སྐལ་བཟང་དབང་འདུས་ཀྱིས།
ང་ཚོ་བཙན་བྱོལ་བ་ཆགས་ནས་ད་བར་གྱི་སློབ་གསོའི་གནས་ལུགས་ནི་ཡར་རྒྱས་ཆེན་པོ་བྱུང་བས་དགའ་སྤོབས་བྱེད་ཡུལ་ཞིག་ཡིན་ལ་དེ་བཞིན་འཐུས་ཤོར་ཡང་ཆེན་པོ་བྱུང་ཡོད་པས་སྡུག་སྐད་ཤོར་ས་ཞིག་ཀྱང་ཡིན། བར་ལམ་ བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་དང་། བཀའ་ཤག་གསར་པས་ལས་འཁུར་དང་ ལེན་ཞུས་ཏེ་ཉིན་གྲངས་བརྒྱ་སྐོར་སོང་བའི་མཚམས་འདིར་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གནད་ཆེར་བརྩིས་པའི་ཤེས་ཡོན་སློབ་གསོའི་སྐོར་ལ་བསམ་འཆར་འགའ་ཞིག་ཞུ་རྒྱུ་ཡིན།
༡༽ མ་སྐད་ནི་བསླབ་པ་ཐམས་ཅད་ཀྱི་གཞི་རྩ་ཡིན།
ཕྲུ་གུ་ཞིག་ལ་མཚོན་ན་རང་གི་མ་སྐད་ནི་ཤེས་བྱ་མཐའ་དག་སློབ་པའི་བརྒྱུད་ལམ་ལེགས་ཤོས་དེ་ཡིན་པ་སློབ་གསོའི་སྐོར་གྱི་ཞིབ་འཇུག་ཁག་ལས་ར་སྤྲོད་གསལ་པོ་བྱུང་ཡོད། བོད་པའི་སློབ་མ་ཚོར་བོད་ཡིག་གི་བརྒྱུད་ལམ་ནས་ ཨང་རྩིས་དང་། ཚན་རིག སྤྱི་ཚོགས་རིག་གནས་སོགས་བསླབ་པ་ཡིན་ན་སློབ་མའི་སྦྱང་ཚད་དང་གོ་རྟོགས་མཐོ་རུ་ འགྲོ་རྒྱུར་གདོན་མི་ཟ་བ་ཡིན་པ་མ་ཟད། ཐ་ན་སྐད་ཡིག་གཉིས་པ་དང་གསུམ་པ་(དབྱིན་ཇི་དང་ཧིན་དྷི) སོགས་ སློབ་པ་ལ་ཡང་མ་སྐད་ཀྱི་རྨང་གཞི་སྲ་བརྟན་དགོས་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ། དེང་སྐབས་འཛམ་གླིང་གི་ཡུལ་ གྲུ་གང་སར་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་སློབ་གསོའི་གནས་སྟངས་སྐྱོ་པོ་ཡོད་པའི་རྒྱུ་མཚན་ཨ་མ་དེ་ནི་ཁོང་ཚོས་སྐད་ཡིག་གཞན་ཞིག་གི་ནང་སློབ་སྦྱོང་བྱེད་དགོས་པའི་དབང་གིས་ཡིན། ད་བར་བོད་ཁྱིམ་གྱི་འགན་ཁུར་ཐོག་གཞི་རིམ་འོག་མའི་སློབ་གཞི་དང་སློབ་ཁྲིད་རྣམས་བོད་ཡིག་ནང་བྱེད་ཐུབ་པ་བྱུང་བ་དང་། ཟམ་གདོང་རིན་ པོ་ཆེའི་བཀའ་ཤག་གི་སྐབས་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་ མེས་དབོན་དཔེ་སྟོན་སློབ་གྲྭ་བཙུགས་པ་སོགས་ནི་བོད་མིའི་སློབ་གསོའི་ལོ་རྒྱུས་ནང་ཆེས་རླབས་ཆེན་གྱི་གྲུབ་འབྲས་ཁག་ཡིན། ད་ཆ་སློབ་གསོའི་སྲིད་བྱུས་གསར་པ་གཞིར་བཟུང་གཞི་རིམ་བར་མ་དང་དེ་ནས་རིམ་གྱིས་གཞི་རིམ་ གོང་མ་སོགས་སུ་ལག་བསྟར་བྱ་རྒྱུའི་དུས་ལ་སླེབས་ཡོད།
དེའི་སྐོར་སློབ་དེབ་གྲ་སྒྲིག་དང་། དགེ་རྒན་གསོ་སྐྱོང་། གཞན་མཐུན་རྐྱེན་ཁག་གྲ་སྒྲིག་འཐུས་ཚང་བྱས་ནས་བོད་ ཡིག་ནང་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཚ་འདེད་བྱེད་དགོས། དེ་ནི་ང་ཚོའི་མ་འོངས་པའི་བསྒྲུབ་བྱ་ལྟེ་བ་དེ་ཡིན། བཀའ་ཤག་དང་ཤེས་རིག་ལས་ཁུངས་ནས་ཕུགས་རྒྱང་རིང་པོར་བལྟས་ནས་མ་འོངས་པའི་ལོ་ཉི་ཤུ་སྐོར་ཙམ་གྱི་འཆར་གཞི་འཐེན་དགོས། དེ་དག་ཀྱང་ལོ་ལྔ་ལྔར་བགོས་ནས་ཚད་གཞི་ངེས་ཅན་གྱི་འཆར་གཞི་བཟོ་བ་དང་ལོ་ལྔ་རེ་ རྫོགས་མཚམས་བསྐྱར་ཞིབ་སོགས་བྱས་ན་ཕན་ངེས་ཡིན། དེ་མིན་འདས་པའི་ལོ་ངོ་ཉི་ཤུ་ལྟར་འཐུས་ཤོར་དང་ སྒྱིད་ལུགས་ཀྱི་དབང་དུ་ཤོར་བའི་ཉེན་ཁ་ཡོད།
