དོན་འགྲུབ་ཀྱིས་དབྱིན་ཡིག་ནས་བསྒྱུར།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ནུས་པ་ཞིག་ཡོད་པ་ནི་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་ཡིན། བོད་རྒྱ་ནག་གིས་བཙན་འཛུལ་བྱས་རྗེས། ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་བརྒྱུད་ལམ་དེ་བེད་སྤྱད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་སྟེང་ཁོང་ཚོས་བོད་ཐོག་འཛིན་པའི་ལོ་རྒྱུས་ཀྱི་ལྟ་ཚུལ་གླེང་བཞིན་ཡོད། དེར་བརྟེན་མཚམས་རེ་རྒྱལ་སྤྱིའི་ཚོགས་པ་འགས་པེ་ཅིང་གྱིས་བཤད་པའི་རྫུན་གཏམ་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེ་དངོས་གནས་རེད་བསམ་གྱི་འདུག གང་ལགས་ཞེ་ན་ཤོད་བཞིན་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་རྒྱ་ནག་ངོས་ནས་རྒྱུན་ཆད་མེད་པར་ཕྱེད་བདེན་པ་དང་རྫུན་གྱིས་མཚོན་རགས་བསྐོར་ཏེ་འགྲེལ་བརྗོད་བྱས་པ་ལས་བྱུང་བ་ཞིག་ཡིན།
ཡ་མཚན་སྐྱེ་འོས་པ་ཞིག་ལ་ཉེ་ཆར་འདོན་སྤེལ་བྱས་པའི་བོད་ཐོག་ཡིག་ཆ་དཀར་པོའི་ནང་པེ་ཅིང་ངོས་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་ཐོག་བཟོད་པར་དཀའ་བའི་གཏམ་འཆལ་རིང་པོ་ཞིག་སྤེལ་ཡོད། གཞུང་ངོས་ཀྱི་དྲིལ་བསྒྲགས་ལྟར། རྒྱ་མིས་བདེན་པ་ལས་གཡོལ་ཐབས་དང་དོན་རྐྱེན་ལས་ཐར་ཐབས་ཆེད། ཕྱེད་བདེན་པ་དང་རྫུན་གཏམ་འདྲ་མིན་སྣ་ཚོགས་བཤད་དེ་ཁོང་ཚོའི་ཕམ་ཁ་འགེབ་སྲུང་བྱེད་ཀྱི་ཡོད། ཡིག་ཆ་དཀར་པོའི་ནང་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་དེ་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བའི་མཚོན་བྱེད་ཅིག་ཡིིན་པ་མ་ཟད། བོད་ནང་སྤྱི་ཚོགས་ཡར་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་མགོ་འཛུགས་བྱས་པ། དེ་བཞིན་རྒྱ་མིའི་དམག་མི་ཕོན་ཆེ་བོད་ནང་ཡོད་པ་སོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དབྱིན་ཇི་དང་ཨ་རི་བཙན་རྒྱལ་རིང་ལུགས་ཀྱི་དྲག་དཔུང་བོད་ནས་མཐར་བསྐྲོད་གཏོང་ཆེད་ཡིན་པའི་རྩོད་གླེང་བྱས་འདུག
