རྟ་ནག་སྐལ་བཟང་ལུང་རིགས།
ཁོ་བོས་ས་རཱ་མཐོ་སློབ་ཏུ་ཐོས་པ་བྱེད་པའི་དུས་ཚེ་ནཞེས་པའི་སློབ་གསོའི་སྐོར་གྱི་བྲིས་རྩོམ་ཞིག་སྤེལ་ཏེ། བཙན་བྱོལ་སློབ་གསོའི་རྒུད་རྩ་གང་ག་དགེ་རྒན་མ་རུངས་པ་དག་གི་བྱས་ཉེས་སུ་བགྲངས་ཡོད་ཀྱང་། དེ་དུས་ཀྱི་སློབ་གསོའི་དཔྱད་པ་ཡོད་ཚད་དཔྱད་སྒོམ་གྱི་ཚུལ་དུ་ལས་རང་ཉིད་ལ་དགེ་རྒན་གྱི་ཉམས་མྱོང་ཅི་ཡང་མེད་རྐྱེན། མཐོ་སློབ་པ་ཞིག་གི་ང་རྒྱལ་གྱི་མགོ་བོ་མ་ནོན་པ་ཙམ་ལས་ཅི་ཡང་ཡོད་པ་མ་རེད་བསམས་ཀྱང་། དེང་དུས་རང་ཉིད་ཀྱང་ཁྲིད་སྟེགས་ལ་དབང་བསྒྱུར་བའི་བྱེད་པོ་ཞིག་གྲུབ་ཚར་དུས། སྔོན་མར་སྤེལ་བའི་སློབ་གསོའི་དཔྱད་པ་ཀུན་ཀྱང་ཁ་ཕོ་ཙམ་དང་འུད་ཤོབ་ཙམ་མ་ཡིན་པར། དགེ་རྒན་གྱི་བྱེད་ནུས་ནི་འཁོར་ལོས་བསྒྱུར་བའི་རྒྱལ་བོ་དག་ལས་ཀྱང་དབལ་ཚ་ཞིང་། རྣོ་ཆེ་བ་མྱོང་བས་གྲུབ་སོང་ངོ་།།
ཁོ་བོས་ཁྲིད་སྟེགས་ལ་རྐང་བཙུགས་ནས་བགྲང་བྱ་ཧྲིལ་བོ་གཉིས་ད་དུང་འཁོར་མེད་ནའང་། བགྲང་བྱ་གཉིས་མ་ཟིན་ཙམ་རིང་གི་སློབ་མའི་སྤུས་ཚད་མཐོ་རུ་ཕྱིན་སྟངས་དེས་བདག་རང་ཉིད་ཀྱང་ཧ་ལས་ཤིང་ཧང་སངས་སུ་བཅུག་སོང་། ཉམས་མྱོང་མངོན་གྲུབ་མ་དེས་བདག་གིས་སློབ་གསོའི་སྐོེར་གྱི་དཔྱད་པ་རེ་དཔྱད་སྒོམ་གྱི་་ཟོལ་དུ་སྤེལ་བ་དེ་ཡང་འདྲེ་ཤར་སྒོར་ཡོད་པ་ལ་གླུད་ནུབ་སྒོར་འཕངས་མེད་པ་གཞི་ནས་རྟོགས་སུ་བཅུག་གོ། དེ་བས་བཙན་བྱོལ་སློབ་གསོའི་དགྲ་འདྲེ་དང་ཕུང་འདྲེ། ཟ་འདྲེ་དག་ནི་དགེ་རྒན་མི་བསྲུན་པ་དང་མ་རུངས་པ་དེ་ཚོའོ་ཞེས་ཡང་བསྐྱར་བསྡིགས་ཤིང་གཤུངས་པ་ཙམ་ལས་ཐབས་ཅི་ཡང་མེད་པ་ཆགས་སོང་ངོ་།།
༡༩༡༦___༡༩༢༧བར་གྱི་པེ་ཅིན་སློབ་ཆེན་གྱི་སློབ་གཙོ་ཚ་ཡོན་ཕེ་ཡིས། “དགེ་རྒན་གྱི་འགན་འཁྲི་ནི། སློབ་དེབ་ཀྱིས་སློབ་མའི་དཔེ་ཀློག་གི་དང་བ་འདྲེན་ཐུབ་པ་བྱ་རྒྱུ་ལས། མིང་ཚིག་རེ་རེའི་ངོ་གདོང་འགྲེལ་ནས་སློབ་མ་ལ་ཉན་དུ་གཞུག་རྒྱུ་དེ་དགེ་རྒན་གྱི་འོས་འགན་མིན་ནོ།། ཆེས་ལེགས་པ་ནི་སློབ་བུ་རང་ཉིད་ལ་བསམ་བློ་གཏང་དུ་གཞུག་རྒྱུ་དེ་དང་། ཞིབ་འཇུག་བྱ་རུ་གཞུག་པ་དེའོ།། སྤྱིར་སློབ་ཁྲིད་མ་བགྱིས་ནའང་འགྲིག་ལ། སློབ་བུ་རང་ཉིད་ཀྱིས་འགྲེལ་བཤད་དང་གསེད་བགྲོལ་