་བཀའ་འོག་ཏུ་འགྲོ་དགོས་པ་རེད། ལས་བྱེད་དཀྱུས་མ་ཞིག་ལ་བླ་རྒན་ངར་མ་ལངས། རླུང་ལངས་ས་ནོར་འདུག
ཡང་ཉོག་གཏམ་ཀྱི་རི་བོ་བརྩེགས་འདུག་
བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ནང་ཁུལ་ལབ་རྒྱུ་དང་གླེང་རྒྱུ་ལ་མགོ་འཁོར་ནས་དུས་ཚོད་རྫོགས་འགྲོ་ས་རེད་ཨ་ཁ་ཁ་།
ཇོ་ནང་ཆོས་ལུགས་དེ་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ཡོད་པའི་ཆོས་ལུགས་ཆེན་པོ་བཞི་དང་གཡོན་དྲུང་བོན་དང་བཅས་པའི་ཆོས་ལུགས་ལྔའི་ནང་མ་འདུས་པའི་བོད་མི་མང་གིས་དད་གུས་ཞུ་སའི་ཆོས་ལུགས་ཞིག་ཡིན་པའི་ཆོས་རིག་ལྷན་ཁང་གི་ངོས་འབྱོར་ཡོད་པའི་ཉིན་མོ་དེ་ནས་སྤྱི་འཐུས་གྲོས་ཚོགས་ནས་ཇོ་ནང་ཆོས་ལུགས་ལ་སྤྱི་འཐུས་ཀྱི་ས་མིག་སྤྲོད་དགོས་པ་དེ་ཆོས་ལུགས་རིས་མེད་ཟེར་བའི་ཐ་སྙད་ལ་ང་ཚོའི་འགན་ཁུར་དགོས་པ་མ་རེད་དམ་?
ནོར་བཅོས་ གཡོན་དེ་ གཡུང་ལ་བཅོས་རོགས་།
མི་བཅུ་ཕྲག་གཉིས་གསུམ་ལ་སྤྱི་འཐུས་དགོས་ན་ ཡ་མཚར་རེད། ཁ་ཆེ་དང་ཡི་ཤི་མ་ཤི་ཀ་ཆོས་ལུགས་ལ་དད་གུས་བྱེད་མཁན་ཡོངས་ལ་ ཧ་ཧ་ ཧ
རྩོམ་ཡིག་འདི་ནི་ཕྱི་ལོ་༢༠༡༥ ལོའི་སྤྱི་འཐུས་གྲོས་ཚོགས་སྐབས་ཇོ་ནང་ཆོས་རྒྱུད་ཀྱིས་སྤྱི་འཐུས་གྲོས་ཚོགས་ཀྱི་མདུན་དུ་ཇོ་ནང་ཆོས་རྒྱུད་ཀྱི་ཁེ་དབང་བརྩད་དེ་ཟས་བཅད་ངོ་རྒོལ་བྱེད་སྐབས་སུ་བྲིས་པ་ཡིན་མོད། རང་གི་ཁེ་དབང་མ་གཏོགས་གཞན་གྱི་ཐོབ་ཐང་ལ་བསམ་དཔྱོད་ཀྱི་ནུས་པ་བྲལ་བའི་དམུན་པོ་དག་གི་རྣ་བར་སྙན་པོ་མེད་ཀྱང་། འདྲ་མཉམ་དང་དམངས་ཀྱི་ཁེ་དབང་གི་དངོས་དོན་ལ་ངེས་ཤེས་གཏིང་ནས་རྙེད་པ་དག་གིས་བདེན་པའི་མགོ་བོ་ལྡེམ་པར་ཡིད་ཆེས་བརྟན་པོ་ཡོད།
ཇོ་ནང་ཆོས་རྒྱུད་ཀྱི་ཁེ་དབང་དང་བོད་གཞུང་གི་འཇིགས་རུང་སྒེར་གཅོད།
ཁ་བྱང་འདི་འདྲ་ཞིག་མཐོང་ན་སྒེར་གཅོད་མགོ་ཁྲིད་དག་དང་དེ་དག་གི་རྗེས་འབྲང་པ་ཚོས་ནམ་རྒྱུན་ཉམ་ཆུང་དག་གི་མགོ་རུ་མགོ་གཡོག་གྱིན་པའི་རྒྱ་མིའི་སོ་བ་དང་བོད་གཞུང་ལ་
ཅིག་ཅིག་ཅིག་དང་ཉིག་ཉིག་ཉིག་བྱས་སོང་ཟེར་བཞིན་ཕྱོགས་ཞེན་གྱིས་མྱོས་པའི་སྤྱི་ཚོགས་
འདིའི་ནང་དུ་འུར་གྱིས་བསྒྲག་པ་ཐག་གིས་ཆོད་མོད།
ཡིན་ན་ཡང་བོད་གཞུང་གི་བཀའ་སྤྱི་གཉིས་ནས་ཇོ་ནང་ཆོས་རྒྱུད་ཀྱི་ཁྲིམས་མཐུན་ཁེ་དབང་བཙན་གྱིས་ཕྲོགས་པ་འདི་ཉི་ཤར་སྤར་མོས་མི་ཁེབས་ཅེས་པའི་དཔེ་ལྟར་གཞན་ལ་ཁ་
གཡར་ཁག་དཀྲི་བྱ་ས་གཏན་ནས་ཡོད་མི་སྲིད། ༧གོང་ས་མཆོག་གི་གཙོས་ཆོས་རྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པས་ཇོ་ནང་ཆོས་རྒྱུད་འདི་
ལྟ་གྲུབ་གཉིས་ཐད་ནས་རང་རྐྱ་འཕེར་བའི་ཆོས་རྒྱུད་ཅིག་ཡིན་པ་ཡིག་ངག་གཉིས་ཐོག་
ནས་གསལ་གསལ་ཐིང་ཐིང་གིས་གསུངས་ཡོད་ལ། ད་དུང་ཁ་སང་སྲིད་སྐྱོང་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་ཇོ་ནང་གི་ཞི་རྒོལ་པ་ཚོར་ཇོ་ནང་ཆོས་རྒྱུད་འདི་ཆོས་རྒྱུད་རང་རྐྱ་འཕེར་བ་ཞིག་ཡིན་པ་བཀའ་སྤྱི་གཉིས་ནས་ངོས་འཛིན་གསལ་པོ་ཡོད་པ་ལས་དེར་དགག་བྱ་བྱེད་མཁན་གཅིག་ཀྱང་ཡོད་པ་མ་རེད་གསུངས་སོང་། དེ་ན་ཇོ་ནང་པ་ཚོར་ཆོས་རྒྱུད་གཞན་དག་ལ་ཡོད་པའི་ཐོབ་ཐང་དེ་ཅིའི་ཕྱིར་མ་སྤྲད་པ་རེད།
བོད་མི་ས་ཡ་དྲུག་གི་མགྲིན་ཚབ་པར་གླེང་མཁན་གྱི་བཀའ་བློན་རྣམ་པ། སྤྱི་འཐུས་རྣམ་པ། ཁྱེད་ཚོས་བཀའ་བློན་དང་སྤྱི་འཐུས་ཀྱི་དམ་འབུལ་སྐབས་དཀོན་མཆོག་གསུམ་དཔང་ལ་
བཙུགས་ནས་ཅི་ཞིག་དམ་བཅས་པ་ཡིན། བཙན་བྱོལ་བོད་གཞུང་གིས་མི་ལོ་བཅུ་ཕྲག་འགར་རྒྱ་གཞུང་ལ་ཤོད་ཀྱིན་པའི་རང་དབང་དང་འདྲ་མཉམ་ཟེར་བའི་ཡིག་འབྲུ་འདི་དག་ལ་ཁྱེད་ཚོས་ངོས་ཟིན་ཡང་དག་ཅིག་ཐོབ་ནས་སྨྲ་གི་ཡོད་དམ་ཡང་ན་དོན་མེད་ཀྱི་ཀུ་ཅོ་ཙམ་བསྒྲགས་ཡིན། གལ་ཏེ་ཇོ་ནང་པས་ཁྲིམས་མཐུན་མ་ཡིན་པའི་ཉོག་དྲ་ཞིག་སློང་གི་ཡོད་ན་མིང་དུ་གྲགས་པའི་ཁྲིམས་ལུགས་སློབ་དཔོན་བློ་བཟང་སེང་གེས་ཅིའི་ཕྱིར་ཁོ་ཚོ་ཁྲིམས་ཀྱིས་མ་བཅུན་པ་རེད། གལ་ཏེ་ཇོ་ནང་པ་ཚོ་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཁེ་དབང་་དང་སྨྲ་བརྗོད་རང་དབང་ལ་འགལ་བཞིན་ཡོད་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་རྒྱུས་མངའ་ཟབ་པའི་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཅིའི་ཕྱིར་ཁོ་ཚོའི་ནག་ཉེས་ལ་མཛུབ་མོ་བཙུགས་ཏེ་གསལ་བཤད་མ་བྱས་པ་རེད། འོན་ཀྱང་འདི་གཉིས་ཀྱི་གཅིག་ཀྱང་མ་ཡིན་པར་ཇོ་ནང་པས་ཁྲིམས་མཐུན་ལུགས་མཐུན་གྱིས་རང་ལ་ཐོབ་འོས་པའི་འདྲ་མཉམ་གྱི་ཁེ་དབང་ཞིག་རྩོད་ཀྱིན་ཡོད་ན་ཁོ་ཚོར་ཅིའི་ཕྱིར་འདྲ་མཉམ་གྱི་ཁེ་དབང་དེ་མ་སྤྲད་པ་རེད། གཞིས་ལུས་ཇོ་ནང་པ་ཚོས་བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཕྱིར་དུ་རང་ལུས་མཆོད་མེར་ཕུལ་བ་བོད་ཀྱི་ས་གནས་གཞན་དག་ལས་མ་མང་ན་ཉུང་ཚོད་མིན་ལ། བྱེས་བཞུགས་ཇོ་ནང་པ་ཚོས་ཀྱང་བྱེས་བཞུགས་བོད་མི་སྤྱི་མཚུངས་ལྟར་ཁོ་ཚོས་འོས་འགན་དག་སྒྲུབ་ཀྱིན་ཡོད། མདོར་ན་བོད་ཕྱི་ནང་གཉིས་ན་ཇོ་ནང་པ་ཚོས་བོད་མི་རེ་རེ་ལ་འཁྲི་བའི་འོས་འགན་དག་སྒྲུབ་ཀྱིན་ཡོད་མོད། དེ་ན་ཁོ་བ་ཚོར་ཐོབ་འོས་པའི་ཁེ་དབང་དེ་གདུག་ཅན་སུ་ཞིག་གིས་འདྲེ་ལག་བརྐྱངས་ཏེ་ཕྲོགས་སོང་པ་རེད། ཆོས་རྒྱུད་ཆེན་པོ་ལབ་ཀྱིན་ལབ་ཀྱིན་ཆོས་རྒྱུད་ཆུང་ཆུང་ཡིན་ན་རྩིས་མེད་དུ་གཏོང་ཆོག་འདོད་མཁན་དག་གིས་བསམ་བློ་ནན་གྱིས་གཏོང་གལ་ཆེ་སྟེ། རྒྱ་གཞུང་གིས་ཀྱང་རྒྱ་རིགས་ཆེན་པོའི་འདུ་ཤེས་ཁུར་ཏེ་མི་རིགས་ཆུང་ཆུང་དག་རྩིས་མེད་
