གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།
སྤྱི་ཟླ་ལྔ་བའི་ཚེས་ཉེར་བདུན་ཏེ། བོད་ལུགས་ས་ག་ཟླ་བའི་ཡར་ཚེས་བརྒྱད་ཉིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་ཐའེ་པེ་ཐོའོ་ཡན་བཙོན་ཁང་དུ་གཞི་རྒྱ་ཆེ་བའི་སངས་རྒྱས་ཀྱི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཤིང་། བཙོན་ཁང་གི་འབྲེལ་ཡོད་དོ་དམ་པའི་བཀའ་ཁྲོལ་ལྟར་བཙོན་པ་བཞི་བརྒྱ་ཙམ་དངོས་སུ་མཉམ་ཞུགས་བྱས། ཐོག་མར་བཙོན་པའི་རོལ་དབྱངས་སྡེ་ཚན་ནས་གོ་སྒྲིག་བྱས་པའི་འཁྲབ་སྟོན་དང་། དེ་ནས་ཞིབ་ཚོགས་ཀྱིས་གོ་སྒྲིག་བྱས་པའི་སྤྱན་རིས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། བོད་ཀྱི་འཆམ་སོགས་ཀྱི་སྤེལ་མའི་འཁྲབ་སྟོན་ཁག་དང་། ཁྱད་པར་ཐའེ་ཝན་གྱི་གྲགས་ཅན་གླུ་མ་ཕིང་ལིའི་ལགས་ཀྱི་འཁྲུངས་སྐར་དུས་ཆེན་དང་འཚམས་ཤིང་། ཉན་མཁན་གྱི་ཡིད་ཁམས་གསོ་བའི་གླུ་ལེན་བཅས་གྲུབ་པ་དང་། དགེ་འདུན་པ་རྣམ་པས་དབུ་དྲངས་ཏེ་ཚང་མས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དང་། ཐུབ་ཆོག་བྱིན་རླབས་གཏེར་མཛོད་གསུང་གྲུབ་མཚམས་ཡུལ་ངོས་ཀྱི་བཙོན་པ་བཞི་བརྒྱ་ལྷག་གིས་ལག་ཏུ་མེ་ཏོག་རྐང་གཅིག་རེ་ཐོགས་ཏེ་སངས་རྒྱས་ཀྱི་ཁྲུས་སྟེགས་ཀྱི་མདུན་དུ་རེ་རེ་བཞིན་གྱིས་མ་ཎིའི་པད་དབྱངས་དང་སྦྲགས་ཁྲུས་གསོལ་བྱས།
ཞིབ་འཇུག་ཚོགས་ཚོགས་པའི་འབྲེལ་ཡོད་འགན་འཁུར་བ་རིན་པོ་ཆེ་རྣམ་པས་ཀྱང་ས་ག་ཟླ་བའི་སྟོན་པའི་འཁྲུངས་སྐར་གྱི་གལ་ཆེའི་རང་བཞིན་དང་འབྲེལ་བའི་གཏམ་བཤད་གནང་། དེ་ནས་༼ང་དང་《བྱང་ཆུབ་འོད་》ཀྱི་ཚེ་སྲོག་གི་གཏམ་གླེང་༽ཞེས་པའི་རྩོམ་ཡིག་འགྲན་བསྡུར་གྱི་ཐ་མའི་བྱ་དགའ་ཐོག་མཁན་དག་ལ་ཨ་རིམ་བཞིན་བྱ་དགའ་སྤྲད་ཅིང་། དཔྱད་འདེམས་ཚོགས་ཆུང་གི་ཚོགས་གཙོ་རང་བྱུང་རིང་ལུགས་ཀྱི་རྩོམ་པ་པོ་གྲགས་ཅན་ལྕམ་ལིན་ཧྥོའུ་ལགས་ཀྱིས་དཔྱད་འདེམས་ཀྱི་བརྒྱུད་རིམ་དང་། ཞིབ་འཇུག་ཚོགས་པའི་ངོས་ནས་དཔྱད་འདེམས་འདེམས་ཐོན་གྱི་ཚད་གཞི་སོགས་དང་འབྲེལ་བའི་གཏམ་བཤད་གནང་ཞིང་། མ་གཞི་རྩོམ་ཡིག་འགྲན་བསྡུར་འདི་ཞིབ་འཇུག་ཚོགས་པའི་བྱང་ཆུབ་འོད་དུས་དེབ་འདོན་ཐེངས་གཉིས་པའི་ནང་དོན་དང་འབྲེལ་བའི་དཔྱད་བརྗོད་ཡིན་ན་ཡང་། དོན་དངོས་ཐོག ནང་པ་ཞིག་ཡིན་པའི་ལངས་ཕྱོགས་དང་། ཁྱད་པར་ཞིབ་འཇུག་ཚོགས་པའི་ལངས་ཕྱོགས་དང་བསྟུན་ནས་འབྲི་དགོས་པ་ཞིག་མིན་པར། དཔེ་བཤུས་དང་རིགས་པའི་གཞུང་ལུགས་ཀྱི་སྟོང་བཤད་མིན་པའི་ཐོག་ནས་སོ་སོའི་ནང་སེམས་ཁམས་ཀྱི་བཅོས་མིན་གྱི་ཚོར་བ་དང་འཚོ་བ་དངོས་རྩོམ་ཡིག་གི་སྲོག་ཏུ་བསྲེ་ཐུབ་པ་བྱ་རྒྱུ་དེ་རྩོམ་ཡིག་གི་འདེམས་ཐོན་གྱི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ཡོད།
འདེམས་ཐོན་གྱི་ཁྲོད་དུ་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པས་བྱང་ཆུབ་འོད་དང་འབྲེལ་བའི་རྩོམ་ཡིག་ཀྱང་ཚུད་འདུག་པ་དང་། སྤྱིར་ཐེངས་འདིར་རྩོམ་ཡིག་འགྲན་བསྡུར་ལ་ཞུགས་མཁན་བརྒྱ་ལྷག་བྱུང་བའི་ནང་ནས་ཐ་མའི་བྱ་དགའ་ཐོབ་མཁན་བཅུ་དྲུག་བྱུང་ཡོད་པའི་ཁྲོད་ཀྱི་རྩོམ་ཡིག་ལེགས་ཤོས་ཁག་ཅིག་《བྱང་ཆུབ་འོད་》འདོན་ཐེངས་གསུམ་པའི་ཐོག་ཏུའང་འཁོད་རྒྱུ་ཡིན་པ་རེད།
དངོས་གནས་དོན་སྙིང་ལྡན་པའི་གཞན་ཕན་སྒྲུབ་པའི་འཕྲིན་ལས་ལ་བསྔགས་བརྗོད་ཡོད། ད་ཕྱིན་ཡིག་ནོར་ལ་གཟབ་དགོས་པར་སྣང་ངོ་། གཞན་ཕྱག་ལས་ལ་ཡི་རང་དང་ཡོད། བཀྲ་ཤིས་བདེ་ལེགས་ཞུ།།
ད་བཙོན་པ་རྣམས་རྩེད་ཆས་མ་གནང་རོགས། ལྷག་བསམ་རྣམ་དག་གིས་བཙོན་པ་རེ་རེ་ཡི་སེམས་ནང་གི་དཀའ་ངལ་སེལ་ཐབས་ལ་འབད་རོགས། སེམས་པའི་དཀའ་ངལ་ནང་དུ་ཆོས་པ་ཚོས་བཤད་ཀྱིན་པའི་བྱམས་སྙིང་རྗེ་ལས་བརྒལ་བའི་འཚོ་སྡོད་ཟ་འཐུང་ཡོག་རེད།