བྱ་ཁག་པའི་སྐབས་སུ་གཞི་ནས་རོགས་པ་བྱས་པས་ཆོག་གོ།”ཞེས་པའི་སློབ་གསོའི་མན་ངག་འདི་ལྟ་བུ་བདག་གིས་ཉམས་སུ་འདི་ལྟར་བླངས་པ་ཡིན་ཏེ། རེས་གཟའ་རེ་ལ་དཔེ་ཀློག་གི་ཉི་མ་གསུམ་དང་བཤད་ཁྲིད་ཀྱི་ཉི་མ་གསུམ་དུ་བགོས་པས། དཔེ་ཀློག་གི་བྱང་ཚད་དང་བསྟུན་ནས་བསམ་གཞིག་གི་ནུས་པའང་མངོན་སུམ་གྱིས་མཐོ་རུ་ཕྱིན་སོང་།
སྤྱིར་ན་འདི་ནི་སློབ་གྲྭ་ཞིག་གི་སྒྲིག་གཞིའི་ཚུལ་དུ་མེད་པར་དགོན་སྡེ་སློབ་གསོའི་ངོ་བོར་ཡོད་རྐྱེན། ཆོ་ག་འདོན་པ་དང་། རྒྱ་གླིང་སྦྱོང་བ་སོགས་བདག་གི་ལས་རིགས་དང་མ་འབྲེལ་བ་མང་བོ་མང་བོ་ཞིག་ཡོད་པས། བདག་གི་བྱེད་ནུས་དང་ངལ་རྩོལ་གྱི་འབྲས་བུ་སྨིན་པར་ཡང་བར་བགེགས་ཅི་ལས་ཀྱང་མང་མོད། འབྲས་བུ་འདི་ཙམ་གྱིས་ཡིད་མ་ཚིམས་པ་ཅི་ཡང་མེད་དོ།།
བདག་གིས་འདི་ལྟར་བསམས་ཏེ། རིག་གནས་རྐྱང་བར་ཁ་ཕྱོགས་ཤིང་མི་རིགས་ཁེ་གཙང་གི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་སྐལ་བ་ལྡན་ཚེ་རླབས་ཆེ་བའི་སློབ་གསོའི་ལས་དོན་འདི་ཡང་མོ་སྟོན་ཕག་མགོ་རྔོན་པར་སོང་བ་ལྟར་ཐོབ་བྱ་ཅི་ཡང་མེད་པ་ཞིག་མ་ཡིན་པའི་ཡིད་ཆེས་བདག་ལ་ཟབ། དེ་ལྟ་ནའང་། སྐུ་དྲག་གི་ལམ་སྲོལ་ཤིན་ཏུ་བདོ་བའི་བོད་གཞུང་ན་བདག་དང་བདག་འདྲ་བའི་“རྒྱལ་བ་རིན་པོ་ཆེར་དད་པ་མེད་མཁན་དང་། བོད་གཞུང་ལ་ཁ་གཏོང་མཁན”(རྡ་ས་དང་ཁ་གྱེས་དོན། ཞེས་པའི་འབོལ་རྩོམ་བཀླགས་མྱོང་ན་རྟོགས་ངེས་སོ)དག་ལ་དགེ་རྒན་ཕར་ཞོག གད་སྙིགས་སྒྲུག་པོ་ཞིག་གི་ལས་གནས་ཀྱང་རེག་དཀའ་བས་ད་ཅི་བྱ་ཅི་བྱ།
རྟ་ནག་སྐལ་བཟང་ལུང་རིགས་ལགས་ཁྱེད་ཀྱིས་དུས་ཡུན་ཐུང་ངུ་དེའི་ནང་སློབ་མའི་སྦྱང་འབྲས་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ནི་དངོས་གནས་ཡག་པོ་རེད། སྤྱིར་སློབ་མ་རྣམས་ལོ་རེ་ནས་ལོ་རེ་ཤེས་ཚད་མཐོ་རུ་འགྲོ་བཞིན་པ་ནི་སློབ་གྲྭ་ཡོངས་ལ་རེད། ཁྱེད་ཀྱི་སློབ་མ་རྣམས་ལ་སྔར་དང་མི་འདྲ་བའི་སྦྱངས་འབྲས་འབུལ་དུ་ཐོན་པ་འགའ་ཡོད་ངེས་པས་དེ་དག་གསལ་བཤད་གནང་ན་དགེ་སློབ་གཞན་ལ་ཡང་ཕན་སྲིད། དེ་མིན་དཔེ་ཀློག་གི་ཉི་མ་གསུམ་དང་། བཤད་ཁྲིད་ཀྱི་ཉི་མ་གསུམ་ཟེར་བ་ཙམ་གྱིས་དེ་ཙམ་གསལ་མི་ཐུབ། ད་དུང་དེའི་ཚུལ་ལ་དཔྱད་ན་ཞིབ་ཁྲིད་མེད་པའི་བཟོ་ཡང་ཐོན་སྲིད།