དང་རྡོག་རོལ་དུ་གཏོང་གིན་པ་ལས་གཞན་ཅི་ཡང་མིན། མཐུན་སྒྲིལ་ཞེེས་མ་ཎི་འདོན་འདོན་བྱེད་མཁན་གྱི་བོད་གཞུང་གི་མྱི་ཆེན་ཚོས་དོན་དངོས་ཀྱི་མཐུན་སྒྲིལ་གང་དུ་སྦས་ཡོད། འདྲ་མཉམ་དང་རིས་མེད་ཅེས་ཞལ་འདོན་བསྐྱོར་བསྐྱོར་བྱེད་མཁན་གྱི་བོད་གཞུང་གི་མྱི་
ཆེན་ཚོས་འདྲ་མཉམ་དང་རིས་མེད་གང་དུ་གཡུགས་ཡིན། ཁྱེད་ཚོས་འདྲ་མཉམ་དང་རིས་མེད་ཅེས་པའི་མིང་ཚིག་འདི་དག་གི་གོ་དོན་ལ་ངེས་ཤེས་
རྣལ་མ་རེ་བརྙེད་ནས་སྨྲ་གི་ཡོད་དམ། འདྲ་མཉམ་དང་རིས་མེད་ཅེས་པ་ནི་མང་ཉུང་དང་རང་ལ་འདོད་མོས་ཡོད་མེད་ཙམ་གྱིས་
ཐག་གཅོད་ཆོག་གི་ཡོད་ན་ནི་ཁྱེད་ཅག་གི་འདྲ་མཉམ་དང་རིས་མེད་ཟེར་བ་ནི་ཅི་འདྲའི་
ཡིད་སྐྱོ་ཞིང་ཞེ་མེར་བ་ཞིག་ཡིན་ཨང་། མིའི་རིགས་ཀྱི་སྤྱི་ཚོགས་སུ་རང་དབང་དང་འདྲ་མཉམ་ཟེར་བའི་ཐ་སྙད་འོད་པོ་ཆེ་འདི་དག་འདྲེན་ཕྱིར་སྲོག་དང་ཁྲག་གིས་འགྲོ་གྲོན་ཕངས་མེད་དུ་བཏང་བའི་ངེས་པ་དོན་གྱིས་བཀུར་
འོས་པའི་ཤར་ནུབ་ཀྱི་སྐྱེས་ཆེན་དག་ལ་ཁྱེད་ཚོས་ཅི་འདྲའི་ཁྲེལ་མེད་ཅིག་བྱས་ཡོད་ཨང་།
ཁྱེད་ཚོས་རང་གི་མི་མང་གི་འདྲ་མཉམ་དང་ཁེ་དབང་རྡོག་རོལ་དུ་གཏོང་གིན་གཏོག་གིན་རྒྱ་གཞུང་ལ་འདྲ་མཉམ་དང་ཁྲིམས་མཐུན་གྱི་ཁེ་དབང་རྩོད་པ་ནི་རྒྱ་གཞུང་ལ་གད་མོ་སློང་བ་
འདྲ་བོ་མི་འདུག་གམ། བོད་གཞུང་གིས་མི་ལོ་དྲུག་ཅུ་མ་ཟིན་ཙམ་ཞིག་ལ་འཛམ་གླིང་མི་མང་
གི་མདུན་དུ་སྡུག་སྐད་བརྒྱབ་ཏེ་རྒྱ་གཞུང་གི་བྱས་ཉེས་བགྲངས་ཡོད་མོད། ད་ཐེངས་བོད་གཞུང་གི་གྲོས་ཚོགས་ཁང་གི་སྒོ་འགྲམ་དུ་ལྟོག་སྐོམ་གྱིས་མནར་བའི་ཉམ་ཆུང་གི་ཇོ་ནང་པ་ཚོའི་སྣང་བརྙན་འདི་ཁྱེད་ཅག་གིས་འཛམ་གླིང་མི་མང་ལ་ཇི་ལྟར་འགྲེལ་ཨང་།
—འདི་ནི་དྲང་བདེན་མ་ཡིན་པའི་སྒེར་གཅོད་ཀྱི་མེ་ལྕེས་སྲེག་བཞིན་པའི་ཉམ་ཆུང་གི་ཇོ་ནང་པ་ཚོར་གདུང་སེམས་མཉམ་སྐྱེ་བྱས་པ་ཙམ་ཡིན།
དར་རྒྱས་ལ།
མཁས་པའི་གྲལ་དུ་འཚང་ནས་ཅིག་འབྲི་འདོད་ན། དང་པོར་བོད་ཡིག་རང་མགོ་ཐོན་པ་ཞིག་ཤེས་ན་བཟང་།
རང་ལ་མེད་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་ཡང་མེད་སྙམ་པ་བླུན་རྟགས་རེད།
གལ་ཏེ་ཇོ་ནང་པར་མི་གྲངས་དེ་ཙམ་ལས་མེད་པའི་དབང་དུ་བཏང་ཡང་། རང་དབང་དང་འདྲ་མཉམ་ཟེར་བ་དེ་མིའི་མང་ཉུང་ལ་ལྟོས་ནས་གྲུབ་པ་ཞིག་མ་རེད། དེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རེད།
ཡི་ཤུ་དང་ཁ་ཆེ་པ་རྣམས་ལ་ཡང་རང་དབང་དང་འདྲ་མཉམ་ཅིས་ཕྱིར་མི་དགོས། སྐུ་ཞབས་དར་རྒྱས་ཀྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ནང་བཞིན་སེམས་ཅན་ཐམས་ཅད་གཅིག་པ་རེད།
མི་གཅིག་ཡིན་ན་ཡང་རང་དབང་དང་འདྲ་མཉམ་སྤྱི་མཚུངས་བཞིན་དགོས་པ་མ་ཟད། དེའི་ཆེད་དུ་འཐབ་རྩོད་བྱེད་རྒྱུའི་ཐོབ་ཐང་ཡང་ཡོད་པ་རེད། དེ་ཡང་སྐུ་ཞབས་དར་རྒྱས་བཞིན་ནོ།།
སོག་པོ་ཇག་སིང་ལ།
བོད་ལྗོངས་ཉིན་ཚགས་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཆོས་དོན་ཁྲིམས་ཡིག་སྐོར་ཡོད་ན། བཙན་བྱོལ་སྲིད་གཞུང་ལ་དོ་སྣང་བྱེད་མཁན་ཞིག་ཡོད་རྟགས་རེད།
ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ། རྒན་མོའི་ཞི་ལུར་མྱི་འདང་དང་། མཛོ་མོའི་རྟོལ་ལེར་ཟོག་རྩིས་འཇོག་མཁན་ཞིག་མེད་པ། ཡོད་ན་ཁྱེར་ཤོག ཧཧ
མྱི་ནག
བཀའ་དྲིན་ཆེ་ལགས།
དྲང་བདེན་ལ་དགྲ་རུ་འཛིན་མཁན་དག་གིས་གནས་ལུགས་ལ་རྒོལ་གྱིན་ཡོད་རེད།
དྲང་སྲོང་གཅེར་བུ་ལགས།
བཙན་བྱོལ་སྲིད་གཞུང་ནི་མང་གཙོ་དང་རིས་མེད་ལ་ཁ་གཡར་ནས་དོན་ལ་རང་དབང་དང་འདྲ་མཉམ་ལ་འཇབ་རྒོལ་བྱེད་པའི་ཇག་ཚོགས་ཤིག་རེད།
གུང་ཁྲན་སྲིད་གཞུང་གི་དེ་སྔ་ནས་བཙན་བྱོལ་སྲིད་གཞུང་དེ་ཇག་ཚོགས་ཡིན་པ་དང་ཏཱ་ལའི་བླ་མ་ཇག་པ་དམར་པོ་རེད་ཟེར་བའི་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད།
ད་ཆ་ཁ་བརྡའི་ནང་དུ་ནད་རྙིང་ལ་རྒྱབ་སྐྱོར་བྱེད་མཁན
༼བེ་རི་རྡོ་རྗེས་བཙན་བྱོལ་སྲིད་གཞུང་ནི་མང་གཙོ་དང་རིས་མེད་ལ་ཁ་གཡར་ནས་དོན་ལ་རང་དབང་དང་འདྲ་མཉམ་ལ་འཇབ་རྒོལ་བྱེད་པའི་ཇག་ཚོགས་ཤིག་རེད་བརྗོད
གང་ལྟར་བཙན་བྱོལ་སྲིད་གཞུང་ཇག་ཚོགས་ཡིན་ན་