ཡིན་ནའང་དངོས་སུ་མཐོང་ཆོས་སུ་གྱུར་བའི་མི་མང་དང་དོན་རྐྱེན་དེའི་ནང་ཞུགས་མྱོང་བའི་སྙན་གྲགས་ཅན་གྱི་ལོ་རྒྱུས་མཁན་དང་མཁས་དབང་ཚོས་པེ་ཅིང་གིས་གླེང་སློང་བྱས་པ་ལྟར་མིན་པའི་ངོས་འཛིན་གནང་གི་ཡོད། ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡༠ ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མགོ་བཙུགས་པ་ནས་བཟུང་པེ་ཅིང་རླུང་འཕྲིན་ཁང་ནས་མི་དམངས་བཅིངས་འགྲོལ་དམག་མིས་ངེས་པར་དུ་རྒྱ་ནག་གི་ས་ཁུལ་ཡོངས་རྫོགས་ཙམ་མ་ཟད་བོད་དང་། ཞིན་ཅང་། ཧཱེ་ནན་(Hainan)ཐའེ་ཝན་སོགས་བཅིངས་འགྲོལ་གཏོང་དགོས་པའི་བསྒྲགས་གཏམ་སྤེལ་འདུག བོད་ཀྱི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་དབུ་འཁྲིད་ཚོར་ཕྱག་བྲིས་ཤིག་སྤྲིངས་པའི་ནང་། “སྔོན་ནས་ད་ལྟའི་བར་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཕྱིའི་བཙན་འཛུལ་འོག་རྩ་བ་ནས་ཤོར་མྱོང་མེད་པར། སོ་སོའི་རྒྱལ་ཁབ་ཕྱི་རྒྱལ་གྱི་བཙན་འཛུལ་ནས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པའི་སྐོར་གསལ་བཤད་གནང་ཡོད”
བོད་གཞུང་ངོས་ནས་ཐབས་ཤེས་ཡོད་རྒུ་རྩལ་དུ་བཏོན་མིན་ལ་མ་ལྟོས་པར། གསར་དུ་མགོ་འཛུགས་བྱས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དྲག་ཆས་སྤྲས་པའི་མི་དམངས་བཅིངས་འགྲོལ་དམག་མི་སྟོང་ཕྲག་བཞི་བཅུས་ཆབ་མདོར་བཙན་འཛུལ་བྱས་པ་རེད། དམག་འཐབ་དེར་མི་འབོར་ཉུང་བའི་བོད་དམག་ཚོར་གནོད་འཚེ་ཚབས་ཆེན་ཕོག་པ་ཙམ་མ་ཟད། བོད་ཤར་ཕྱོགས་ཀྱི་མདོ་སྨད་སྤྱི་ཁྱབ་ང་ཕོད་ངག་དབང་འཇིགས་མེད་ཀྱང་འཛིན་བཟུང་བྱས་པ་རེད། མི་དམངས་བཅིངས་འགྲོལ་དམག་མིས་གལ་སྲིད་མུ་མཐུད་དྲག་ཤུགས་སྤེལ་ནས་བོད་དབུས་ཕྱོགས་སུ་དམག་དྲངས་པ་ཡིན་ན། འཛམ་གླིང་མི་མང་གིས་ཆོ་ངེ་འདོན་གྱི་རེད་དོགས་ཏེ་པེ་ཅིང་ངོས་ནས་བོད་ས་ཡོངས་རྫོགས་ཁྲིིམས་མཐུན་ངང་ཟ་ཐབས་བྱས་པ་རེད། འདི་ནི་བོད་པའི་སྐུ་ཚབ་ཀྱི་མགོ་ཁྲིད་མཁན་ང་ཕོད་ངག་དབང་འཇིགས་མེད་ལ་བཙན་ཤེད་ཀྱིས་ཆིངས་ཡིག་དོན་ཚན་བཅུ་བདུན་ཐོག་མིང་རྟགས་འགོད་ཆེད་ཀྱི་རྨང་གཞི་ཞིག་ཡིན།
