བོད། ལྷ་ཀླུ་གཉན་གསུམ།
གཅིག
ང་རང་སྲང་ལམ་དོགས་པོ་ཞིག་བརྒྱུད་དེ། མཚན་མོ་དེར་ཆང་ཁང་དེར་མཚོ་ཁའི་མེ་ཏོག་དང་འགྲོགས་ནས་སོང་བ་ཡིན། ང་རང་ཆང་ཁང་དེར་འབྱོར་དུས་སུ། གཞི་ནས་ང་རང་འགྲོ་ས་དེ་ནི་བུད་མེད་ཁོ་ནའི་གྲུབ་པའི་ཆང་ཁང་ཞིག་དང་། བུད་མེད་ཆེས་མང་བོ་ཞིག་གློག་འོད་མི་གསལ་བའི་ཁང་ཆེན་དེ་ན། བུད་མེད་སྐོར་སྐོར་བྱས་ནས་ཁ་བརྡ་བྱེད་ཞོར་དུ་ཨ་རག་འཐུང་གི་ཡོད་པ་ཞིག་དུ་སླེབས། སྐབས་དེར་ང་རང་ཅུང་དོགས་མི་བདེ་ངང་དུ་ཁ་རོག་གེར་ཅོག་རྩེ་ཞིག་གི་མཐའ་རུ་ཁོ་མོ་དང་ལྷན་དུ་བསྡོད་ཞོར། ཁྱེད་རང་ང་འདི་ལ་ཁྲིད་དེ་འོང་དོན་ཅི་ཡིན།
མཚོ་ཁའི་མེ་ཏོག་དགོད་ཀྱིན་དགོད་ཀྱིན། འདི་རེད། ངས་ཁྱེད་རང་ཆེས་དགའ་བའི་ལས་ཀ་ནི་བརྩམས་སྒྲུང་འབྲི་རྒྱུར་དགའ་བ་དང་། དེ་ཡང་དངོས་ཡོད་ཀྱི་འཚོ་བ་གཞིར་བཞག་ནས་འདྲི་འདོད་ཡོད་པ་སྔ་ས་ནས་ཤེས། ཉེ་སྔོན་འུ་གཉིས་ཀྱིས་ཁ་བརྡ་བྱེད་དུས་སུ། ཁྱེད་རང་གིས་བདེ་སྐྱིད་འཚོའི་ལོ་རྒྱུས་གོ་ནས། ཁྱེད་རང་ཁོ་མོ་ལ་ཐུག་འདོད་ཆེན་པོ་ཡོད་ཟེར་བ་མིན་ནམ། འདི་རེད། ཁྱེད་རང་གི་འགྲམ་གྱི་བུད་མེད་དེ་བདེ་སྐྱིད་མཚོ་རེད་ཟེར་བཞིན་བདེ་སྐྱིད་མཚོ་ལ། ང་ལ་ལག་པ་སྟོན་ཞོར་དུ། བདེ་སྐྱིད་འཚོ། འདི་ངས་ཁྱེད་རང་ལ་ཉེ་སྔོན་བཤད་པའི་ང་ལ་ངོ་ཤེས་སྒྲུང་འབྲི་རྒྱུར་དགའ་བ་ཞིག་ཡོད་ཟེར་བ་དེ་ཡིན། དེ་རིང་ཁྱེད་རང་གིས་རང་གི་མི་ཚེ་ཡི་སྟོད་སྨད་བར་གསུམ་ཅི་ཡོད་སེམས་ཐོག་ན་གང་ཡོད་པ་ཁོང་ལ་གསུང་དང་། ཁོ་རང་གིས་བུད་མེད་ཀྱི་ལས་དབང་ལ་གུས་བརྩི་དང་དགའ་ཞེན་ཡོད་པ་མ་ཟད། དམིགས་བསལ་གྱིས་ཁྱེད་རང་ལ་ཐུག་འདོད་ཆེན་པོས། དེ་རིང་ཁོ་རང་གི་ལས་ཀ་གྲོལ་མ་ཐག ངེད་གཉིས་ཁྱེད་རང་སར་ཡོང་བ་ཡིན།