ཇག་ཚོགས་འོག་ཏུ་འཛུལ་ན་རྡོ་རྗེ་ཁྱེད་ལ་བདེ་སྐྱིད་འཐོབ་བམ༽ ཁྱེད་ནས་དམངས་གཙོའི་འགྲོ་ལུགས་གང་ཡང་ཤེས་མི་འདུག ད་ལྟའི་ཆར་ཇོ་ནང་ལ་མི་འབོར་གྱི་ཚད་མི་ལོངས་པས་རེད། ཚད་ལོངས་ན་འཐོབ་ཐང་ཡོད་ཡོད་པ་རེད། དེ་མིན་རང་དབང་གི་དབྱེ་བ་རྒྱས་བཤད་བྱས་ན་སྙིང་པོ་མེད། ཁོང་ཁྲོ་ལངས་པའི་སྐབས་ཇག་ཚོགས་དང་། ཇག་པ་བརྗོད་ན་རང་མདོག་རང་གི་བསྟན་པ་རེད། ཁོང་ཁྲོ་སྟག་ལ་ལངས། མགོ་ལྕག་གཡག་ལ་ཞུས་ཟེར་བའི་དཔེ་ལྟར་ཡིན། །
མཐུ་སྟོབས་ལ།
བྱ་སྤྱོད་ཉེས་ན་སྒྲིག་འཛུགས་ཙམ་མ་ཟད། རང་གི་བཤེས་གཉེན་ཡིན་ན་ཡང་སྐྱོན་བརྗོད་བྱེད་དགོས་ལ། ལེགས་ཆ་བྱུང་ན་དགྲ་བོའི་ས་ནས་ཀྱང་ལེན་དགོས།
ད་དུང་འགྲོ་བ་མི་མ་ཟད། སེམས་ཅན་སུ་ཡིན་ན་ཡང་ཤེས་མི་ཤེས་ཟེར་བའི་ས་མཚམས་ཤིག་ཡོད་པ་དེ་ཡང་ཤེས་དགོས།
འཇིག་རྟེན་ཐོག་མང་གཙོའི་རྒྱལ་ཁབ་མི་ཉུང་བ་ཞིག་ཡོད་ལ། དེ་དག་ཕལ་མོ་ཆེར་ལྟ་སྐོར་དང་ཁྲིམས་སྲོལ་ལ་རྒྱུས་ལོན་བྱེད་མྱོང་། འདྲ་མཉམ་དང་རང་དབང་དགོས་མི་དགོས་ནི། མིའི་མང་ཉུང་ལ་གཞལ་ནས་བཞག་པ་ཞིག་མིན། མི་སྟོང་ལ་འདྲ་མཉམ་དང་རང་དབང་དགོས་པ་ནང་བཞིན། མི་གཅིག་ལའང་དེ་བཞིན་དུ་དགོས་པ་རེད།
རང་དབང་དང་འདྲ་མཉམ་ཟེར་བ་དེ་དགོས་མི་དགོས་ཀྱི་ས་མཚམས་མི་འབོར་ལ་གཞིགས་ནས་ཐག་གཅོད་བྱེད་པའི་མང་གཙོའི་ལུགས་སྲོལ་ཞིག་གནམ་འོག་ཏུ་མེད། སྤྱིར་བཏང་ལོག་པའི་ལམ་ལ་མུ་མེད་ཟེར་བ་ཡིན་མོད། བོད་ཡིག་ཐེབས་ཆག་ཅིག་འབྲི་མཁན་ཞིག་ཡིན་པའི་ཆ་ནས་བླུན་བཤད་ལ་ས་མཚམས་ཡོད་པ་ཤེས་པར་གྱིས་ཤིག
མང་གཙོའི་ལམ་ལུགས་ནང་ཡུལ་མི་ཚང་མར་འདྲ་མཉམ་གྱིས་ལས་འགན་དང་འདྲ་མཉམ་གྱིས་ཐོབ་ཐང་ཡོད་དགོས་པ་ལས་མང་ཉུང་གི་སྐད་ཆ་ཨ་ཡིན་ན་།
གཞུང་པ་ཚེ་དབངབསོད་ནམས་ལགས།
བཀའ་དྲིན་ཆེ། བདེན་པའི་རྒྱབ་ལངས་བྱས་པ་ནི། གནས་ལུགས་ལ་རིན་ཐང་སྤྲད་པ་ཡིན།
མང་ཉུང་གི་སྐད་ཆ་མིན་ན་སྔ་ས་ནས་འཛུལ་བཞུགས་ཟིན་པ་ཡོད། བོད་པ་ཁ་ཆེ་དང་།
བོད་པ་ཡེ་ཤུ་གཉིས་ལའང་ད་ལྟའི་ཆར་གྲངས་ཚད་དེ་ལོན་མེད་པས་ཁོང་ཚོའི་ངོས་ནས་ཞུ་གཏུགས་བྱེད་ཀྱི་མེད། སྤྱི་བྱེ་བྲག་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་ཡིན།
ཐོབ་ཐང་མེད་ན་རྡ་སར་ཞུ་གཏུགས་བྱས་ན་འགྲིག ཁོང་ཚོས་ལན་ཞིག་གནང་གི་རེད།
མཐུ་སྟོབས་ཟེར་བ་འདི་ད་ལྟ་རང་ས་འོག་ནས་ཡར་བུད་པ་འདྲ། འཛམ་གླིང་ཕར་ཞོག རྡ་སའི་མྱི་སྐད་རྣ་བས་ཐོས་མ་མྱོང་ཞིང་། གནས་སྟངས་མིག་གིས་མཐོང་མྱོང་མི་འདུག
ཨ་ཁ་ཁ། སྙིང་རྗེ།
ཁྱེད་གཞི་ནས་མི་ཡུལ་དུ་སླེབས་པ་རེད་མ་གཏོགས། ང་ཚོས་ད་ལྟ་དུས་རབས་ ༢༡ པའི་ནང་གི་མིའི་འཚོ་བ་སྐྱེལ་བཞིན་ཡོད།
རྡོ་རྗེ་ལ
ཇོ་ནང་ཆོས་རྒྱུད་འདི་བཞིན་དམ་པ་གོང་མ་ཚོས་རང་རྒྱུད་འདུལ་ཡག་དང་། གཞན་སེམས་དཀྲུགས་ཡག་ཆེད་དུ་འཇིག་རྟེན་འདིར་སྤེལ་མེད། ཡིན་ཡང་རྗེས་འཇུག་རྡོ་རྗེ་འདྲ་བས་ཚིག་སྐམ་སྟོང་བཤད་ཀྱིས་མང་གཙོའི་ལམ་སྲོལ་ལ་དབྱེ་བ་རྒྱས་བཤད་བྱེད་པ་དང་། བཙན་བྱོལ་སྲིད་གཞུང་ལ་དུས་རྟག་ཏུ་རྒྱབ་བཤད་བྱེད་པ། ད་དུང་མང་གཙོའི་རྒྱལ་ཁབ་མང་དག་ལ་ལྟ་སྐོར་དང་ཁྲིམས་སྲོལ་ལ་རྒྱུས་ལོན་བྱེད་མྱོང་ཡོད་ཟེར་བའི་འུར་གཏམ་འདི་བློ་གཟུ་བོར་གནས་པ་ཞིག་ཡིན་ན་ཁས་ལེན་བྱེད་མི་ཐུབ།
འདྲ་མཉམ་དང་རང་དབང་ནི་ཚང་མར་གཅིག་གྱུར་ཡིན་པས་དེ་ལ་གཅིག་དང་སྟོང་གི་རྣམ་བཞག་འཇོག་དགོས་དོན་མེད། དཔེར་ན་སློབ་གྲྭའི་དགེ་རྒན་ཞིག་བྱེད་པར་ཐོག་མར་རང་ལ་ཆ་རྐྱེན་ཚང་དགོས་པ་ཡིན། དཔེ་དེ་བཞིན་དུ་ཁྱེད་ཚོའི་ཆོས་རྒྱུད་ལའང་མང་གཙོའི་ལུགས་དང་མཐུན་པའི་ཆ་རྐྱེན་ངེས་པར་ཚང་དགོས།
ཁྱེད་ཀྱིས་བཤད་པ་བཞིན་ལོག་པའི་ལམ་ལ་མུ་ཟེར་བ་ལྟར་གཅིག་བྱས་ན་ཁྱེད་ཀྱི་སྒྲུབ་བྱ་དེ་ཡང་ལམ་ལོག་ཡིན་སྲིད། ངས་བོད་ཡིག་ཐེབས་ཆག་ཅིག་མ་གཏོགས་འབྲི་ཤེས་ཀྱི་མེད། ཡིན་ནའི་ངས་བྲིས་པའི་ཡི་གེ་དེ་ཁྱེད་ཀྱི་སྙིང་ལ་ཟུག་འདུག བྱས་ཙང་བླུན་བཤད་ཡིན་ནའང་འདྲ། ཐེབས་ཆག་ཡིན་ནའང་འདྲ། གང་ལྟར་སྐད་ངན་ཤོར་འདུག
མཐུ་སྟོབས་ལ།
སྤྱིར་བཏང་རང་རྒྱུད་འདུལ་བ་དང་། གཞན་སེམས་མི་དཀྲུག་པ་སངས་རྒྱས་ཀྱི་བསྟན་པའི་རྩ་འཛིན་ཡིན་མོད།
གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན།།
གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད།།
ཅེས་པ་ལྟར། གཏན་ཚིགས་ཀྱི་སྒོ་ནས་གནས་ལུགས་གསལ་བཤད་བྱེད་སྐབས། རྫུན་དང་གཡོ་རྒྱུར་གོམས་པའི་སྤྱོད་ངན་ཅན་ཚོའི་སྙིང་ལ་ཕོག་སྟེ་དེ་དག་གི་དམ་བཅའ་འཇིག་པར་བྱས་ན་ཡང་། དོན་ལ་དེ་དག་ལོག་ལམ་ལས་སྐྱོབས་ཕྱིར་ཡིན་པས་ཉེས་པ་མེད།
ཡང་དག་པའི་མང་གཙོའི་ལམ་སྲོལ་རྒྱས་བཤད་བྱས་པ་ཁས་མི་ལེན་མཁན་ནི། བླུན་རྒན་འབའ་ཞིག་ལས་བློ་གཟུ་བོར་གནས་པ་ཞིག་ག་ལ་ཡིན།
འདྲ་མཉམ་དང་རང་དབང་ནི་མི་ཚང་མར་དགོས་པ་གཅིག་གྱུར་ཡིན་ན། ཇོ་ནང་པ་ཚོར་དེའི་ལུགས་དང་མཐུན་པའི་ཆ་རྐྱེན་ཚང་མེད་ཟེར་བ་ནང་འགལ་རེད།
ནང་འགལ་གད་སྙིགས་ཁྲོད་ནས་བླངས་པ་ཡི།།
ལོག་བཤད་རུལ་དྲི་བྲོ་བའི་སློག་པ་འདི།།
གྱོན་ལ་རྡ་སའི་རི་ཁུག་དེར་ཕེབས་དང་།།
སྔོན་ཆད་མ་ཐོས་མ་མཐོང་གསར་འགྱུར་མང་།།