ཡིག་ཆ་དཀར་པོའི་ནང་ “རྒྱ་ནག་དབུས་གཞུང་གི་འཐུས་མི་ཚོས་བོད་ཀྱི་སྐུ་ཚབ་ཚོར་བཙན་ཤེད་ཀྱིས་ཆིངས་ཡིག་ཐོག་མིང་རྟགས་བཀོད་བཅུག་མེད་པར། བློ་ཉེ་བའི་གྲོས་མོལ་དང་ཐུན་མོང་གི་ཡིད་ཆེས་བྱས་ཏེ་ཆིངས་ཡིག་ལ་མིང་རྟགས་བཀོད་པའི་བསྒྲགས་གཏམ་སྤེལ” ཞེས་བཀོད་འདུག གང་ལྟར་བོད་པའི་སྐུ་ཚབ་ཚོ་དང་མཁས་དབང་ཁག དེ་བཞིན་ལོ་རྒྱུས་མཁན་ཚོས་ཆིངས་ཡིག་དེ། བཙན་དབང་འོག་བཞག་དགོས་བྱུང་བ་མ་གྲོས་བསམ་པ་གཅིག་མཐུན་གྱིས་ངོས་འཛིན་གནང་བཞིན་ཡོད། ཨི་ཊ་ལི་(Italy)ནང་ཡོད་པའི་ཧྥིལོ་རིན་སི་(Florence)གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་སློབ་འཁྲིད་གནང་མཁན་གྱི་སློབ་དཔོན་ཆེན་མོ་ཡུལ་གྱར་རྒྱ་རིགས་མཁས་དབང་སུང་ལའི་མིང་(Song liming)གིས་བྲིས་དོན་ལ་ཁམས་ནང་ཡོད་པའི་བོད་དམག་ཀྱིས་རྒྱ་མིའི་དྲག་དཔུང་གི་གདོང་ལེན་མ་ཐུབ་པར་ཕམ་ཉེས་ཤུགས་ཆེན་བྱུང་རྗེས་རྒྱ་ནག་གཞུང་གིས་བཙན་པོ་དབང་ཡོད་ཀྱིས་ཆིངས་ཡིག་དེར་མིང་རྟགས་བཀོད་བཅུག་པའི་བདེན་གཏམ་སྲོང་པོར་བརྗོད་ཡོད།
ཚེ་རིང་ཤཱཀྱ་ལགས་ཀྱིས་བརྩམས་པའི་ཕྱག་དེབ་༼གངས་ལྗོངས་ནང་གི་འབྲུག (Dragonin the land of snow) ༽ཞེས་པའི་ནང་། བོད་ཀྱི་སྐུ་ཚབ་ལྷའུ་རྟ་རས་དམག་སྲིད་ཨུ་ཡོན་ལྷན་ཁང་གིས་བོད་ཐོག་ལས་དོན་ལེགས་པོ་བྱེད་ཀྱི་མེད་པའི་སྐོར་ཨུ་ཚུགས་མཐར་སྐྱེལ་གྱིས་བརྗོད་སྐབས་ལའི་ཝུ་ཧན་(Li weihan)ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཏེ། ཁྱེད་ཀྱིས་དམར་ཤོག་ཚོགས་པར་ཁུ་ཚུར་འཕྱར་གྱི་ཡོད་དམ། གལ་སྲིད་ཁྱེད་རང་འདོད་པ་མེད་ན་ག་དུས་ཡིན་ཡང་ཕྱིན་ན་འགྲིག་གི་རེད་ཟེར། བོད་ལ་ཞི་དྲག་གང་གིས་བཅིངས་འགྲོལ་གཏོང་དགོས་མིན་དེ། རང་གི་གདམས་ཁར་རག་ལུས་པ་སོགས་འགྲེལ་བརྗོད་བྱས་ཡོད། ད་དུང་ཁོང་གིས་གནད་དོན་དེ་ནི་མི་དམངས་བཅིངས་འགྲོལ་དམག་མི་བོད་ནང་མདུན་སྐྱོད་བྱེད་རྒྱུ་མཚམས་འཇོག་དགོས་པའི་མྱུར་འཕྲིན་གཏོང་ཐེངས་ཤིག་ཡིན་པའི་བསྒྲགས་གཏམ་ཡང་སྤེལ་འདུག
༸སྐྱབས་མགོན་རིན་པོ་ཆེའི་བཀའ་རྩོམ་མཛད་རྣམ་༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་(My land and My people) ༽ཞེས་པའི་ནང་། འཆར་ཟིན་ཆིངས་ཡིག་འདི་ནི་བོད་རྒྱ་ནག་གི་ཆ་ཤས་ཡིན་ཤག་གཞིར་རྩར་བཟུང་ནས་བྲིས་ཡོད། དེ་དྲང་བདེན་མིན། གང་ཡིན་ཟེར་ན་བཙན་བཤེད་མ་བྱས་ན་ང་ཚོའི་སྐུ་ཚབ་ཚོས་གཞུང་དང་ངར་འབྲེལ་གཏུགས་མ་བྱས་པར་ཁས་ལེན་ནམ་ཡང་བྱེད་སྲིད་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་འདུག དེར་བརྟེན་༼ཚགས་ཤོག་རང་དབང་ཕོ་ཉ(Press Freedom