བདེ་སྐྱིད་མཚོ་མོས་ང་ལ་ཞིབ་དུ་བལྟ་བཞིན། རེད་རེད། མི་ཆོག་རྒྱུ་མེད་ཀི ང་རང་གིས་རང་གི་མི་ཚེ་ཡི་སྟོད་སྨད་འགྲིམ་པའི་ལས་དབང་འདིའི་སྐོར་དངོས་ནས་རང་གི་རིགས་ཀྱི་བུད་མེད་སྤྱི་དང་ནང་དགོས་སུ། བརྩེ་དུང་ལ་རིན་ཐང་ཆེན་པོ་བྱེད་མཁན་དང་། ཚེ་སྲོག་ལ་དོན་སྙིང་ཡོད་པར་འདོད་མཁན་དག་གི་ཆེད་དུ། ངས་དེ་རིང་འདི་ནས་ཁྱེད་རང་ལ་རང་གི་དྲན་པའི་ངོས་ན་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན་ཡོད་པ་དེ་དག་ལོ་ཟླའི་གས་ཆག་ཅི་ཙམ་ཞིག་བརྒྱུད་པ་དག་ཞིབ་དུ་བཤད་ཡ། ཁྱེད་རང་གིས་ལས་ཀ་བྱེད་ཀྱི་ཡོད་ན། དངོས་ནས་ངས་སྐད་ཆ་རིང་བོ་ཞིག་བཤད་དེ་བསྡད་ན། ཁྱེད་རང་གིས་ཉན་རྒྱུར་ཡང་ཁག་པོ་ཡིན་རྒྱུ་རེད། གང་ལྟར། ཁྱེད་རང་གིས་རེ་བ་འགྲུབ་ཆེད། ང་རང་གི་མདུན་པ་དེ་མངོན་ཆེད་འུ་གཉིས་ཀྱིས་སྐད་ཆའི་འགོ་འཛུགས་ཡ།
དྲང་མོ་བཤད་ན། ཕྱིར་འདང་ཞིག་བརྒྱབས་ན་དངོས་ནས་སྐྱིད་སྡུག་གཉིས་ཀ་ཡོད། ང་རང་ཕ་ཡུལ་དང་ཁ་གྱེས་པའི་ལོ་དེར། ང་རང་མོ་ལོ་བཅོ་ལྔ་རེད། མོ་ལོ་བཅོ་ལྔའི་རིང་དུ་རྩྭ་ཐང་གི་བདག་མོ་ཞིག་བྱས་པ་རེད། ད་ལྟ་བསམ་ན་རྩྭ་ཐང་གི་བདག་མོ་བྱས་དེ་བསྡད་ཡོད་པའི་སྐབས་ཀྱི་སེམས་པ་དེ་ནི་དེ་འདྲའི་སྤྲོ་སྣང་གི་འཁངས་པ་ཞིག་ཡིན། ང་རང་དང་འགྲོགས་ནས་འཚར་ལོངས་བྱུང་བའི་སྡེ་བ་གཅིག་པའི་ཕོ་གསར་སྟག་འདྲ་བ་ཁ་ཤས་ཤིག་ཡོད་ན་ཡང་། ང་རང་གི་སྣང་བར་དེ་ཙམ་འགྲོ་ཡི་མེད་ལ། གཅིག་གཉིས་རེ་ཉལ་དུ་ཡོང་ཉུང་ཡོད་ཀྱང་། དངོས་ནས་སེམས་པ་བསྟན་ནས་རྗེས་སུ་འགྲོ་འདོད་པ་ཞིག་བྱུང་མ་མྱོང་། ཉིན་ཞིག་ང་ཚོའི་སྡེ་བའི་ནང་གི་ཕོ་གསར་ཞིག་རྫོང་མཁར་ན་ཚོང་བྱེད་ཀྱིན་བསྡད་ཡོད་ལ། ཁོ་རང་ངེད་ཚང་གི་ཁྱིམ་ཚེས་ཤིག་ཀྱང་ཡིན།
མུ་འགོད།