བདེ་པ་གཞུང་ལ་རྒན་མོ་ལོ་དགུ་ཁྲོས། འོན་ཀྱང་བདེ་པ་གཞུང་ནས་རྒན་མོ་ཁྲོས་པ་ཤེས་རྒྱུ་ཕར་བཞག། རྒན་མོ་ག་གེ་མོ་ཞིག་ཡོད་པའང་ཤེས་ཀྱི་མེད།
བཙན་བྱོལ་ཕྱི་དྲིལ་དྲྭ་བརྙན་སྡེ་ཚན་གྱི་མདོ་འཛིན་པ་བློ་གྲོས་བཟང་པོ་ཟེར་བའི་བྱེད་བབ་ལ་བརྟེན་ནས་དེ་ཙམ་དུ་ཤར་མར་བྲིས། ཟེར་ལམ་ནས་མཐར་རྩོམ་གྱི་མཐའ་བསྡོམས་བརྗོད་བྱ། བཙན་བྱོལ་དབྱེ་འབྱེད་སྲིད་གཞུང་ནག་པོའི་འོག། རང་དབང་མ་ཐོབ་ནའང་ཅི་ཞིག་ཤོར།། ཞེས་པར་ཞིབ་ན་བུ་གླེན་པས་ཕ་ཡི་མགོ་བཅོམ་ཟེར་བ་འདྲ་འདུག གཞན་ཁྱེད་ནས་སྤོ་བ་དང་ལྡན་པའི་འོག་སོ་སོའི་གཞུང་ལའང་སྲིད་གཞུང་ནག་པའི་འོག་ཅེས་ལབ་ཐུབ་རྒྱུའི་གདེངས་དཔའ་དེ་ཡང་སྲིད་གཞུང་ནག་པའི་འོག་ནས་བྱུང་བའང་ཤེས་མིན་འདུག་ག བོད་མི་ཞིག་ཡིན་ན་བློ་ཕམ་གྱི་རྒྱུ་དང་ལས་འབྲས་ཀྱི་རླབས་ཤིག་ཀྱང་རེད་སྙམ།
ཆོས་བརྒྱུད་ལྔ་དེ་བོད་གཞུང་གི་རྩ་འཛིན་དང་འབྲེལ་སྲིད་བྱུས་ཚང་མའི་ནང་ཡོད། དེར་བསྒྱུར་བ་གཏོང་རྒྱུ་ལས་སླ་པོ་གང་ནས་འོང། བྱོ་ནང་ཆོས་བརྒྱུད་ཧ་མ་གོ་བའི་དབང་གི་ལུས་པ་ཞིག་མིན་སྲིད། བྱོ་ནང་པ་ནང་བཞིན་གྱི་ཆོས་བརྒྱུད་འགའ་ཤས་ཡོད་པ་སྤྱི་ཡོངས་རེད་པ། གཞི་ནས་སྐྱབས་བཅོལ་ནང་ཆོས་ལུགས་ག་རེ་བྱེད་ཀྱང་སོ་སོའོ་འདོད་མོས་རེད། རང་དབང་རེད། འགག་པ་ཞུ་མཁན་སུ་གང་མེད།
ཆོས་དང་འཇིག་རྟེན་གང་བྱེད་སྒེར་སོ་སོའི་ལས་འགན་དུ་བཞག་ནས་བོད་མི་རེ་ལ་འོས་བསྡུའི་ཐོབ་ཐང་གཅིག་ལས་མེད་པ་བྱས་ན་ཕྱི་གཙང་ནང་གཙང་ཡོང་རྒྱུ་མ་ཟད་ཆོས་བརྒྱུད་ལ་གཉེར་པའི་དབྱེ་དཀྲུགས་ཀྱི་གཞི་རྩ་་ཡང་མེད་པས་ཚང་མ་བདེ།
ཚེ་བརྟན་འགྱུར་མེད་ལ།
ཞབས་མཆན་འདེབས་མཚན་ཚོར་ཆེ་མཐོང་སླད་ལན་རེ་ཕུལ་བཞིན་ཡོད་མོད། སྐུ་ཞབས་ཚེ་བརྟན་འགྱུར་མེད་ལགས་ཀྱི་ཞབས་མཆན་ཐེངས་ཁ་ཤས་བཀླགས་པ་ཡིན་མོད། བོད་ཡིག་ཅིག་ཡིན་པ་ཙམ་ལས་ཅི་ཞིག་གསུང་གིན་ཡོད་པ་ཤེས་མ་སོང་བས་ལན་འདེབས་ཐབ་བྲལ། དགོངས་དག་ཞུ།
སྤྱིར་མང་གཙོ་ཟེར་བའི་སྲིད་གཞུང་ཞིག་ཚུགས་དགོས་ན། དེའི་གཞུང་འཛིན་མི་སྣ་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན། ཆེ་ས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཤེས་མཁན། དྲང་བདེན་དང་གནས་ལུགས་ལ་རྒྱབ་སྐྱོར་བྱེད་མཁན། དཔེ་རང་ཐོག་ལ་ལེན་ཤེས་མཁན་ཞིག་ངེས་པར་དུ་དགོས། དེ་འདྲ་མིན་ན་མང་གཙོ་ཟེར་བ་ཁ་ལ་ཁྱེར་ནས་རང་འདོད་གཡོ་རྒྱུ་ཁོ་ན་མ་གཏོགས་མི་བྱེད་མཁན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལྟ་བུ་ཞིག་གིས་མི་མང་མང་པོ་ཞིག་གི་ཐོབ་ཐང་རྡོག་རོལ་དུ་གཏོང་གི་ཡོད་པ་རེད། དེ་ནི་མང་གཙོ་མ་ཡིན་པར་མང་གཙོ་ཁ་ལ་ཁྱེར་ནས་སྒེར་གཅོད་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པ་རེད། མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཚང་མའི་ཆེས་གལ་ཆེ་ཤོས་དེ་འགྲོ་བ་མི་ཡི་ཐོབ་ཐང་ལས་གལ་ཆེ་ཤོས་ནི་སྨྲ་བརྗོད་རང་དབང་ཆོས་དད་རངདབང་རེད། མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་ཐོབ་ཐང་འདྲ་མཉམ་སྤྲད་དགོས་རེད། དུས་རབས་འདིར་དེ་ལས་མ་ཚད་པར་སའི་གོ་ལ་འདིར་གནས་པའི་དུད་འགྲོ་ལའང་འཚོ་གནས་ཀྱི་རང་དབང་སྤྲད་དགོས་ཟེར་མཁན་མང་ནི་རེད། ཐོབ་ཐང་འདྲ་མཉམ་ཟེར་བ་ནི་གྲངས་ཀ་ཅིག་གི་མང་ཉུང་མ་རེད། ད་དུང་གྲངས་ཀ་ཉུང་བའི་རིགས་ལ་དམིགས་བསལ་གྱིས་གཟིགས་སྐྱོང་དང་འགྲོ་གྲོན་གཏོང་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་དེ་ལས་ལྡོག་སྟེ་བཙན་བྱོལ་དུ་གྲངས་ཉུང་བའི་ཉམ་ཆུང་ཇོ་ནང་བའི་ཆོས་བརྒྱུད་འཛིན་པ་ལ་འདྲ་མཉམ་ཐོབ་ཐང་ཡོད་པ་ཕར་ཞོག ཇོ་ནང་བའི་རིག་གཞུང་དང་དེའི་བརྒྱུད་འཛིན་མཁན་ལ་མཐོང་ཆུང་དང་གཉའ་གནོན་བྱེད་བཞིན་ཡོད་པ་རེད། བོད་ཀྱི་ཆོས་བརྒྱུད་ཀྱི་གྲལ་ནས་ཕུལ་འདོད་ཡོད་པ་མ་ཚད། དཔལ་ན་ལེན་ཏྲའི་ཆོས་བརྒྱུད་འཛིན་པ་ལས་ཀྱང་ཕུད་ཐབས་བྱས་པ་དངོས་ཡོད་གནས་ཚུལ་རེད། ད་དུང་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཁ་བཤད་དོན་ལ་མེད་པའི་སྐད་ཆ། བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་དགོས་རེད་ཟེར། གཞན་ཡང་གོང་ནས་མི་ཆེ་གེ་མོ་ཞིག་གིས། བཙན་བྱོལ་གྱིས་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་ལ་ཐོབ་ཐང་འདྲ་མཉམ་མ་སྤྲད་པ་མི་ཉུང་དྲགས་པས་རེད་ཟེར། མང་གཙོའི་རྒྱལ་ཁབ་ཞིག་ལ་དེ་འདྲ་དཔེ་མི་སྲིད་པ་ཞིག་རེད།དཔེར་ན་ཨ་རི་རྒྱ་གར་ལ་མཚོན་ན་ཆོས་བརྒྱུད་འཛིན་པ་ཆེས་མང་ཤོས་དེ། ཡེ་ཤུ་དང་ཧིན་དྷུའི་ཆོས་ལུགས་རེད། རྒྱལ་ཁབ་དེ་གཉིས་ན་འཚོ་བཞུགས་གནང་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་པ་དེ་དང་བསྡུར་ན་བརྒྱ་ཅུའི་གཅིག་མི་ལོང་ནའང་ཐོབ་ཐང་འདྲ་མཉམ་མེད་པ་ཐོས་མྱོང་མེད། ང་ཚོའི་བོད་ཀྱི་སྒྲིག་འཛུགས་ལྟ་བུའི་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་མ་གཏོགས། འགྲོ་བ་མིའི་ཐོབ་ཐང་དང་། གནས་ལུགས་དང་དྲང་བདེན་ལ་ལྟ་བའི་མིག་ལོང་བ་དག་ལ་མཚོན་ན་མང་གཙོའི་རྩ་ཁྲིམས་ལ་དགེ་མཚན་ཧ་ཅང་དཀོན།