Herald) །༽དང་༼ཧྲུན་ཀྲིན་གཞོན་ནུའི་དུས་དེབ་ (Shenzhen YouthJournal) ༽ཞེས་པའི་གཙོ་འགན་རྩོམ་སྒྲིག་པ་དང་རྒྱ་རིགས་མཁས་དབང་ཚའོ་ཁྲིང་ཆིན་(CaoChagqing)ལགས་ཀྱིས་ཀྱང་ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་ཆིངས་ཡིག་དོན་ཚན་བཅུ་བདུན་བཙན་ཤེད་ངང་བཞག་ཡོད་པའི་འགྲེལ་བརྗོད་གནང་ཡོད་འདུག ད་དུང་ཁོང་གིས་ “བོད་ཁྲིམས་མཐུན་གྱི་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་། བོད་རྒྱ་ནག་གི་དབང་འོག་ཏུ་ཚུད་མེད། གལ་ཏེ་བོད་རྒྱ་ནག་གི་མངའ་འོག་ཏུ་ཡོད་པ་ཡིན་ན་རྒྱ་གཞུང་གིས་བཙན་པོ་དབང་ཡོད་ཀྱིས་བོད་མི་ཚོར་ཆིངས་ཡིག་ཐོག་མིང་རྟགས་བཀོད་བཅུག་དོན་མེད། རྒྱ་མིའི་དམག་དཔུང་གིས་སོག་པོ་དང་། ཤར་ཏུར་ཀི་སི་ཐན། དེ་བཞིན་མངའ་སྡེ་གཞན་ཁག་ལ་ཆིངས་ཡིག་ཅིག་ཀྱང་བཞག་མི་དགོས་པར་ཐེ་ཚོམ་སྤུ་ཙམ་མེད་པའི་ཐོག་མངའ་འོག་ཏུ་བསྡུ་དུས། བོད་ཀྱང་དཀའ་ཚེགས་དེ་ཙམ་མེད་པའི་ཐོག་འཕྲལ་མ་ཉིད་དུ་རྒྱ་འོག་ཏུ་བསྡུ་རྒྱུ་སྨྲ་ཅི་དགོས། ཁོང་ཚོས་ཆིངས་ཡིག་མ་བཞག་པར་བོད་མངོན་གསལ་དོད་པོས་བཙན་འཛུལ་བྱས་ཏེ་མངའ་འོག་ཏུ་དེ་ལྟར་བཅུག་མི་སྲིད། རྒྱ་རིགས་ཚོས་མཐའ་གཅིག་ཏུ་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པ་ཡིད་ཆེས་བྱེད་ཀྱི་མེད་དུས་རྒྱ་ནག་གིས་བོད་ཀྱི་བདག་དབང་ཆ་ཚང་རྩོད་ལེན་བྱེད་པར་བློ་མ་བདེ་བ་ཡོད། དེར་བརྟེན། ཁྲིམས་མཐུན་གྱིས་བོད་བདག་བཟུང་བྱ་ཆེད་ཁོང་ཚོར་རྩ་འཛིན་གྱི་ཡིག་ཆ་འགའ་དགོས་ཀྱི་ཡོད”ཅེས་པ་སོགས་ཀྱི་བསམ་ཚུལ་སྤེལ་འདུག
བཙན་ཤེད་ཀྱིས་ཆིངས་ཡིག་འདི་མཉམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་དྲག་པོས་བཙན་འཛུལ་བྱས་ཏེ། འཛམ་གླིང་ནང་ཆེས་དཔེ་ཟླ་བྲལ་བའི་དཔལ་ཡོན་ཉམས་རྒུད་དུ་གཏོང་མགོ་བཙུགས་པ་རེད། ཕྱིན་ཅི་ལོག་གི་རྒྱ་མིའི་སྲིད་ཇུས་དང་དྲག་པོའི་ཁྲིམས་ཀྱིས་རྒྱུན་ཆད་མེད་པར་སྡུག་སྦྱོང་གཏོང་གི་ཡོད་དུས་སྐུ་ན་ཕྲ་བའི་ན་གཞོན་གྲྭ་པ་ཞིག་གིས་བོད་མི་རིགས་ཆེད་ལུས་སྲོག་དམར་པོ་མཆོད་མེར་བསྒྲོན་པ་རེད། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༣ ཉིན་བོད་བྱང་ཤར་ཨ་མདོ་ཀིརྟི་དགོན་པ་ནས་ཡིན་པའི་ལོ་བཅུ་བདུན་སོན་པ་གྲྭ་སྐལ་བཟང་དབང་ཕྱུག་གིས་རང་ལུས་མེར་བསྲེགས་ནས་རྒྱ་ནག་གིས་བོད་བཟུང་བར་ངོ་རྒོལ་གནང་ཡོད། དེའི་སྐབས་རྒྱ་མིའི་སྐུ་སྲུང་གིས་འཕྲལ་མ་ཉིད་དུ་དབང་ཕྱུག་གི་མཐའ་བསྐོར་ནས་ཉེས་རྡུང་གཏོང་བཞིན་བཙན་ཁྲིད་བྱས་པ་རེད། འདི་ནི་རྒྱུན་གནས་ཆིངས་ཡིག་གི་གྲུབ་འབྲས་ཤིག་ཡིན་པར་བོད་གཞུང་གིས་ནམ་ཡང་ངོས་ལེན་བྱ་མི་སྲིད།
རྒྱ་མིའི་དམག་སྤྱི་ཀྲང་ཅིང་ཨུ་(ZhanJiwu)ཡིས་སྲིད་བློན་ཀླུ་ཁང་ལ་ཆིངས་ཡིག་དེ། ཁས་ལེན་དགོས་སྐོར་ཐེངས་མང་ཞུ་སྐབས་ཁོང་གིས་ “ང་ཕོད་ཀྱི་ལས་འགན་ནི་ཞི་གྲོས་བྱས་ཏེ་བོད་ཀྱི་ལས་དབང་ཐག་གཅོད་བྱེད་རྒྱུ་ལས་ཁོང་ལ་དམག་དོན་སྐོར་ཐེ་ཇུས་བྱེད་རྒྱུའི་དབང་ཆ་སྤྲད་མེད། ཆིངས་ཡིག་དོན་ཚན་བཅུ་བདུན་ནི་ང་ཚོའི་བློ་ཡུལ་ལས་འདས་པ་ཞིག་ཡིན། ང་ཕོད་ཚུར་འབྱོར་རྗེས་ཁོང་གིས་ང་ཚོར་རྒྱུ་རྐྱེན་གང་ལ་བརྟེན། ཆིངས་ཡིག་ལ་མིང་རྟགས་བཀོད་པའི་སྐོར་སྙན་སེང་ཞུ་ཡི་རེད། ང་ཚོས་ཁོང་གི་སྙན་སེང་ཉན་རྗེས་གཞི་ནས་ཆིངས་ཡིག་སྐོར་གྲོས་བསྡུར་བྱ་རྒྱུ་ཡིན། བོད་ནི་ཆོས་ལྡན་ཞི་བདེ་བག་ཕེབས་ཀྱི་རྒྱལ་ཁབ་ཞིག་ཡིན། དེར་བརྟེན་ཁྱེད་རང་གིས་བློ་རིག་བཀྲ་ལ། འཇོན་ཐང་ཆེ་བའི་སྐུ་ཚབ་གཏོང་གནང་བ་ལས་དམག་མི་མ་གཏང་ན་དགེ་མཚན་ཆེ། རྒྱ་ནག་ནི་མི་འབོར་མང་བའི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན། ཡིན་ནའང་ངེས་པར་དུ་སོ་སོའི་ཚད་ལས་མ་བརྒལ་བའི་ལས་ཀ་བྱེད་དགོས། གལ་སྲིད་གནས་བཟོད་མི་བདེ་བ་བཟོས་པ་ཡིན་ན། གཉིད་ཉལ་བསྡད་པའི་མི་ཡིན་ཡང་ཡར་ལངས་ཏེ་འཐབ་རྩོད་བྱེད་ཀྱི་རེད”ཅེས་གསུངས་གནང་འདུག
དོན་དམ་གྱི་གནས་ཚུལ་འདི་འདྲ་ཡོད་མིན་ལ་མ་ལྟོས་པར། ཡིག་ཆ་དཀར་པོའི་ནང་ “ཞི་བའི་བཅིངས་འགྲོལ་ནི་བོད་ཀྱི་ལོ་རྒྱུས་རང་བཞིན་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུའི་ཁ་ཕྱོགས་གལ་ཆེན་ཞིག་ཡིན། མི་ལོ་དྲུག་བཅུའི་རིང་བོད་ནང་ཡར་རྒྱས་འདྲ་མིན་སྣ་ཚོགས་བཏང་ཡོད་པ་ནི། དམངས་གཙོ་བཅོས་སྒྱུར་དང་། རང་སྲིད་རང་སྐྱོང་གསར་འཛུགས། སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན། དེ་བཞིན་བཅོས་སྒྱུར་སྒོ་དབྱེ་སོགས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་ཡོད”ཅེས་སོགས་བརྗོད་ཡོད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་གང་བཏོན་ཡོད་དམ། རྒྱ་དམག་གིས་བོད་ནང་རྒོལ་འཛིང་མ་བྱས་གོང་། ཧ་ལམ་རྒྱ་མིའི་མི་སེར་དང་ཕྱི་རྒྱལ་བ་བོད་ནང་མཐོང་རྒྱུ་མེད་པ་ཡོངས་གྲགས་ཡིན། སྐུ་ན་ཕྲ་བའི་ཏཱ་ལའི་བླ་མས་བོད་ཀྱི་དབུ་འཁྲིད་ཀྱི་ཐུགས་འགན་བཞེས་ཏེ་བཅོས་སྒྱུར་མང་པོ་ཞིག་གནང་ཡོད།