༢༽ དོན་དམ་གྱི་སྐད་གཉིས་སློབ་གསོ།
འོན་ཀྱང་ང་ཚོ་བཙན་བྱོལ་ལ་ཡོད་པའི་གནས་སྟངས་འོག་གཞན་དབང་སྟབས་བསྟུན་བྱེད་དགོས་པ་དང་། གཞན་ གྱི་ངོས་ལེན་ཡོད་པའི་སློབ་གསོའི་ཚན་པ་(Education board)ལོགས་སུ་མེད་པ། དེ་བཞིན་མཐོ་རིམ་སློབ་གསོའི་ མཐུན་རྐྱེན་བོད་སྐད་ཡིག་ཐོག་མེད་པར་བརྟེན་བོད་ཕྲུག་རྣམས་མཐོ་རིམ་སློབ་སྦྱོང་ཆེད་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་དབྱིན་ཇིའི་སྐད་ལ་བརྟེན་དགོས་པ། ད་དུང་བོད་ཀྱི་སྐད་ཡིག་ལ་དཔལ་འབྱོར་གྱི་ཁྲོམ་ར་དཀོན་པ། དེང་དུས་ཀྱི་ཤེས་བྱ་འདྲ་མིན་བོད་སྐད་ཐོག་ཕབ་བསྒྱུར་ཟིན་པ་ཆེས་དཀོན་པ་སོགས་ཀྱི་རྒྱུ་མཚན་མང་བོ་ཞིག་ལ་བརྟེན། གནས་སྐབས་རིང་གཤམ་དུ་བཀོད་པའི་སློབ་གསོའི་ལམ་ལུགས་ལྟ་བུ་ཞིག་ལ་བསྐྱོད་ཐུབ་ན་བཟང་སྙམ། འོན་ཀྱང་གཞི་རིམ་ཤེས་ཡོན་སྲིད་བྱུས་གསར་པའི་ནང་བཀོད་པའི་ལམ་ལུགས་དེ་ནི་ང་ཚོའི་མཐར་ཐུག་གི་བསྒྲུབ་བྱ་ཡིན་པས་དེའི་ཕྱོགས་སུ་གྲ་སྒྲིག་མུ་མཐུད་ནས་བྱ་དགོས་པ་ཡིན།
· ཀ༽གཞི་རིམ་འོག་མ་འཛིན་གྲྭ་དང་པོ་ནས་ལྔ་པ་བར་ད་ལྟ་ཡོད་བཞིན་པའི་ལམ་ལུགས་བཞིན་སློབ་ཚན་མཐའ་དག་བོད་ཡིག་ནང་བསླབ་རྒྱུ་དང་སྐད་ཡིག་གཉིས་པ་དབྱིན་སྐད་འཛིན་གྲྭ་གསུམ་པ་ནས་མགོ་བཙུགས་དགོས། རྒྱུ་མཚན་ནི་མ་སྐད་ཀྱི་རྨང་གཞི་སྲ་བརྟན་ཡོད་ན་སྐད་ཡིག་གཞན་སློབ་པར་ཕན་རླབས་ ཆེན་པོ་ཡོད།
· ཁ༽གཞི་རིམ་བར་མ་འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་ལ། ༩༠-༡༠་ཅན་གྱི་སྐད་གཉིས་སློབ་གསོ་ (90-10 Dual immersion model)ལག་ལེན་བསྟར་ན་ལེགས་པར་མངོན། དེ་ཡང་སྐད་ཡིག་ཕུད་པའི་ སློབ་ཚན་གཞན་ཁག་སློབ་ ཁྲིད་ཀྱི་དུས་ཡུན་ཆ་ཚང་ལས་བོད་སྐད་ཐོག་བརྒྱ་ཆ་༩༠་དང་དབྱིན་སྐད་ཐོག་ བརྒྱ་ཆ་༡༠་གཏོང་དགོས། སྐད་ཡིག་ མཉམ་བསྲེས་མེད་པར་ལོག་མཚམས་གསལ་པོར་ དབྱེ་དགོས་ པ་ (Language separation)དང། དེ་བཞིན་སྐད་ ཡིག་གསུམ་པ་རྒྱ་སྐད་ཡང་ལོ་གསུམ་གྱི་རིང་བསླབ་རྒྱུ།
· ག༽གཞི་རིམ་གོང་མ་འཛིན་གྲྭ་དགུ་པ་ནས་བཅུ་པ་བར་ལ། ༥༠-༥༠་ཅན་གྱི་སྐད་གཉིས་སློབ་གསོ་(50-50 Dual immersion model)ལག་ལེན་བསྟར་དགོས། དེ་ཡང་སྐད་ཡིག་ཕུད་པའི་སློབ་ཚན་གཞན་ཁག་ སློབ་ཁྲིད་ཀྱི་དུས་ཡུན་ཆ་ཚང་ལས་བོད་སྐད་ཐོག་བརྒྱ་ཆ་༥༠་དང་དབྱིན་སྐད་ཐོག་བརྒྱ་ཆ་༥༠་གཏོང་དགོས་པ་དང་སྐད་ཡིག་མཉམ་བསྲེས་མེད་པར་ལོག་མཚམས་གསལ་པོར་དབྱེ་དགོས་པ་ཡིན། སྐབས་འདི་ ནས་བཟུང་དབྱིན་སྐད་ཐོག་ཤུགས་སྣོན་འཕར་མ་རྒྱག་དགོས།
· ང༽གཞི་རིམ་གོང་མ་འཛིན་གྲྭ་བཅུ་གཅིག་ནས་བཅུ་གཉིས་བར་ལ་སློབ་ཚན་མཐའ་དག་དབྱིན་ཡིག་ནང་བསླབ་རྒྱུ་དང་བོད་ཡིག་སློབ་ཚན་ཞིག་གི་ངོ་བོའི་ཐོག་ནས་སློབ་འཁྲིད་བྱ་རྒྱུ།