བེ་རི་རིག་པའི་རྡོ་རྗེ་ལགས། བོད་ཡིག་ཅིག་ཡིན་པ་ཤེས་སར་དོན་མི་ཤེས་པ་མཁྱེན་ཚར་མ་རེད་དམ། ཕལ་ཆེར་བླ་མའི་ཐུགས་ལའང་མིན་འདུག་དཔེ་ཆའི་ནང་ལའང་མིན་འདུག་ཟེར་བ་དེ་ཡིན་གནས་འདུག
རྗེ་ཐུགས་ཞུ་ཆེ། རིག་པའི་རྡོ་རྗེ་རིག་པ་ཐོངས།
རང་རྒྱུད་དུས་གསུམ་གྱིས་བསླད་ཅིང་སྐྱ་མིན་སེར་མིན། རིག་རྡོར་ཟེར་བ་དེས་སྲིད་སར་ཆོས་གཞུག ཆོས་སར་ཆགས་སྡང་བསྲེས་ཏེ། བོད་ཀྱི་གཞུང་མང་བར་དང་། ཆོས་བརྒྱད་བར་ལ་དཀྲུགས་ཤིང་བྱེད། བོད་ཀྱི་རང་བཙན་ལག་དེབ་ཀྱང་ཁོ་ལ་མེད། རང་གིས་གླེང་ཕྱོགས་ཀྱི་ཆོས་བརྒྱུད་དེའི་ལྟ་གྲུབ་ནི་ཁོས་མི་ཤེས། ད་དུང་བོད་ཡིན་མདོག་གིས་དཀྲུགས་ཤིང་བྱེད་པ་དེས་ཆོས་སྲིད་གང་ལ་ཡང་མི་ཕན།
སྤྱིར་མང་གཙོ་ཟེར་བའི་སྲིད་གཞུང་ཞིག་ཚུགས་དགོས་ན། དེའི་གཞུང་འཛིན་མི་སྣ་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན། ཆེ་ས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཤེས་མཁན། དྲང་བདེན་དང་གནས་ལུགས་ལ་རྒྱབ་སྐྱོར་བྱེད་མཁན། དཔེ་རང་ཐོག་ལ་ལེན་ཤེས་མཁན་ཞིག་ངེས་པར་དུ་དགོས། དེ་འདྲ་མིན་ན་མང་གཙོ་ཟེར་བ་ཁ་ལ་ཁྱེར་ནས་རང་འདོད་གཡོ་རྒྱུ་ཁོ་ན་མ་གཏོགས་མི་བྱེད་མཁན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལྟ་བུ་ཞིག་གིས་མི་མང་མང་པོ་ཞིག་གི་ཐོབ་ཐང་རྡོག་རོལ་དུ་གཏོང་གི་ཡོད་པ་རེད། དེ་ནི་མང་གཙོ་མ་ཡིན་པར་མང་གཙོ་ཁ་ལ་ཁྱེར་ནས་སྒེར་གཅོད་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པ་རེད། མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཚང་མའི་ཆེས་གལ་ཆེ་ཤོས་དེ་འགྲོ་བ་མི་ཡི་ཐོབ་ཐང་ལས་གལ་ཆེ་ཤོས་ནི་སྨྲ་བརྗོད་རང་དབང་ཆོས་དད་རངདབང་རེད། མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་ཐོབ་ཐང་འདྲ་མཉམ་སྤྲད་དགོས་རེད། དུས་རབས་འདིར་དེ་ལས་མ་ཚད་པར་སའི་གོ་ལ་འདིར་གནས་པའི་དུད་འགྲོ་ལའང་འཚོ་གནས་ཀྱི་རང་དབང་སྤྲད་དགོས་ཟེར་མཁན་མང་ནི་རེད། ཐོབ་ཐང་འདྲ་མཉམ་ཟེར་བ་ནི་གྲངས་ཀ་ཅིག་གི་མང་ཉུང་མ་རེད། ད་དུང་གྲངས་ཀ་ཉུང་བའི་རིགས་ལ་དམིགས་བསལ་གྱིས་གཟིགས་སྐྱོང་དང་འགྲོ་གྲོན་གཏོང་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་དེ་ལས་ལྡོག་སྟེ་བཙན་བྱོལ་དུ་གྲངས་ཉུང་བའི་ཉམ་ཆུང་ཇོ་ནང་བའི་ཆོས་བརྒྱུད་འཛིན་པ་ལ་འདྲ་མཉམ་ཐོབ་ཐང་ཡོད་པ་ཕར་ཞོག ཇོ་ནང་བའི་རིག་གཞུང་དང་དེའི་བརྒྱུད་འཛིན་མཁན་ལ་མཐོང་ཆུང་དང་གཉའ་གནོན་བྱེད་བཞིན་ཡོད་པ་རེད། བོད་ཀྱི་ཆོས་བརྒྱུད་ཀྱི་གྲལ་ནས་ཕུལ་འདོད་ཡོད་པ་མ་ཚད། དཔལ་ན་ལེན་ཏྲའི་ཆོས་བརྒྱུད་འཛིན་པ་ལས་ཀྱང་ཕུད་ཐབས་བྱས་པ་དངོས་ཡོད་གནས་ཚུལ་རེད། ད་དུང་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཁ་བཤད་དོན་ལ་མེད་པའི་སྐད་ཆ། བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱེད་དགོས་རེད་ཟེར། གཞན་ཡང་གོང་ནས་མི་ཆེ་གེ་མོ་ཞིག་གིས། བཙན་བྱོལ་གྱིས་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་ལ་ཐོབ་ཐང་འདྲ་མཉམ་མ་སྤྲད་པ་མི་ཉུང་དྲགས་པས་རེད་ཟེར། མང་གཙོའི་རྒྱལ་ཁབ་ཞིག་ལ་དེ་འདྲ་དཔེ་མི་སྲིད་པ་ཞིག་རེད།དཔེར་ན་ཨ་རི་རྒྱ་གར་ལ་མཚོན་ན་ཆོས་བརྒྱུད་འཛིན་པ་ཆེས་མང་ཤོས་དེ། ཡེ་ཤུ་དང་ཧིན་དྷུའི་ཆོས་ལུགས་རེད། རྒྱལ་ཁབ་དེ་གཉིས་ན་འཚོ་བཞུགས་གནང་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་པ་དེ་དང་བསྡུར་ན་བརྒྱ་ཅུའི་གཅིག་མི་ལོང་ནའང་ཐོབ་ཐང་འདྲ་མཉམ་མེད་པ་ཐོས་མྱོང་མེད། ང་ཚོའི་བོད་ཀྱི་སྒྲིག་འཛུགས་ལྟ་བུའི་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་མ་གཏོགས། འགྲོ་བ་མིའི་ཐོབ་ཐང་དང་། གནས་ལུགས་དང་དྲང་བདེན་ལ་ལྟ་བའི་མིག་ལོང་བ་དག་ལ་མཚོན་ན་མང་གཙོའི་རྩ་ཁྲིམས་ལ་དགེ་མཚན་ཧ་ཅང་དཀོན།
ཇོ་ནང་གི་སྐུ་ཞབས་རྣམས་ཀླད་པ་མི་བཀོལ་བར་གྲི་དང་གདུང་བཀོལ་བ་ལྟ་བུའི་རང་རིགས་དཀྱིལ་ལ་ཁྲག་གི་ཐུག་པ་བསྐོལ་བའི་རྩོམ་འདིས་རང་གཞན་སུ་ལ་ཡང་ཕན་ཨེ་སྲིད། ལྷག་པར་དུ་དཔང་རྟགས་ཅི་ཡང་མེད་པའི་མི་གསོད་ཁྲག་སྦྱོར་གྱི་མ་ཉེས་ཁག་གཡོག་འདི་དག་གིས་བོད་མི་གཞན་གྱི་རྒྱབ་སྐྱོར་ལྟ་ཅི། ད་དུང་འདིའི་རྒྱབ་ལ་བོད་མིའི་སྤྱི་ཚོགས་རྩ་གཏོར་གཏོང་བའི་དཔུང་ཁག་གཅིག་གི་སྦྱིན་བདག་མེད་དམ་སྙམ་པ་སྲིད།
དང་པོ། ཉིན་གཅིག་ལ་མི་བདུན་བརྒྱ་བསད་པའི་ཁུངས་ལྡན་གྱི་ཡིག་ཆ་དང་དཔང་པོ་གནང་དགོས། གཉིས་པ། ཇོ་ནང་ཏ་ར་ན་ཐའི་སྐུ་ཕུང་ཆུ་ལ་བཤམ་པའི་ཁུངས་གནང་དང་། དེ་བཞིན་ཇོ་ནང་དགོན་པ་མང་པོ་ཞིག་རྩ་གཏོར་བཏང་བའི་ཁུངས་ལྡན་ཡིག་ཆ་གནང་རོགས། དེ་དག་སྔོན་ལ་ཁུངས་སྐྱེལ་གནང་ན། གཞི་ནས་རིམ་པ་གཉིས་པ་དེར་བགྲོ་གླེང་གནང་ན་ལེགས།
