ས་འཛིན་དཀར་པོ།
འདས་པའི་ལས་དབང་ལྕི་མོར་ཕྱི་འདང་ཞིག་རྒྱབ་དུས།།
མི་བཟོད་སྐྱོ་བའི་སེམས་ཀྱིས་ཞལ་རས་གཉེར་མའི་གང་།།
བརྩེ་བའི་མིང་སྲིང་གྲངས་མེད་ཚེ་སྲོག་བཅོམ་ཤུལ་རེར།།
དུང་བའི་སེམས་ཀྱིས་བཙིར་བའི་དྲན་གདུང་མིག་ཆུ་རེ།།
འབྱུང་བཞིས་བཅོམ་པའི་རུ་ཤུལ་ཕྱི་འདང་རེ་བྱས་དུས།།
སྐྱོ་གདུང་མནར་བས་ལུས་ཟུངས་བཅུད་དེ་ཟད་ལ་ཁད།།
སྡུག་བསྔལ་ལས་ཀྱི་ཁུར་པོ་ཕྲག་པར་བཙན་གྱིས་གནོན།།
གདུང་བའི་ནད་ཀྱིས་གཅོང་པའི་མིག་མཐར་མཆི་མ་རེ།།
ཁ་སང་འཇིག་པའི་ལས་དབང་འདང་བ་ཞིག་བྱས་དུས།།
གངས་རིའི་མིང་སྲིང་ཚེ་སྲོག་ཤོར་བའི་སྐྱོ་གདུང་འཁོར།།
ཡབ་མེས་གཞིས་ཁྱིམ་བརླག་པའི་རྗེས་ཤུལ་དེ་རིག་དུས།།
ངལ་བའི་སེམས་ནས་མི་བཟོད་མིག་ཆུས་རི་ལུང་བརླན།།
མི་རྟག་འབྱུང་བཞིའི་རྒུད་པར་འདང་བ་ཞིག་བྱས་དུས།།
མ་བུའི་བདེ་སྐྱིད་ལྷན་འཛོམས་ཐོག་གིས་མུ་མེད་བཞུས།།
མ་ཎིའི་དབྱངས་ཀྱི་འགྱུར་ཁུགས་རྣ་བས་གོ་ཐེངས་རེར།།
མི་བཟོད་གདུང་བའི་སེམས་ཚོར་ལྕི་མོའི་མིག་ཆུ་བཞུར།།
བཞི་བའི་བཅུ་བཞིའི་ཉིན་ནག་ཕྱི་འདང་ཞིག་བྱས་དུས།།
གངས་ཅན་ཕུ་ནུའི་རྣམ་ཤེས་ཚེ་སྲོག་ཐལ་བས་བཏུམས།།
ཤུལ་ལུས་མིང་སྲིང་ཡོངས་ཀྱིས་གདུང་བའི་མིག་རྩ་སྐེམ།།
མ་བཅོས་དགེ་བའི་བསྔོ་སྨོན་ཡིག་དྲུག་དབྱངས་རེ་སྐྱོར།།
བཞི་བའི་བཅུ་བཞི་སླར་ཡང་ཚེས་པར་འདང་ཞིག་བྱས།།
འདས་སོང་མིང་སྲིང་དྲན་གདུང་ཞིག་གིས་མིག་ཆུ་རྒྱས།།
ལས་དབང་ཐོག་གིས་འབབ་པའི་ཉིན་ནག་དེ་ཤར་དུས།།
མི་འདོད་གཤེགས་པའི་ཚེ་འདས་བདེ་ཆེན་ཞིིང་ལ་སྨོན།།
འབྱུང་བའི་འཕེལ་འགྲིབ་དེ་ཡིས་རི་ལུང་ཕུ་མདའ་དཀྲུག།
བརྗིད་ཉམས་ཁང་རྩེག་མ་ལུས་ཐལ་བའི་རྡུལ་ལྟར་སྒྱུར།།
མཐོ་སྒང་མིང་སྲིང་གདུང་བའི་སྐྱོ་སེམས་ངལ་དུབ་སྟེར།།
ཁ་ལྡན་སྒང་པ་ཡོངས་ཀྱིས་གདུང་སེམས་གཅིག་ཏུ་སྒྲིལ།།