དེ་ལྟ་བུའི་ལམ་ལུགས་ཞིག་ལ་བརྟེན་ན་བོད་ཡིག་གི་སྦྱང་ཚད་མཐོ་པོ་ཡོང་རྒྱུ་མ་ཟད་དབྱིན་ཡིག་གི་ཤེས་ཚད་ཀྱང་རང་རྐྱ་འཕེར་བ་ཡོང་ངེས་ཡིན། བོད་ཡིག་ནས་དབྱིན་ཡིག་གི་རྒྱུད་ལམ་ལ་འགྱུར་བ་ཡང་གློ་བུར་དུ་མ་ཡིན་པར་ དལ་པོའི་ངང་ནས་ཡིན་སྟབས་སློབ་མ་ཚོ་ལ་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན་སློབ་མ་རྣམས་ལ་མཐོ་རིམ་སློབ་ སྦྱོང་གི་གོ་སྐབས་ལེན་རྒྱུར་ཡང་འགོག་རྐྱེན་མེད་པ་ཡིན།
༣༽ བོད་ཀྱི་སྐད་ཡིག་སློབ་ཁྲིད་དེ་དེང་རབ་ཅན་དུ་འགྱུར་དགོས།
ང་ཚོའི་སློབ་གྲྭ་ཕལ་མོ་ཆེའི་ནང་སློབ་ཚན་ཁག་མང་པོ་ཡོད་པའི་ནང་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་ཐོག་ལ་དུས་དང་མཐུན་པའི་གོམ་པ་སྤོས་མ་ཐུབ་པར་རྗེས་ལུས་ཐེབས་ཡོད། དེ་ནི་དགེ་རྒན་མང་པོ་ཞིག་ལ་སློབ་ མའི་སེམས་ཁམས་དང་མཐུན་པའི་དེང་དུས་སློབ་ཁྲིད་ཀྱི་སྦྱོང་བརྡར་ཉུང་བ་དང་བོད་ཡིག་གི་ཁྲིད་ཆས་ཉུང་པ་སོགས་ཀྱིས་ལན་པ་ཡིན། བོད་ཀྱི་སྐད་ཡིག་སློབ་ཁྲིད་དེ་བརྡ་སྤྲོད་ཀྱི་གཞུང་ལུགས་དང་དགེ་རྒན་གྱི་འཆད་ཁྲིད་ རྒྱབ་ པ་ཙམ་མ་ཡིན་པར་སློབ་མའི་ཉིན་རེའི་འཚོ་བ་འབྲེལ་པའི་འབྲི་ཀློག་སྤྱོད་གསུམ་ལ་ཤུགས་ནོན་རྒྱག་དགོས་པ་ཡིན། དེ་དག་ཡོང་ཆེད་དུ་དགེ་རྒན་ལ་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་སོགས་ཀྱི་སྦྱོང་བརྡར་གང་མང་སྤྲོད་དགོས་ལ་སློབ་དེབ་དང་མཐུན་རྐྱེན་གཞན་ཁག་ལ་ཡང་ཡར་རྒྱས་ངེས་པར་གཏོང་དགོས་པ་ཡིན།
༤༽སྐད་ཡིག་གསུམ་པར་རྒྱ་སྐད་བསླབ་དགོས།
ད་ལྟའི་བར་བོད་མིའི་སློབ་གྲྭ་ཁག་ནང་ཧིན་དྷིའི་སྐད་དེ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་རམ། གང་ལྟར་ལོ་ གསུམ་ཙམ་གྱི་རིང་ལ་སློབ་ཀྱིན་ཡོད། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གསར་པ་དེས་ཀྱང་རྒྱ་ གར་དང་མཚུངས་བའི་སྐད་ཡིག་གསུམ་ལྡན་གྱི་ལམ་ལུགས་ལ་མོས་མཐུན་བྱས་ཡོད།
དེར་བརྟེན། ཆབ་སྲིད་དང་ རིག་གནས། འཚོ་བ། དཔལ་འབྱོར་སོགས་ཕྱོགས་གང་ནས་བལྟས་ཀྱང་བོད་ཕྲུག་ཚོར་རྒྱ་སྐད་བསླབ་རྒྱུ་གནད་ ཆེར་མཐོང། ད་བར་ཧིན་དྷི་ལོ་གསུམ་བར་སློབ་བཞིན་པ་དེས་ང་ཚོར་ཕན་རླབས་བྱུང་ཡོད་མེད་ཐེ་ཚོམ་རེད། ང་ ཚོར་མཁོ་བའི་ཟ་འཐུང་ཙམ་གྱི་ཧིན་སྐད་དེ་ནི་རང་བཞིན་གྱིས་ཁྲོམ་ར། བརྙན་འཕྲིན་བརྒྱུད་ལམ། དེ་བཞིན་སྤྱི་ ཚོགས་ཀྱི་འབྲེལ་ལམ་སོགས་བརྒྱུད་ནས་ཤེས་ཐུབ་ངེས་ཡིན།
༥༽དགེ་རྒན་གྱི་སྤུས་ཚད་ནི་སློབ་མའི་སྦྱང་ཚད་གོང་མཐོར་གཏོང་བའི་ཆ་རྐྱེན་ཨང་དང་པོ་ཡིན།
དགེ་རྒན་ཡག་པོ་དང་ཚད་ལྡན་དགོས་ན་འཛིན་རིམ་བཅུ་གཉིས་མཐར་ཕྱིན་སློབ་མ་ལེགས་གྲས་རྣམས་ཀྱིས་སློབ་གསོའི་སྐོར་ཆེད་སྦྱོང་གནང་སྟེ་དགེ་རྒན་གྱི་ལས་ཀར་ཞུགས་དགོས། འཛམ་གླིང་ནང་སློབ་གསོའི་གནས་བབས་ ལེགས་གྲས་ཡིན་པའི་ཡུལ་གྲུ་སིང་ག་པོར་(Singapore)ལྟ་བུར་མཚོན་ན་དགེ་རྒན་རྣམས་གཞི་རིམ་སློབ་གྲྭ་ཐོན་པའི་སློབ་མ་ལེགས་ཤོས་བརྒྱ་ཆ་༣༠་ཡི་ནང་ནས་ཡོང་གི་ཡོད་ལ། དེ་བཞིན་རྒྱལ་ཁབ་ཀྱི་བློ་རིག་བཀྲ་བའི་སློབ་མ་ མང་པོ་ཞིག་ཀྱང་དགེ་རྒན་གྱི་བྱ་བར་ཞུགས་ཀྱིན་ཡོད་། དེ་ལྟར་ཡོང་དགོས་བའི་རྒྱུ་མཚན་ནི་ཡུལ་གྲུ་དེར་དགེ་ རྒན་ལ་དམིགས་བསལ་མཐུན་རྐྱེན་དང་ཕོགས་ཐོབ་སོགས་མི་ཚེའི་མདུན་ལམ་ཡག་པོ་ཡོད། བཙན་བྱོལ་བོད་མིའི་ སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་མཚོན་ན་ལས་འཁུར་ལྕི་ཞིང་ཕོགས་ཐོབ་སོགས་ཀྱི་ཆ་ནས་མི་ཚེའི་མདུན་ལམ་དམིགས་བསལ་ཞིག་མེད་ན་ཡང་། ལྷག་བསམ་གྱི་ཐོག་ནས་ལས་ཀར་ཧུར་བརྩོན་གནང་བར་བསྔགས་བརྗོད་ཀྱི་ གནས་སུ་གྱུར་ཡོད། འོན་ཀྱང་། བོད་པའི་སློབ་གྲྭ་ཁག་གི་སློབ་མ་ལེགས་གྲས་རྣམས་འཛིན་རིམ་བཅུ་གཉིས་ཐོན་ རྗེས་མཐོ་སློབ་དུ་སློབ་གསོའི་སྐོར་ལ་ཆེད་སྦྱོང་གནང་མཁན་ཆེས་དཀོན་པོ་ཡིན་ལ། དེ་བཞིན་སློབ་གྲྭར་ཡོད་ སྐབས་སློབ་སྦྱོང་གི་གནས་ཚད་སྐྱོ་བ་མང་པོ་ཞིག་གིས་དགེ་རྒན་གྱི་བྱ་བ་གཉེར་བ་དེ་ཡང་དངོས་ཡོད་ཀྱི་གནས་སྟངས་ཤིག་ཡིན། གལ་སྲིད། དེས་ན་མ་འོངས་པར་བོད་མི་ཤེས་ཡོན་ཅན་དང་ཁྱད་ལས་པ་མང་པོ་སྐྱེད་བསྲིང་བྱེད་ དགོས་ན་ཐོག་མར་དགེ་རྒན་གསོ་སྐྱོང་ཡག་པོ་བྱེད་དགོས་པ་ཡིན།
༦༽ སློབ་མ་ཚོར་རྣམ་དཔྱོད་དང་བསམ་བློའི་རང་དབང་སྤྲོད་དགོས།
ང་ཚོའི་སློབ་གྲྭ་ཁག་གི་ནང་དགེ་རྒན་དང་སློབ་དེབ་ལ་མཐའ་གཅིག་དུ་བརྩི་བཀུར་ཞུ་དགོས་པ་དེ་ཡང་སློབ་མར་རང་རྐྱ་འཕེར་བའི་ཤེས་ཡོན་འཇུག་པ་ལ་འགོག་རྐྱེན་ཆེན་པོ་བཟོ་གི་ཡོད། ཤེས་བྱ་ནི་མིའི་རིགསདང་སྤྱི་ཚོགས་ནས་ བསྐྲུན་པ་(Social construction)ཤ་སྟག་ཡིན་པའི་དེ་དག་ལ་མཐའ་ གཅིག་ཏུ་མོས་གུས་དང་ཡིད་ཆེས་བྱེད་དགོས་ དོན་ཅི་ཡང་མེད། དེང་སྐབས་དུས་རབས་ཉེར་གཅིག་ནང་རང་གི་རྣམ་དཔྱོད་བཀོལ་ཏེ་ཤེས་བྱ་ལ་དཔྱད་པ་བྱེད་ པའི་གོམས་གཤིས་(critical thinking)བོད་པའི་སློབ་མ་ཚོར་ངེས་པར་འཇགས་ཐབས་བྱ་དགོས་པ་ཡིན། དེ་མིན་ དགེ་རྒན་གྱི་གང་སླབ་པ་དང་སློབ་དེབ་ཁོ་ན་ལ་སྐྱབས་བཅོལ་ནས་སོ་སོའི་བསམ་བློ་བཀོལ་སྤྱོད་མ་བྱས་ན་གང་ཡང་མ་ཤེས་པ་དང་ཧ་ལམ་མཚུངས་པ་ཡིན། དེས་ན་སློབ་མ་ཚོར་རྣམ་དཔྱོད་ལྡན་པའི་མི་ཞིག་གི་ཆེ་མཐོང་སྤྲད་ནས་ ཁོང་ཚོར་རང་རང་གི་ཆོས་རབ་བྱེད་ཀྱི་བློ་དེ་ངེས་པར་བེད་སྤྱོད་བྱ་རྒྱུའི་གོ་སྐབས་སྤྲོད་དགོས། དེ་འདྲ་ཡོང་བ་ལ་ ཡང་དགེ་རྒན་གྱི་སྤུས་ཚད་དང་སྦྱང་ཚད་ནི་ཤིན་ཏུ་ནས་གལ་འགངས་ཆེ། ང་ཚོའི་སློབ་མ་ཚོ་ངེས་པར་དུ་བསམ་ ཕོད་པ། བྲིས་ཕོད་པ་དང། ཤོད་ཕོད་པ་ཞིག་ཡོང་རྒྱུར་རང་དབང་དང་གོ་སྐབས་སྤྲོད་དགོས་པ་ཡིན།
མདོར་ན་ད་ལྟའི་བཀའ་ཤག་གི་སྲིད་བྱུས་གཞིར་བཟུང་མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཁྲོད་དུ་ཁྱད་ལས་པ་ཁྲི་ཚོ་མང་པོ་བསྐྱེད་བསྲིང་བྱེད་དགོས་ན་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་གཞི་རིམ་སློབ་གསོའི་གནས་བབ་ལ་ཤུགས་སྣོན་ཚ་འདེད་བྱེད་དགོས་པ་ཡིན།