དེ་དག་བསྟན་རྒྱུ་མེད་ན། རྒྱབ་སྐྱོར་ལྟ་ཅི། སྐུ་ཞབས་ཁྱེད་ཅག་ལ་ཁུངས་མེད་འཆལ་གཏམ་འདིའི་རྒྱབ་ལ་གུང་ཇག་གི་སྒོར་མོ་མེད་དམ་སྙམ་པའི་དྭོགས་པ་ཡོང་སྲིད།
ཇོ་ནང་ཆོས་རྒྱུད་ལ་ཆོས་རྒྱུད་སྤྱིའི་ཐོབ་ཐང་སྤྲོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་མུད། རྩོམ་འདི་མཐོང་མ་ཐག་ཨ་མ་འདི་འདྲའི་ཁུངས་ལུང་མེད་པའི་གཏམ་སྙམ་ནས་གནས་སྐབས་ཕྱི་ཤོལ་བརྒྱབ་པ་ཡིན། ད་ང་འདྲ་བའི་མི་ག་ཚོད་མེད་དམ།
ཇོ་ནང་ཏ་ར་ན་ཐའི་རྒྱ་གར་ཆོས་བྱུང་དང་། གུ་རུའི་རྣམ་ཐར། དུས་འཁོར་གྱི་ཁྲིད་ཡིག དེ་བཞིན་གཤིན་རྗེ་གཤེད་ཀྱི་ཆོས་བྱུང་། ལྷག་པར་དུ། རྗེ་བཙུན་སྒྲོལ་མའི་ལོ་རྒྱུས་དང་སྒྲོལ་མའི་དབང་། མན་ངག ཁྲིད་ལུང་བཅས་ཐོབ་མྱོང་། ཁོང་གི་གཞན་སྟོང་ལྟ་བའི་ཁྲིད་ཡིག་དང་། བདེ་མཆོག་གི་གསུང་རྣམས་ལ་སློབ་གཉེར་ཡང་ཅུང་བྱས་མྱོང་། ཀུན་མཁྱེན་ཏ་ར་ན་ཐར་མི་གཡོ་བའི་དད་པ་བརྟན་པོ་ཞིག་ཡོད། དི་རིང་རྩོམ་ཡིག་འདི་མཇལ་དུས་སེམས་ལ་རྣམ་རྟོག་མང་པོ་ཤར་ནས་བློ་ཕམ་བྱུང་།
ང་ལྟ་བུ་ཀུན་མཁྱེན་ཏ་ར་ན་ཐར་དད་པ་ཡོད་མཁན་ཞིག་ལ་གོང་གི་རྩོམ་འདིས་ཉོབ་སྣང་དང་བློ་ཕམ་ཡོང་དུས། གཞན་པ་རྣམས་ལ་ཚོར་བ་ཇི་འདྲ་ཡོང་གི་ཡོད་དམ།
ངས་རྩོམ་འདིའི་རྩོམ་པ་པོ་ངོ་མི་ཤེས་ལ་བཙལ་བྱོལ་གྱི་ཆབ་སྲིད་ནང་ལ་ཡང་འཐེན་འཁྱེར་བྱས་མ་མྱོང་།
ས་སྐྱའི་སྤྱི་འཐུས་དགེ་བཤེས་ཚེ་རིང་པོ་ལགས་ཀྱི་ཇོ་ནང་ས་སྐྱའི་ཆོས་རྒྱུད་ཡན་ལག་རེད་ཟེར་ནས་བཀག་པ་རེད་ཟེར། ཇོ་ནང་གི་བླ་མ་མཐོ་ཤོས་སམ་བསྟན་བདག་དེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་རེད་ཟེར། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་ས་སྐྱའི་བླ་མ་རེད་ཟེར། འདི་ལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་སམ།
བསམ་ཤེས་ལགས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ལ་རྒྱུས་མངའ་ཅུང་ཡོད་ཅིང་། ལོ་རྒྱུས་ལ་ལོ་རྒྱུས་སུ་ལྟ་བའི་རྣམ་དཔྱོད་ལྡན་པ་ཞིག་ཡིན་ཕྱིན། ལོ་རྒྱུས་རྒྱུ་མཚན་དུ་བྱས་ཏེ་དགྲར་འཛིན་གྱི་བསམ་པ་ནམ་ཡང་མེད་མོད། ཁྱེད་ལ་དེ་འདྲའི་ཐུགས་དོགས་ཡོད་ན། འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཚང་སྔོགས་ནས་བདེན་དཔང་ཕྱོགས་ཙམ་བྱེད་ཆོག
༡༽ རྟག་བརྟན་དགོན་པའི་གྲྭ་བ་བདུན་བརྒྱ་ལྷག་དམར་གསོད་བྱས་ཟེར་བ་ནི། གནའ་མིའི་ངག་རྒྱུན་དང་ཆེས་ཉུང་མཐའ་ནས་བཤད་པ་རེད། ལོ་རྒྱུས་ཡིག་ཚང་རྣམས་སུ་གྲྭ་བ་ཕལ་ཆེ་བ་དམར་གསོད་བྱས་པར་གསལ་ཡོད། དེ་ཡང་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་(ཐུབ་བསྟན་ཕུན་ཚོགས། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 375)ཏུ། “དུས་དེར་སྡེ་སྲིད་བསོད་ནམས་རབ་བརྟན་དང་། གུ་ཤྲི་ཧན་གཉིས་ཀྱིས་བཀའ་ཕབ་སྟེ། དམག་དཔོན་ཆེན་མོ་བསྟན་འཛིན་དྭ་ལན་ཧན་སོགས་བོད་སོག་གི་དམག་མི་ཁྲི་ཕྲག་འགའ་ཞིག་བཏང་ནས་ཕྱོགས་ཐམས་ཅད་ལ་དྲག་གནོན་བྱས། སྔོན་གཙང་པ་རྒྱལ་པོ་དང་འབྲེལ་བ་ཆེ་བའི་ཇོ་ནང་པ་དང་། ཀརྨ་བཀའ་བརྒྱུད་ཀྱི་དགོན་ཁག་རྣམས་ལའང་དྲག་པོའི་དམག་གིས་ཚར་གཅོད་ཐེབས། ཇོ་ནང་ཏཱ་ར་ནཱ་ཐའི་དགོན་པ་རྟག་བརྟན་ཕུན་ཚོགས་གླིང་གི་གྲྭ་པ་ཕལ་ཆེར་བཀྲོངས། པར་ཤིང་རྣམས་མེ་ལ་བསྲེགས། དགོན་པའི་མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཅོས་ནས་གྲུབ་མཐའ་དགེ་ལུགས་པར་བསྒྱུར།” ཞེས་གསལ། དེ་དུས་རྟག་བརྟན་དགོན་པར་དགེ་འདུན་པ་སུམ་སྟོང་ཙམ་ཡོད། གྲྭ་བ་ཕལ་ཆེར་བཀྲོངས་པ་ཡིན་ན་བདུན་བརྒྱ་ལས་མང་བ་ཡིན་པ་སྨྲོས་ཅི་དགོས། འོན་ཀྱང་ཇོ་ནང་པའི་རྒན་རབས་རྣམས་དང་། ལོ་རྒྱུས་སྨྲ་བའི་ངག་རྒྱུན་དུ་བདུན་བརྒྱ་ལྷག་ཅེས་གྲགས་པས་དེ་ལྟར་བྱས་པ་ཡིན།
དེ་དང་ཆ་འདྲ་བ་རྒྱལ་དབང་ལྔ་བའི་རང་རྣམ་(རང་རྣམ་དུ་ཀཱུ་ལའི་གོས་བཟང་། དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 521)དུ་ཡང་།
“ལྕགས་སྟག་(༡༦༥༠)གྲུབ་མཐའ་བསྒྱུར་སོང་བ་ར་གན་གསེར་གསོལ་གྱི་རྣམ་པས་རྙིང་པ་མི་འགྱུར་བར་མ་ཟད་གསར་པ་རྣམས་ཀྱང་སྐྱོ་མ་སྔ་བཙན་དུ་འགྲོ་ཡིན་ཡོད་འདུག་གཤིས། སྙེ་ཐང་དྲུང་ཆེན་ཅན་བཏང་བའི་གྲྭ་རྙིང་རྣམས་དགོན་ལག་གཞན་དུ་དབྱུང་། རྟག་བརྟན་དུ་དགེ་ལུགས་ཁ་ཞེ་མཚུངས་པའི་ས་གཙང་སྡེ་གཙང་བཟོས། དགོན་པའི་མིང་དགའ་ལྡན་ཕུན་ཚོགས་གླིང་དུ་བཏགས།” ཞེས་རྟག་བརྟན་དགོན་པའི་གྲྭ་བ་སྙེ་ཐང་དྲུང་ཆེན་མིང་ཅན་སོགས་དགོན་པ་གཞན་དུ་བཙན་འདེད་བྱས་ཤིང་། རྟག་བརྟན་དུ་དགེ་ལུགས་ཁ་ཞེ་མཚུངས་པའི་ས་གཙང་སྡེ་གཙང་བཟོས་ཟེར་བའི་རྒྱབ་ཏུ་བཤད་མི་བདེ་བའི་གསང་བ་ཅི་འདྲའི་མང་པོ་ཞིག་ཡོད་ཨང་། དགོན་ཆེན་རྒྱ་མཚོ་འདྲ་བ་ཞིག་གློ་བུར་དུ་ས་གཙང་སྡེ་གཙང་བཟོ་དགོས་ན་ལས་སླ་བོ་ཞིག་ག་ལ་ཡིན།