བོད་ཀྱི་སྤྱི་ཚོགས་དེང་དུས་ཚན་རྩལ་ཐོག་ཡར་རྒྱས་ཕྱིན་མེད་པ་ཡིན་ནའང་། ལེགས་བྱང་གི་ཤེས་ཡོན་དང་ཆོས་ཀྱི་བྱེད་སྒོའི་ཐོག་ཤེས་བྱའི་བང་མཛོད་ལྟ་བུ་ཡིན། བོད་མི་ཚོས་ཕྱི་ཕྱོགས་སུ་འབྲེལ་ལམ་དང་། རང་འཁྲིའི་འོས་འགན་འཁུར་ཐུབ་པ་ཙམ་མ་ཟད། ཞི་བདེ་བག་ཕེབས་ངང་འདོད་བློ་ཁེངས་པའི་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད། མི་དམངས་བཅིངས་འགྲོལ་དམག་མི་བོད་དུ་བསླེབས་རྗེས། བོད་ཀྱི་རྒྱལ་ཁབ་གནམ་ས་མགོ་རྟིང་སློག་པ་ལྟ་བུ་འགྱུར་བ་བཏང་ཕྱིན་པ་རེད། དེ་ཡང་པེ་ཅིང་གིས་ཤོད་བཞིན་པའི་ཆིངས་ཡིག་དོན་ཚན་རྣམས་རིམ་པས་རྩིས་མེད་རྡོག་རོལ་དུ་བཏང་སྟེ་བོད་ས་ཡོངས་རྫོགས་ཐལ་བའི་རྡུལ་དུ་སློག་པ་དང་ལྷན་ཆབ་སྲིད་རྣམ་གཞག་གི་གཡུལ་ས་ཞིག་བསྐྲུན་ཏེ་རྒྱ་འགྱུར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་དག བོད་མི་ཚོའི་ཀླད་པའི་ནང་བླུགས་དང་ལྡུག་བཞིན་ཡོད། བོད་ཀྱི་ཆོས་རིག་དཔལ་ཡོན། སྐད་ཡིག་དང་། ཁོར་ཡུག་ལ་སོགས་རྒྱ་མིས་འཕྲལ་སེལ་དངུལ་ཏོག་ཙམ་གྱི་ཆེད་རྩ་གཏོར་དང་བཤུ་གཞོག་གཏོང་གི་ཡོད།
ཡག་པོ་ཞེ་དྲག་འདུག །འོན་ཀྱང་སྔོན་གྱི་ལོ་རྒྱུས་བཤད་སྡོད་པ་ལས་འབྱུང་འགྱུར་གྱི་མི་ཚེ་སྐྱེལ་སྟངས་ཐད་བསམ་བློ་གསར་པ་ཞིག་གཏོང་ན་ག་འདྲ་འདུག །དེ་སྔར་ལོ་རྒྱུས་དེ་ཚོ་ནི་་་་་་དེང་སང་འཛམ་གླིང་གང་སར་བྱིས་པའི་སྒྲང་གཏམ་འདྲ་པོ་གཅིག་ལ་རྩིས་ཀྱི་ཡོད་པ་ནི་གསལ་པོ་རེད། མ་ཟད་བཙན་བྱོལ་སྒྲིག་འཛུགས་ངོས་ནས་ཀྱང་་་་སྔོན་གྱི་ལོ་རྒྱུས་དེ་དག་ནག་བསུབ་བཏང་ཚར་བ་རེད།།
བོད་རྒྱ་ཆིངས་ཡིག་འཇོག་པ་འདས་པའི་དུས་ཚོད་ཞིག་ཏུ་ཡིན་ལ། མ་འོང་གང་བྱེད་དགོས་མིན་དེ་ནི་དམིགས་ཡིལ་དགོས་ངེས་ཞིག་ཡིན། དང་པོ་བོད་མི་ཡོད་དོ་ཅོག་རྡོག་རྩ་གཅིག་སྒྲིལ། གཉིས་པ་ཆོས་ལུགས་དང་མི་རིགས་དབྱེ་འབྱེད་མེད་པ། གསུམ་པ་རྩ་དོན་འདི་ཡིན་ཞེས་དགོས་ངེས་རེད། དེ་མིན་བྱ་བ་གང་ཡང་འགྲུབ་མི་སྲིད།།