༼སྐལ་བཟང་དབང་འདུས་ནི་གོ་པལ་པུར་བོད་ཁྱིམ་གྱི་དགེ་ཆེ་ཟུར་པ་དང་ད་ཆ་ཨ་རིའི་ཀོ་ལོམ་བིཡ་སློབ་གྲ་ཆེན་མོའི་ནང་སློབ་གཞི་རྩ་འཛིན་དང་སྐད་གཉིས་སློབ་གསོའི་སྐོར་ལ་ཞིབ་འཇུག་སློབ་གཉེར་གནང་བཞིན་ཡོད།༽
ང་ཚོང་སྲིད་གཞུང་ལག་ལེན་དེ་འདྲ་གནང་ན་ལེགས་ངེས་འདུག་མོད། འོན་ཀྱང་སློབ་ཕྲུགཚོར་དགོས་མེད་ཀྱི་ཆོས་རྩོད་བྱེད་ཚུལ་སོགས་གསར་རྙིང་གི་གྲྭ་སའི་སྲོལ་རྒྱུན་གྱིས་མི་མང་དང་། སྤྱི་ཚོགས་འགེབས་ཐབས་ཙམ་ལས་དོན་ལ་ཕན་ངེས་ཀྱི་ཤེས་ཡོན་ལག་བསྟར་བྱེད་རྒྱུ་ཁག་པོ་རེད།
མ་སྐད་ཟེར་དགོས་ནི་རེད་ཕ་སྐད་ཟེར་དགོས་ནི་རེད། ཐ་སྙད་མ་སྐད་ཅེས་པ་འདི་ཁོ་ན་ལས་བཙན་བྱོལ་གྱི་བོད་ཡིག་གྱི་ན་བའི་གནས་བབས་མཚོན་ཤག
ཕ་སྐད་ཟེར་བ་ནི་བོད་ཀྱི་ཤོད་སྲོལ་རེད། མ་སྐད་ཟེར་བ་ནི་མི་རིགས་གཞན་གྱི་བཤད་སྟངས་ཀྱི་ཤུགས་རྐྱེན་རེད། མ་སྐད་ལབ་པ་འདི་དེང་སང་རྒྱུན་སྤྱོད་ཀྱི་ཐ་སྙད་ཆགས་ཡོད་དུས། ཁྱད་པར་དེ་ཙམ་མེད་པ་རེད། མ་དག་རྒྱུན་འབྱམས་ཀྱི་ནང་ནས་གོ་བརྡ་འཕྲོད་ཤོས་ལྟ་བུ་རེད། སྤྱིར་མི་རིགས་སོ་སོའི་རིག་གནས་ལྟ་ཚུལ་མི་འདྲ་བ་ཡིན་པས། ཕར་བསྐྱུར་ཚུར་བསྒྱུར་རིགས་གཅིག་ལ་གཟབ་དགོས་པའང་མང་པོ་ཡོད། དཔེར་ན། རྒྱ་ནག་གི་རིག་གནས་ལྟ་ཚུལ་ལ་མགོ་ལ་ཉི་མ་དམར་པོ་ཤར་ལབ་ན་དེ་ཡག་ཤོས་སུ་བརྩི། བོད་ཀྱི་རིག་གནས་ལྟ་ཚུལ་ལ་མགོ་ལ་ཉི་མ་དམར་པོ་ཤར་ལབ་ན་དེ་སྡུག་ཤོས་སུ་བརྩི་བ་ལྟ་བུ་ཡིན། ཅོག་རོང་གི་མྱིས་བཤད་པ་དེ་གནས་ལུགས་འདུག བོད་ཀྱི་རིག་གནས་ལྟར་ན། ཕ་སྐད་ཟེར་བ་དང་ཕ་ཡུལ་ཟེར་བ་འདི་ཚོ་བེད་སྤྱོད་པ་ཡིན།
ཕ་སྐད་དང་མ་སྐད་ཀྱི་ཚིག་འདི་གཉིས་གསར་འབྱོར་བ་ཤེས་ཡོན་པ་དེ་ཚོས་འབྲི་འགོ་བཙུགས་སོང་། དེའི་སྔོན་ལ་རང་སྐད་དང་། བོད་སྐད། ཕ་ཡུལ་གྱི་སྐད་ཙམ་གྱིས་ཆོག་པར་བྱས་པ་རེད།
ད་ཆ་Mother language ལས། མ་སྐད་དང་། Father languageཞེས་མེད་པས་བོད་སྐད་ཐུན་ཐོང་མ་ཡིན་པ་ཞིག་ཚོན་བྱེད་དུ་ཕ་སྐད་དུ་བཏགས་པ་དང་འདོག་བཞིན་འདུག་ལགས། འདི་རིང་དེ་ཙམ་མོ།
རྒན་ལགས་ཀྱི་གསུངས་ལ་མངོན་པར་བསྟོད།
མ་སྐད་དང་ཕ་སྐད་ལ་དེ་འདྲའི་ཁྱད་པར་ཞིག་མི་འདུག་པ་མ་ཟད། ད་དུང་བྱིས་དུས་སློབ་གསོ་རིག་པར་སྦྱོང་མྱོང་མཁན་ཞིག་ཡིན་ན་མིའི་རིགས་ཀྱི་རང་སྐད་སློབ་པའི་དགེ་རྒན་ཐོག་མ་སོ་སོའི་མ་ཡུམ་ཡིན་པ་གསལ་བོ་རེད། བོད་ཀྱི་རྩོམ་ཡིག་མང་བོ་ཞིག་ན་ཕ་ཡུལ་དང་ཕ་སྐད་སོགས་བདག་པོ་ཚང་མར་ཨ་ཕའི་ཕྱོགས་སུ་སྦྱོར་བཞིན་པ་འདི་ད་ནི་ཅུང་ཟད་བསྒྱུར་ན་མི་ལེགས་སམ། གནད་དོན་འདི་སྐྱེས་བུས་བདག་ཏུ་བཟུང་བའི་སྤྱི་ཚོགས(patriarchal society)ཀྱི་ནད་རྙིང་ཡིན། མིང་ཚིག་རེ་རེས་ཀྱང་སྤྱི་ཚོགས་ལ་འགྲེལ་བརྗོད་བྱེད་བཞིན་ཡོད།
( རླུང )