༢༽ རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུ་གདུང་གཙང་བོར་གཤེགས་ཚུལ་ནི། སྡེ་སྲིད་གཙང་པ་རིམ་བྱུང་གི་མངའ་ཐང་འབྱོར་རྒུད་ཀྱི་ལོ་རྒྱུས་ (གཙང་མྱང་སྨད་བསམ་འགྲུབ་རྩེའི་སྡེ་སྲིད་གཙང་པ་རིམ་བྱུང་གི་མངའ་ཐང་འབྱོར་རྒུད་ཀྱི་ལོ་རྒྱུས། རྫོང་རྩེ་བྱམས་པ་ཐུབ་བསྟན། བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༡༩༩༤ ལོར་དཔར་དུ་བསྐྲུན་པ། ཤོག་ངོས་ ༧༠-༧༡) ལས། “དཔོན་རབས་དེ་དུས་ཀྱི་དབུ་བླ་རྗེ་བཙུན་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐ་ཞེས་འཕགས་བོད་ཀུན་ན་ཡོངས་སུ་གྲགས་པའི་མཁས་བཙུན་བཟང་གྲུབ་ཀྱི་དམ་པ་འདི་ཉིད། གཙང་རྒྱལ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་བའི་རྒྱུ་མཚན་སོགས་ཀྱིས། གང་དེའི་གཟུགས་སྐུ་སྤངས་རྟོགས་ནོར་བུའི་ཟ་མ་ཏོག་སྐུ་དམར་གདུང་རིལ་པོར། རྟག་བརྟན་དམ་ཆོས་གླིང་གི་མཆོད་ཁང་རྩེའི་རིན་ཆེན་གཉིས་པའི་མཆོད་སྡོང་ཆེན་པོར་སྐྱེ་རྒུའི་མཐོང་ཐོས་དྲན་རེག་གི་བསོད་ཞིང་དམ་པར་བཞུགས་བཞིན་པའང་ཕྱི་ལོ་ ༡༦༤༩ ས་མོ་གླང་ལོར་པཀྵུའི་ཀླུང་ལ་སྤྱན་དྲངས་ཏེ། གདུང་ཁང་འཇའ་འོད་ཀྱིས་ཁྱབ་ཚུལ་རྣམ་ཐར་སྒྲུབ་བརྒྱུད་རིན་ཆེན་འཕྲེང་བར་གསལ་བ་ལྟར།” ཞེས་གསུངས་པ་ལྟར་དང་། ད་དུང་སི་ཏུ་པཎ་ཆེན་གྱི་རང་རྣམ་དང་། སྒྲུབ་བརྒྱུད་རྣམ་ཐར་རིན་ཆེན་ཕྲེང་བ་སོགས་སུའང་གསལ།
༣༽ ལོ་རྒྱུས་ཡིག་ཚང་རྣམས་སུ་ཇོ་ནང་པའི་དགོན་པ་ག་ཚོད་ཅིག་དགེ་བསྒྱུར་བྱས་པ་གསལ་བོར་མེད་མོད། ང་ཚོས་དབུས་གཙང་གཉིས་སུ་མི་སྣ་ཆེད་འཛུགས་ཀྱིས་དངོས་ཡོད་ཞིབ་འཇུག་བྱས་དུས་དགོན་པ་ ༣༢ དགེ་བསྒྱུར་བྱས་པའི་གནས་ཚུལ་རྙེད་ཡོད།
དེ་ལྟར་ཇོ་ནང་དགོན་པ་མང་པོ་ཞིག་དགེ་བསྒྱུར་བྱས་ཚུལ་ནི། དཔེར་ན། ཐུའུ་བཀྭན་གྲུབ་མཐའ་(གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ཐུའུ་བཀཱན་བློ་བཟང་ཆོས་ཀྱི་ཉི་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། 216)ལས། “ཏཱ་ར་ནཱ་ཐ་གཤེགས་རྗེས་གོང་ས་ལྔ་བ་ཆེན་པོས་དགོན་པ་དགེ་ལུགས་པར་བསྒྱུར་ནས་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས། ཆོས་ལུང་བྱང་རྩེ་སོགས་ཇོ་ནང་གི་དགོན་པ་གཞན་རྣམས་ཀྱང་དགེ་ལུགས་པར་བསྒྱུར། གསུང་རབ་ཀྱི་པར་ཕལ་ཆེ་བ་ཡང་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་པས།” ཞེས་གསུངས། འདི་ནི་མཚོན་ཙམ་ཡིན་ལ། དེའི་ཚུལ་ཡང་ཡིག་ཚང་གཞན་མང་པོར་གསལ།
ལོ་རྒྱུས་ཡིག་ཚང་དང་ད་ལྟའི་གནས་བབ་ལ་བལྟས་པ་ཡིན་ན། དྲག་མཚོན་བཟུང་ནས་ནང་ཁུལ་དུ་ཁྲག་ཐུག་སྐོལ་མཁན་ནི་ཇོ་ནང་པ་ཚོ་ཡིན་ནམ་དཔྱད་པར་བྱ་བའི་གནས་སོ།།
དེ་ཙམ་གྱིས་སྐུ་ཞབས་བསམ་ཤེས་ལགས་དང་། གལ་ཏེ་བསམ་བློ་ཆ་འདྲ་བའི་སྐྱེ་བོ་རེ་ཡོད་སྲིད་ན་དེ་དག་གི་ཐུགས་དོགས་ཀྱང་ཞོར་ལ་བསལ་ཡོད།
ཉི་སྣང་ལགས།
དེ་ནི་དགེ་བཤེས་ཚེ་རིང་པོས་རྨི་ལམ་ནང་དུ་ཤོར་བའི་གཡག་རེད། ད་ལྟ་རྨི་ལམ་ལས་སད་ཡོད་པ་མ་ཟད། རྨི་ལམ་ལེའུ་དེ་མཇུག་རྫོགས་ནས་མི་ལོ་ ༡༠ ཕྱིན་ཚར་བ་རེད། རྨི་ལམ་དེ་ཚོ་སྔོགས་མ་ཡོང་། རྗེས་ནས་དེའི་སྐོར་ལ་ལན་མི་འདེབས།
འདྲ་མཉམ་ཡིན་ན་གྲྭ་རྒན་གཟའ་རོ་འདི་ཚོ་ལ་སྤྱི་འཐུས་དགོས་དོན་གང་ཡིན་ནམ། སྦེལ་རྒྱུམ་དང་ཨ་རི། སུད་སུ། ཁེ་ན་དྲ་སོགས་རྒྱལ་ཁབ་མང་པོ་ལ་སྤྱི་འཐུས་གཉིས་རེ་དགོས་པ་རེད།
གཟའ་རོ་འདི་ཚོས་ཆོས་ཡག་པོ་མི་ཤེས། སྲིད་ཀྱང་མི་ཤེས་པ་སྤྱི་འཐུས་གྲྭ་གཟུགས་དཀྲུག་འདྲེ་འདི་ཚོ་ལ་ལྟོས་དང་ཤེས་ཡོང་།
བཙན་བྱོལ་སྒྲིག་འཛུགས་འོག་ན་དྲང་བདེན་དང་གནས་ལུགས་ཀྱིས་བདེན་པ་བདར་བས་ཉམ་ཆུང་ཇོ་ནང་པར་ཚོར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ། གཞན་དོག་འདྲི་དང་ཚིག་ངན་བཤད་མཁན་རེ་ཟུང་འདུག་སྟེ། དེ་ཡང་མ་ཤེས་མ་མཁྱེན་པས་དབང་གིས་ཡིན་པ་འདྲ། གང་ལྟར་དྲང་བདེན་དང་གནས་ལུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི། མི་ཡ་རབས་ཅིག་གི་ལས་འགན་ཡིན་པས་ཐུགས་འཛིན་འཚལ།
སྤྱིར་ཇོ་ནང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲོད་རྒྱུར་མོས་མཐུན་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་རྩོམ་པ་པོས་བོད་ཀྱི་རྩ་ཁྲིམས་ལ་གོ་བ་ལེན་མ་ཤེས་པར་ལོག་འགྲེལ་མང་དུ་བྱས་པ་ནི་ཕན་ལས་གནོད་ཆེ། ཇོ་ནང་ལ་ཆོས་དད་རང་དབང་སྤྲད་མེད་པའི་རྩ་ཁྲིམས་ཀྱི་ལུང་་འདྲེན་དེར་གཟིགས་ན་གོ་བ་ཅི་ཙ་་ལོན་འདུག་རྟོགས་ཐུབ། ཡང་ཤེས་དགོས་པ་ཞིག་ལ་རྒྱལ་དབང་ལྔ་བའི་སྐབས་ཀྱི་ནད་རྙིང་ཀྱིས་དབང་གིས་ཐོབ་ཐང་མ་སྤྲད་པ་ཡིན་མིན་ནི་༧གོང་ས་མཆོག་གིས་ཇོ་ནང་པར་བཙན་བྱོལ་སྤྱི་ཚོགས་སུ་གནས་འཆའ་སའི་དགོན་པ་ཞིག་གནང་ཡོད་ཅིང་། དེ་ལྟ་བུ་ཆོས་རྒྱུད་གཞན་སུ་ལའང་གནང་མེད། ཐུག་ས་དངོས་ནི་ཇོ་ནང་ས་སྐྱའི་ཁུངས་གཏོགས་ཡིན་མིན་གྱི་གནད་དོན་དེ་རེད།
༄༅། བེ་རི་རིག་པའི་རྡོ་རྗེ་ཟེེར་བས།