སྐལ་བཟང་ལགས།
ཁྱེད་ཀྱི་ཤེས་ཡོན་ཆུ་ཚད་ངས་ཤེས་ནས་ཡོད་ལ་དངོས་གནས་གུས་བརྩི་ཡོད།
གང་དེར་༼རེས་གཟའ་རེ་༽གསུངས་པ་དེ་གཟའ་འཁོར་རེའི་ཚིག་དོད་ཡིན་ན་དོན་
ཇི་བཞིན་སྟོན་གྱིན་ཡོད་ན་བསམ་སོང་།
ཁྱེད་ཀྱིས་གསུངས་པ་ལྟར་དགེ་རྒན་གྱི་ཤེས་ཚད་ཇི་ལྟར་མཐོ་ཡང་གང་ལ་གང་འདུལ་གྱིས་སློབ་ཁྲིད་ལགས་
ལེན་ཚད་ལྡན་ཞིག་མ་འཁྱོལ་ན་སློམ་མ་ཚོ་ཉོབ་སྤྱད་ཅིག་ཏུ་གྱུར་ནས་
སློབ་སྦྱོང་ལ་དྭངས་དོད་མེད་པར་འགྱུར་འགྲོ་བས་སོ།།
བདག་གིས་ལོ་གཅིག་རིང་དགེ་རྒན་བྱས་པའི་ཉམས་མྱོང་དང་སློབ་ཚན་ཁྲིད་ཐབས་སྐོར་ཞིག་འབྲི་བཞིན་ཡོད་པས། མི་རིང་བར་སྤྱན་ལམ་དུ་ཕུལ་ཆོག ཐུགས་རྗེ་ཆེ།
རྟ་ནག་སྐལ་བཟང་ལགས། གང་ཉིད་ཀྱིས་བཙན་བྱོལ་ནང་གི་ཤེས་ཡོན་འཐུས་ཤོར་ཡོད་ཚེ་དགེ་རྒན་རྣམ་པའི་མགོར་གཡུག་རྐྱང་བྱས་འདུག་མོད། གུས་པས་ནི་མཐའ་ཅིག་ཏུ་དེ་བདེན་པར་འཛིན་མི་ཐུབ། རྒྱུ་མཚན་ནི་ཁྱོད་ཀྱིས་བཤད་པའི་ཤེས་ཡོན་ཞེས་པ་སྐབས་འདིར་བོད་ཡིག་ལ་གོ་འདུག་པས་དེང་སྐབས་བཙན་བྱོལ་སློབ་ཕྲུག(འཛིན་རིམ་ལྔ་པའི་ཡན།)རྣམས་ལ་དབྱིན་ཡིག་སྦྱོང་བའི་རིག་པ་དང་། བོད་ཡིག་སྦྱོང་བའི་རིག་པ་གཉིས་ཡོད་པ་གསལ་པོ་ཤེས་དགོས་ལ། སྦྱོང་འདོད་ཡོད་པར་ཉིན་གཅིག་བསླབས་པ་དང་སྦྱོང་འདོད་མེད་པའི་མི་ལ་བཙན་ཤེད་ཀྱིས་ཟླ་བ་གཅིག་བསླབས་པ་འདྲ་མཚུངས་སུ་སླེབས་པ་དེ་ཡང་ཁྱེད་ཀྱིས་ཤེས་དགོས། དེ་ལ་ཁོར་ཡུག་གིས་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་ཐད་རྟོག་ཞིབ་ནན་པོ་བྱས་ནས་བཤད་ན་བཟང་། འོ་་་ཁག་མེད། ཁྱོས་དགོན་པ་ལ་སློབ་ཁྲིད་བྱེད་བཞིན་ཡོད་པས་ཡིན་ལས་ཆེ། དགོན་པ་ལ་སློབ་ཁྲིད་བྱས་ནས་གྲུབ་འབྲས་དོན་པར་ངོམ་སོ་བྱ་རྒྱུ་གང་ཡང་མེད། ད་བར་བོད་ཀྱི་ཤེས་ཡོན་ཐད་དགོན་པ་ཁག་ནས་འཐུས་ཤོར་གང་ཡང་ཕྱིན་མེད་པ་གསལ་པོ་རེད། ཁོ་བོས་རེ་སྐུལ་ཞུ་རྒྱུར། ཁྱོད་ཀྱིས་ཤེས་ཡོན་འཐུས་ཤོར་ཐད་ཞིབ་འཇུག་བྱ་འདོད་ཡོད་ཚེ་མིག་ཡ་གཅིག་དང་། རྣ་བ་ཡ་གཅིག་བཀབ་མ་བསྡད་པར་ཕྱོགས་ཡོངས་ལ་རྟོག་ཞིབ་བྱེད་ཐུབ་ན་རང་ཉིད་ཀྱི་ཚིག་དོན་ལ་རིན་ཐང་ཆེ་བར་མངོན།