འཛམ་གླིང་འདིའི་རླུང་གི་གོ་ལ་རིམ་པ་ལྔ་ཡོད། རིམ་པ་མཐོ་ཤོས་དེ་ལ་Exosphere་ཞེས་ཟེར། མཐོ་ཚད་ནི་འཛམ་གླིང་ས་སྟེང་ནས་ཡར་མཁའ་དབྱིངས་སུ་ཀི་ལོ་མི་ཊར་300་ནས་ ཡར་700་བར་དུ་ཡོད། རིམ་པ་གཉིས་པ་དེ་ལ་Thermosphere་ཟེར། མཐོ་ཚད་ཀི་ལོ་མི་ཊར་80་ནས་300་བར། རིམ་པ་གསུམ་པ་དེ་ལ་Mesosphere་ཟེར། མཐོ་ཚད་ཀི་ལོ་མི་ཊར་50་ནས་80་བར་ཡོད། རིམ་པ་བཞི་པ་དེ་ལ་Stratosphere་ཟེར། མཐོ་ཚད་10་ནས་50་བར་ཡོད། རིམ་པ་དམའ་ཤོས་དེ་ལ་Troposphere་ཟེར། མཐོ་ཚད་0 ་ནས་10 ་བར་ཡོད། རིམ་པ་མཐའ་མ་འདིའི་ནང་ལ་སྤྲིན་རླངས་ཆགས་ཏེ་ཆར་འབབ་པ་ཡིན། རླུང་གི་གོ་ལ་རིམ་པ་བཞི་པ་དེའི་ནང་དུ་རླངས་རྫས་ཁྱད་པར་ཅན་Ozone་ཞེས་པ་ཞིག་ཁྱབ་ནས་ཡོད་པ་འདིས་ཉི་མ་ནས་འབབ་པའི་གནོད་རྫས་Ultra-Violet Rays ཞེས་པའི་འོད་རླབས་འགོག་སྲུང་བྱེད་ཀྱི་ཡོད།
(ལྷགས་རླུང)
(Permanent winds.) རྟག་པར་གནས་པའི་ལྷགས་རླུང་། ནུབ་ལ་ཕྱོགས་པའི་རླུང་ཡང་ཟེར། (Periodical winds.) དུས་ཚིགས་ཀྱི་ལྷགས་རླུང་། (Variable winds. ) འགྱུར་སྐྱེན་པའི་ལྷགས་རླུང་། ཚུལ་དང་མི་མཐུན་པའི་རླུང་ངམ་གཅིག་ཏུ་མ་ངེས་པའི་རླུང་ཞིག་སྟེ། དཔེར་ན། Cyclones འཁོར་རླུང་དང་anti-Cyclones ཕྱོགས་ལྡོག་འཁོར་རླུང་ལྟ་བུ། (Trade winds.) བསྟུད་མར་རྒྱུ་བའི་ལྷགས་རླུང་། ཕྱོགས་བཞི་མཚམས་བརྒྱད་ནས་ཚ་ཁུལ་དུ་འཛོམས་པའི་རླུང་།
(ནམ་མཁའི་ཁ་དོག་སྔོན་པོ ) ས་གཞིའི་རླུང་ཁམས་ལ་ཉི་འོད་ཕོག་ནས་ཉི་མའི་འོད་ཀྱི་ཁ་དོག་སྔོན་པོ་དེ་ཚུར་ལྡོག་ནས་ང་ཚོའི་མིག་ལ་ནམ་མཁའ་མདངས་སྔོན་གྱིས་ཁྱབ་པ་ལྟ་བུར་སྣང་གི་ཡོད་པ་རེད། གལ་ཏེ་ས་གཞིའི་རླུང་ཁམས་མེད་ན་ནམ་མཁའ་མུན་ནག་གིས་ཁྱབ་པ་ལྟར་སྣང་གི་རེད། གང་ཡིན་ཟེར་ན་ཟླ་བའི་སྒང་ལ་རླུང་ཁམས་མེད་པའི་སྟབས་ཀྱིས་ཟླ་བའི་སྒང་ནས་ནམ་མཁར་བལྟས་ན་ནམ་མཁའ་མུན་ནག་གིས་ཁྱབ་པ་ལྟ་བུར་སྣང་གི་ཡོད་པ་རེད། །
( བུ་ག་ནག་པོ ) black hole.
བུ་ག་ནག་པོ་ནི་དགུ་ཚིགས་ཀྱི་དཀྱིལ་སྙིང་དུ་ངེས་ཤིང་ཚགས་ཧ་ཅང་དམ་པ་དང་འཐེན་ཤུགས་ཆེ་བའི་ནམ་མཁའི་དངོས་རྫས་ཤིག་ཡིན། འོད་ཡིན་ཡང་བུ་ག་ནག་པོ་ནས་ཐར་ཐབས་མེད་སྟབས་ནག་པོ་ཟེར་བ་ཡིན།
( Density ) མཐུག་ཚད། གོང་བུའི་དངོས་པོ་ཞིག་གི་ནང་རང་ཉིད་སྒྲུབ་བྱེད་ཀྱི་རྫས་དེ་ཚགས་དམ་ལྷོད་ཇི་ཡོད་ཀྱི་ཁྱད་པར། འཇིག་རྟེན་ཁམས་ཀྱི་ནང་བུ་ག་ནག་པོ་ནི་ཚགས་དམ་ཤོས་དང་ཉི་མའི་ཁྱིམ་རྒྱུད་ནང་ང་ཚོའི་འཛམ་གླིང་འདི་ཚགས་དམ་ཤོས་དང་ གཟའ་སྤེན་པ་ནི་ཚགས་དམ་དམའ་ཤོས་དེ་ཡིན།
(Mass) གདོས་ཚད། དངོས་པོ་ཞིག་གི་ནང་ལ་དངོས་རྫས་ཇི་ཡོད་ཀྱི་ཚད་ཅིག་ལ་ཟེར། ཉི་མའི་ཁྱིམ་རྒྱུད་ནང་གཟའ་ཕུར་བུ་ནི་གདོས་ཚད་མང་ཤོས་དང་གཟའ་ཆུང་གཤིན་རྒྱལ་ནི་ཉུང་ཤོས་ཡིན།
( Revolution ) གཞན་འཁོར། གཟའ་རྣམས་ཉི་མ་ལ་སྐོར་ཐེངས་གཅིག་བྱེད་པ་ལ་ལོ་གཅིག་ཟེར། (Rotation ) རང་འཁོར། གཟའ་རྣམས་རང་འཁོར་གཅིག་བྱེད་པ་ལ་ཉིན་གཅིག་ཟེར། གཟའ་པ་སངས་རང་འཁོར་གཅིག་བྱེད་པ་ལ་འཛམ་གླིང་གི་ཉིན་གྲངས་243་སོང་བ་དང་གཟའ་རྣམས་ཀྱི་ནང་ནས་ཉིན་རིང་ཤོས་དེ་ ཆགས་ཡོད། གཟའ་ཕུར་བུ་རང་འཁོར་གཅིག་བྱེད་པ་ལ་འཛམ་གླིང་གི་ཆུ་ཚོད་9་ཙམ་སོང་བས་ཉིན་ཐུང་ཤོས་དེ་ཆགས་ཡོད།