ཇོ་ནང་སྐོར་ལ་རིང་པོ་ཞོག་བྲིས་འདུག་པ་རང་འདོད་མ་ཁེངས་པ་།་ཆོས་འཇིག་རྟེན་གཉིས་ལ་
གོ་རྟོགས་མེད་པ་།་མི་ལོ་ལྔ་བཅུ་དྲུག་བཅུའི་ནང་ཇོ་ནང་ཞེས་པའི་ཆོས་ལུགས་སྐོར་ལ་གང་ཡང་བཤད་
རྒྱུ་མེད་པ་ཞིག་ལ་ད་གཞི་ནས་གཉིད་སད་་ནམ་ལངས་ནས་་་དམ་པའི་ལྟ་ཆོས་ཕར་བཞག་འཇིག་
རྟེན་མི་ཆོས་ཀྱང་་མི་ཤེས་པ་་ཡ་རབས་བཟང་སྤྱོད་ལས་བྲལ་ནས་དབྱེ་འབྱེད་སྲིད་གཞུང་ནག་པོ་ཞེས་་
་བཀའ་དྲིན་ལ་བསམ་བཞེས་མེད་པར་་་དྲིན་ལན་ལ་ལོག་འཇལ། ར་ཕོ་རང་མ་་ཐོང་ཆེ་ཞིང་་ཨོག་མའི་འོག་ནས་ཉི་མ་ཤར་འདྲའི་ཟུར་ཟའི་བརྗོད་ཚིག་འདི་འདྲ་
རྒྱ་དམར་པོས་བསླབ་པ་མིན་ནམ་ཅི་ཡིན།
ལར་ནས་ཇོ་ནང་ཆོས་ལུགས་འདི་བོད་ཀྱི་ཆོས་ལུགས་ལྔ་པོ་གང་གི་ཁུངས་སུ་གཏོགས་ཀྱི་ཡོད་པ་རེད།
སྤྱི་འཐུས་ལྷན་ཚོགས་ནས་ག་རེ་བྱས་ཏེ་བདག་པོ་མ་བརྒྱབ་པ་རེད། རྒྱབ་ལྗོངས་ལ་སློབ་སྦྱོང་བྱེད་དགོས།
གཅིག་ནས་མང་གཙོའི་རང་དབང་མི་འདུག་བརྗོད། གཅིག་ནས་མང་གཙོ་རེད་ཟེར་སེམས་ནང་གང་དྲན་ཕྱི་ལ་བཤད་ཆོག་མ་རེད།
མང་གཙོ་ལ་དང་པོ་ཚིག་གཉིས་ཤེས་དགོས། རྒྱལ་ཁབ་དང་མི་མང་ལ་ག་རེ་ཞབས་འདེགས་ཞུས་ཡོད།
ཞབས་་འདེགས་ཞུས་ཡོད་ན། རང་དབང་དེ་བཤད་ཆོག་པ་རེད། དེ་མིན་གང་བྱུང་མང་བྱུང་བཤད་ཡ་
གི་ཐོབ་ཪང་ཡོད་པ་མ་རེད། འཛམ་གླིང་དམངས་གཙོའི་རྩ་ཁྲིམས་ལ་སློབ་སྦྱོང་བྱེད་དགོས།
དཔུང་འདྲེནམ
རང་མིང་ཙམ་ལ་དག་ཆ་མི་ཐོན་ཅིང་།།
ཁྲིམས་ཡིག་བཅའ་ཁྲིམས་ཁྱད་པར་མི་འབྱེད་པར།།
སྒེར་དང་གཞུང་གི་དབྱེ་བའང་མི་ཤེས་པའི།།
སྐྱེ་བོ་དེ་ལ་ལན་གྱིས་ཅི་ཞིག་བྱ།།😂😂😂
Abharu jigwang ལ།
མཁས་དབང་ཁོང་གིས་བྲིས་པའི་ཞབས་མཆན་དེའི་བརྒྱ་ཆ་དགུ་བཅུ་ཡིག་ནོར་ཡིན་པ་མ་ཟད། ཚིག་སྦྱོར་མདོག་ངན་དེས་རྐྱེན་གྱིས་ཅི་ཞིག་གསུང་གིན་ཡོད་པ་གསལ་བོར་མི་ཤེས་མོད། ཡིད་འཇོག་བྱས་ན། བཙལ་བྱོལ་མི་ལོ་དྲུག་ཅུའི་རིང་ཇོ་ནང་བས་ཇོ་ནང་སྐོར་གླེང་གིན་ཡོད་པ་མ་ཐོས་ཟེར་བ་འདྲ། ཨ་ཁ་ཁ།
མིག་དང་རྣ་བར་ལྕགས་ཟ་བརྒྱབས་ནས་སྐུ་མཚམས་ལ་བཞུགས་པ་འདྲ། སྐྱབས་སུ་མཆི།
ཁོང་གིས་མང་གཙོར་འགྲེལ་བཤད་ཡག་པོ་གནང་འདུག རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཡག་པོ་ཞུས་ཡོད་ན། རང་དབང་དང་ཐོབ་ཐང་རྩོད་ཆོག་ལ། དེ་མེད་ན་མི་ཆོག དེ་ཤེས་པར་འཛམ་གླིང་མང་གཙོའི་རྩ་ཁྲིམས་ཟེར་བ་དེར་སློབ་སྦྱོང་བྱེད་དགོས་ཟེར། ཡ་མཚན། ཁོང་ལྟ་བུའི་ཁྲིམས་ལུགས་རབ་འབྱམས་པ་ཞིག་འཇིག་རྟེན་ཐོག་ཡོད་པ་སྐད་གྲགས་ཅན་གྱི་ཁ་མཆུ་ ༢༠ སྐབས་སུས་ཀྱང་མ་ཤེས་པ་གྱོང་རེ་ཆེ། ཧཧཧཧཧཧཧཧ🤣
གཙང་རིག་ལགས།
བཀའ་དྲིན་ཆེ། བདེན་པའི་རྒྱབ་ལངས་བྱས་པ་ནི། ཇོ་ནང་གི་འདྲ་མཉམ་ཐོབ་ཐང་གཅིག་པོ་མ་ཡིན་པར། དྲང་བདེན་དང་གནས་ལུགས་ལ་བརྩི་བཀུར་བྱས་པ་ཡིན།
ཇོ་ནང་པ་རྒྱལ་ལོ།།
འཇིག་རྟེན་མི་ཆོས་མ་ཤེས་སེམས་རེ་སྐྱོ། དམ་པའི་ལྷ་ཆོས་ཤེས་རྒྱུ་དཀའ་ཡང་དཀའ།
ཡ་རབས་ལུགས་ཀྱང་མ་ཤེས་ན། མདོ་སྔགས་གསུང་ལུགས་ཇི་ལྟར་ཤེས།
ཆོས་ཀྱི་གནད་དོན་མ་རྟོགས་ཆོས་པ་ཟེར། ཡ་རབས་བཟང་སྤྱོད་མ་ཤེས་ཆོས་པ་ཅི།
གསལ་བསྒྲགས།
ངས་གོང་གི་རྩོམ་ཡིག་དེ་འབྲི་དགོས་པའི་རྒྱུ་མཚན་གཅིག་ནི་ཟླ་འདིའི་ཚེས་ ༥ ཉིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲྭ་བརྙན་སྡེ་ཚན་ནས། འཆར་ཅན་ནང་ཆོས་ངོ་སྤྲོད་སྐབས་མདོ་འཛིན་པས་བཤད་ཕྱོགས་ཀྱི་རྐྱེན་གྱིས་ཡིན་ལ། དེ་རིང་དེ་གའི་དྲྭ་བརྙན་སྡེ་ཚན་ནས་འཆར་ཅན་ནང་ཆོས་ངོ་སྤྲོད་སྐབས། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་གདན་ཞུས་ཀྱིས་བཀའ་སློབ་བསྩལ་བའི་བརྙན་ཐུང་བསྟན་པ་མ་ཟད། རྗེས་སུ་ཇོ་ནང་བའི་ཆོས་འབྱུང་དང་ལྟ་གྲུབ་ཆོས་བརྒྱུད་སྤྱི་མཚུངས་ལྟར་གནང་གཏན་ཁེལ་འདུག་པ་ནི། ཉེས་པ་ལ་ཉེས་པར་མཐོང་བའི་སྤྱོད་བཟང་ཡིན་པས། རྩོམ་ཡིག་འདིར་ཞབས་མཆན་འགོད་མཁན་ཚོར་ལན་འདེབས་བྱེད་རྒྱུ་གནས་སྐབས་རིང་མཚམས་བཞག་པ་ཡིན་པས་ཐུགས་འཇགས་འཚལ། 👍
https://www.youtube.com/watch?v=7A9A6t__wCo&feature=youtu.be
རྩ་བ་བོར་ནས་ཡལ་གར་འཇུས་ཟེར་ལེ་བཞིན། མང་གཙོ་དང་། ཐོབ་ཐང་འདྲ་མཉམ། ཁེ་དབང་ལོངས་སྤྱོད་སོགས་སྐབས་འདིར་འབྲེལ་བ་མི་འདུག གནད་འགག་ནང་གི་གནད་འགག་ནི་ཇོ་ནང་ཆོས་བརྒྱུད་དེ་ས་སྐྱའི་ཆོས་བརྒྱུད་ཀྱི་ཁོངས་གཏོགས་སམ་ཡང་ན་རང་སྐྱ་ཐུབ་པའི་ཆོས་བརྒྱུད་ཅིག་ཡིན་མིན་གྱི་གནད་དོན་དེ་རེད། གཉིས་པ་ནི་ཆོས་བརྒྱུད་སྤྱི་འཐུས་ལ་ས་མིག་སྤྲོད་དགོས་མིན་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཀྱིས་བཅའ་ཁྲིམས་བསྒྱུར་བཅོས་བཏང་ཐུབ་མིན་ལ་རག་ལས་པ་ལས། ལུང་སྟོང་ལ་སྐད་འབོད་བརྒྱབ་ནས་ཅི་ཕན།
བེ་རི་རིག་པའི་རྡོ་རྗེ་ལགས།
གསལ་བཤད་གནང་བར་ཐུགས་རྗེ་ཆེ།
དགའ་ལྡན་ཕོ་བྲང་དཔོན་པོར་འཁོད།
མཐའ་མི་སོག་དམག་བོད་དུ་དྲངས།
དགེ་རྙིང་མ་གཏོགས་ཐམས་ཅད་བསྣུབས།
མཐའ་མ་བོད་དེ་ཀྲུང་གོར་ཕུལ།།