སློབ་གསོའི་གནད་དོན་ཐོག་རྩོམ་ཡིག་ལེགས་པོ་ཞིག་སྤེལ་འདུག་པས་བསྔགས་བརྗོད་ཞུ།
ཞོར་དུ་ཞུ་རྒྱུ་ཞིག་ལ་ཚིག་ལ་མི་རྩོད་པར་དོན་དམ་གོང་འཁོད་དགོངས་འཆར་རྣམས་ལག་ལེན་བསྟར་འོས་ཇི་མཆིས་སྐོར་བསམ་ཚུལ་འདྲ་གླེང་ན་མི་ཆོག་གམ།
ཡང་གསལ་འདེབས་བྱ་འདོད་པ་ཞིག་ལ། “མ་སྐད་”དམ་ཨིན་སྐད་དུ་Mother language ཅེས་བྱ་བ་ནི་རང་གི་ཨ་མའི་སྐད་ཅེས་བྱ་བའི་དོན་མིན་ཏེ། སྐད་ཨ་མའམ་སྐད་གཙོ་བོ་ཞེས་པའི་དོན་ཡིན་ལ། དེར་སྐད་ཡིག་དང་པོ་ཞེས་ཀྱང་འབོད་པ་ཡིན་པས། དེ་ནི་རང་རེས་ཕ་མེས་ནས་ཉམས་པ་མེད་པར་བརྒྱུད་པའི་སྐད་ལ་”ཕ་སྐད་”ཅེས་འབོད་པའི་དོན་དང་ཧ་ཅང་འདྲའོ།།
བོད་པའི་སློབ་མ་ཚོར་བོད་ཡིག་གི་བརྒྱུད་ལམ་ནས་ཨང་རྩིས་དང་། ཚན་རིག སྤྱི་ཚོགས་རིག་གནས་སོགས་བསླབ་པ་ཡིན་ན་སློབ་མའི་སྦྱང་ཚད་དང་གོ་རྟོགས་མཐོ་རུ་འགྲོ་རྒྱུར་གདོན་མི་ཟ་བ་ཡིན།
བོད་པའི་སློབ་གྲྭར་བོད་སྐད་སློབ་དེབ་ཟུར་དུ་གཏན་འབེབ་བྱས་ནས་མ་བསླབས་ན་བོད་སྐད་དུས་ནམ་ཡང་ཡར་རྒྱས་འགྲོ་མི་སྲིད་པས། ལས་ཀྱི་མོ་ཚོས་ཡར་རྒྱས་གོམ་བགྲོད་མྱུར་ཚད་གང་མགྱོགས་ལ་བརྩོན་དགོས་མི་འདུག་གམ། ལགས།
སྤྱི་ལོ་1975་ལོར་རྒྱ་གར་གཞུང་གིས་བར་སྣང་དུ་བཏང་བའི་མཁའ་དབྱིངས་འཕུར་གྲུ་ཐོག་མ་(Aryabhata)ཟེར། Aryabhata་ནི་རྒྱ་གར་རྩིས་རིག་གི་མེས་པོ་དམ་པ་འཛམ་གླིང་ནང་སྐད་གྲགས་ཆེ་བའི་ཟུར་གསུམ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཅིག་ཡིན། ཁོང་ནི་སྤྱི་ལོ་མ་ཚུགས་གོང་རྒྱ་གར་ནཱ་ལཎ་ཊའི་ཉེ་འཁྲིས་སུ་སྐུ་འཁྲུངས་ཤིང་མགྷ་དྷ་མཐོ་སློབ་ཏུ་གནའ་བོའི་སྐར་རྩིས་ལ་སྦྱངས་བས་མཁས་པ་ཆེན་པོར་གྱུར། ཁོང་གིས་སྐར་རྩིས་རིག་པའི་རྣམ་བཞག་དང་ཉི་འཛིན་ཟླ་འཛིན། ཉི་ཟླ་འཆརནུབ་དང་སྒོར་དབྱིབས་ཀྱི་འགྲེལ་བཤད་དག་དེང་དུས་གནམ་དཔྱད་རིག་པའི་རྨང་གཞི་ལྟ་བུར་གྱུར་བ་རེད།
Father དང་mother་ཟེར་བ་ཕ་དང་མ་གཅིག་བུར་གོ་མི་དགོས་བར་སྐབས་ཐོབ་ཀྱིས་གཙོ་བོ་དང་སྲོལ་འབྱེད་པ་པོ་ལའང་གོ་ཆོག
སློབ་གསོའོ་ལས་འགུལ་སྤེལ་བར་དགའ། བཙན་བྱོལ་ན་ཡོད་པའི་ཤེས་ཡོན་སྒྲིག་འཛུགས་ཀྱི་སློབ་གྲྭ། བོད་གཞུང་ཤེས་རིག་དང་། སྒེར་སློབ་བོད་ཁྱིམ་གཉིས་གུས་བརྩི་དང་བརྩེ་སེམས་ལྡན་པའི་ནང་མི་གཅིག་གི་བུ་སྤུན་གྱི་འདུ་བཤེས་བཅོས་མིན་ཞིག་དུས་ནམ་གྱི་བར་དུ་མ་སླེབས་པ་དེ་སྲིད་དུ་གནད་དོན་གལ་ཆེན་འདི་ཚོ་ཡང་འགྲུབ་ཐབས་ཡེ་ནས་མེད་པ་ཞིག་ཡིན་ནོ།།
སྐལ་བཟང་དབང་འདུས་ལགས་ཀྱིས་དཔེ་ལེགས་པོ་ཞིག་བྲིས་གནང་འདུག་བཀའ་དྲིན་ཆེ། ད་དངོས་ནས་ལག་ལེན་ལ་བསྟར་དགོས་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོ་བོད་པ་ཚང་རྒྱ་ཆེན་པོ་ཞིག་བཤད་བསྡད་ནས་ཆུང་ཚགས་མང་པོ་འཐུས་ཤོར་ལ་འགྲོ་གི་ཡོད། དངོས་ནས་བྱས་ན་སྐད་ཡིག་སློབ་དུས་ལུང་པ་སོའི་ཕལ་སྐད་དམ་ཕ་མའི་ཁ་སྐད་དང་མ་གང་ཡོད་པ་དེ་ཡི་ཐོག་ནས་སློབ་པ་གནང་ན་ཤིན་ཏུ་དགེ་མཚན་ཆེ་བར་སེམས། དཔེར་ན་སྟོད་པ་ཚོས་སྟོད་པའི་ཁ་སྐད་དང་མ་གང་ཡོད་པ་དེ་ཡི་ཐོག་ནས་བསླབ། དབུས་པ་དང་གཙང་པ་ཚོས་སོ་སོའི་ཁ་སྐད་དང་མ་གང་ཡོད་པ་དེ་ཡི་ཐོག་ནས་བསླབ། ཁམས་པ་ཚོས་རང་རང་གི་ཁ་སྐད་དང་མ་གང་ཡོད་པ་དེ་ཡི་ཐོག་ནས་བསླབ། ཨ་མདོ་བ་ཚོས་ཨ་མདོའི་ཁ་སྐད་དང་མ་གང་ཡོད་པ་དེ་ཡི་ཐོག་ནས་བསླབ་ན་ཕྲུག་གུ་ཚོས་དཀའ་ངལ་གང་མེད་པའི་ངང་ནས་ཤེས་བསླ་བར་སེམས། ཡུལ་ལུང་སོ་སོའི་ཉམས་བསྒྱུར་མེད་པའི་བོད་སྐད་ཟེར་བ་སྐམ་པོ་ཞིག་རྒྱག་འདོད་ཡང་མེད་ལ་ཤེས་འདོད་ཡང་མེད། སྙན་ངག་ཞིག་བྲིས་པ་ཡིན་ནའང་ཉམས་ཅེས་པ་དེ་ངེས་པར་དུ་ཡོད་དགོས་པ་རེད་དེ་མེད་ན་སྙན་ངག་ཡིན་ཟེར་ནའང་བྲོ་བ་གང་ཡང་མེད། ལུང་པོ་སོ་སོའི་སྐད་གདངས་ཀྱི་ཉམས་བསྒྱུར་ཡོད་དགོས་པ་དེ་ནི་དཔེ་གལ་ཆེན་པོ་ཡིན་པར་དྲན་གྱི་ཡོད། དངོས་གནས་བྱས་ན་་ཨ་མདོ་་ཁམས་པ་་དབུས་གཙང་་སྟོད་པ་་སོ་སོའི་ཁ་སྐད་ཀྱི་ཐོག་ལ་བོད་ཡིག་གི་དག་ཆ་དང་བཅས་པ་བཟོ་དགོས་པར་འདུག། དེ་བཞིན་ཁ་སྐད་ཇི་མ་ཇི་བཞིན་བྲིས་པའི་དུས་དེབ་དང་ཚགས་པར་སོགས་མང་ཙམ་འདོན་དགོས་པ་ཡང་འདུག། གླུ་གཞས་གཅིག་བཏང་བ་ཡིན་ནའང་ལུང་པ་སོ་སོའི་ཁ་སྐད་ཀྱི་ཉམས་བསྒྱུར་ལྡན་པའི་ཐོག་ནས་བཏང་བ་ཡིན་ན་དཔེ་སྙན་པོ་འདུག།གཞན་ར་སྐད་ལུག་སྐད་མང་པོ་བསྲེས་བཞག་པ་དེ་ལ་ཆོ་གང་ཡང་མི་འདུག།
རྒན་ལགས་ཀྱིས་སློབ་གསོའི་སྐོར་རྩོམ་སྤུས་ལེགས་ཤིག་བྲིས་གནང་འདུག་པར་ཐུགས་རྗེ་ཆེ། ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དུ་ཁོང་དང་ཁོང་འདྲ་བ་མང་དག་ཤིག་སྐྱེ་སྲིངས་བྱེད་དགོས་ཀྱི་འདུག ང་ཚོར་སློབ་གསོའི་སྐོར་གྱི་རྩོམ་བྲིས་གནང་མཁན་ཉུང་ཞིང། དེ་ཚོར་བསྔགས་བརྗོད་གནང་མཁན་ཡང་ཉུང། ལྷག་པར་བཙན་བྱོལ་བོད་མིའི་སློབ་གྲྭ་འདྲ་མིན་ནང་དུ་ཉམས་མྱོང་ཆེ་བའི་དགེ་རྒན་རྒན་གྲས་རྣམས་ཀྱིས་རང་ཉིད་ད་བར་དུ་ཤེས་ཡོན་སློབ་པའི་རྒྱུད་རིམ་ནང་དུ་མཐོང་ཐོས་མྱོང་གསུམ་ཆ་ཚང་བ་ཡི་གེར་འགོད་ནས་སྤེལ་དགོས་པ་ཤིན་ཏུ་ནས་གལ་ཆེ།
དེ་ནི་སློབ་གྲྭའི་འཛིན་སྐྱོང་བ་རྣམས་ཀྱིས་དགེ་རྒན་རྒན་གྲས་རྣམས་ལ་མཐོང་ཐོས་མྱོང་གསུམ་བྲིས་དགོས་པའི་་སྐུལ་མ་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེ།
བོན་པོས་མཆན་བུ་༡༣ནང་ལ། ་་་་་་ཡུལ་ལུང་སོ་སོའི་ཉམས་བསྒྱུར་མེད་པའི་བོད་སྐད་ཟེར་བ་སྐམ་པོ་ཞིག་རྒྱག་འདོད་ཡང་མེད་ལ་ཤེས་འདོད་ཡང་མེད།་་་ཟེར།
ཕ་མ་དང་ཕོ་མོ་གཉི་གའི་དབྱེ་བ་མི་གཙོ་ན་གཤམ་གྱི་མིང་ཚིག་དང་བརྗོད་སྟངས་འདི་དག་ཀྱང་དོན་མཐུན་པར་མཐོང་དགོས་སམ།
ཕ་ས་ཕ་ཡུལ་ལ་མ་ས་མ་ཡུལ་དང་། རྗེ་ཡབ་སྲས་གསུམ་ལ་རྗེ་ཡུམ་སྲས་གསུམ་དང་། ཕོ་བྲང་ལ་མོ་བྲང་དང་། ཕོ་སྤྱོད་ཁང་ལ་མོ་སྤྱོད་ཁང་དང་། ཕོ་མཚན་ལ་མོ་མཚན་བཅས་བརྗོད་ཀྱིས་མི་ལང་བ་ཡོད་པ་འདི་དག་དོན་གཅིག་མིང་གི་རྣམ་གྲངས་སུ་བརྩི་ས་ན་ཆོག