སེར་ཤུལ་རིན་ཆེན་དོན་གྲུབ།
རྩོམ་རིག་གི་ལམ་བུར་ཞུགས་སྟངས།
བདག་རྩོམ་རིག་གི་ལམ་བུ་འདིར་ཞུགས་ནས་མི་ལོ་བཅུ་ཕྲག་ལྷག་འདས་ཟིན། ད་སྐབས་ཕྱིར་དྲན་བྱེད་སྐབས་དེ་ནི་སྐབས་རེར་དཀའ་ཚེགས་ཆེ་བའི་ཀྱག་ཀྱོག་གི་ལམ་བུ་ཞིག་དང་། མཚམས་རེར་སྤྲོ་སྣང་གིས་འཚོ་བའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཀྱང་རེད། རྩོམ་འབྲིའི་ལས་བྱ་འདིས་ཕ་མར་བྲལ་བའི་ས་མཐའི་ཡུལ་ལྗོངས་འདི་ནས་བདག་ལ་སྙིང་ཉེ་བའི་གྲོགས་པོ་ཞིག་བརྩེ་ཞེན་ལྟར་སེམས་གསོ་བྱེད་མྱོང་ལ། སྒྱུ་འཕྲུལ་ལ་བྱང་བའི་མཛེས་སྡུག་གི་ཕོ་ཉ་ཞིག་གི་གར་སྟབས་ལྟར་བདག་གི་བསམ་བློ་དང་གོ་རྟོགས་ཡོད་ཚད་ཁུར་ནས་སྤྱི་ཚོགས་ཁྲོད་དུ་ཁྱབ་སྤེལ་ཡང་བྱེད་བཞིན་ཡོད། བདག་གིས་རྒྱ་ཆེ་ལ་གཏིང་ཟབ་པའི་ནང་དོན་རིགས་པའི་སློབ་སྦྱོང་གི་ཞོར་དུ་རང་གི་དགའ་མོས་ཀྱི་རྗེས་སུ་འབྲངས་ཏེ་རྩོམ་རིག་གི་ལམ་བུ་འདིར་ཁེར་རྐྱང་གིས་ཞུགས་ཤིང་། ཁུ་སིམ་སིམ་གྱི་གུང་སེང་རེ་རེ་བཞིན་རྩོམ་ཡིག་འབྲི་ཀློག་གིས་འདའ་བར་བྱས།
ཆེས་ཐོག་མར་(ནོར་ལྡེ་ཚགས་པར་)དུ་བཀོད་པའི་(བསོད་དམན་སྐར་ཆུང་ཞིག་གི་ལས་དབང་) ཞེས་པའི་བོད་ཀྱི་ཉམ་ང་བའི་གནས་སྟངས་བརྗོད་བྱར་བྱས་པའི་རྩོམ་ཡིག་དེ་ཚགས་པར་གྱི་ནང་ངོས་ནས་མཐོང་སྐབས། བརྗོད་མི་ཤེས་པའི་དགའ་སྣང་ཞིག་གིས་ནམ་མཁའི་དབྱིངས་སུ་བཏེགས་པ་ལྟ་བུའི་ཚོར་བས་བཟི་ཞིང་། དེ་ནས་བཟུང་རྩོམ་རིག་གི་ལམ་ཆེན་ཐོག་ཏུ་བློ་གྲོས་ཀྱི་གོམ་སྟབས་འདོར་བའི་སྤོབས་པར་བསྙེས་ནས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཤུགས་ཀྱིས་ཞུགས།
བདག་རྩོམ་རིག་གསར་རྩོམ་གྱི་ལམ་བུར་ཞུགས་སྟངས་ནི་བོད་ཀྱི་རྩོམ་པ་པོ་ཕལ་མོ་ཆེ་བརྒྱུད་པའི་ལམ་ཆེན་དུ་ཞུགས་པ་སྟེ། ཐོག་མར་སྙན་ངག་གི་དཔེ་འཁྲིད་ཞུས། དེ་ནས་གུང་སེང་གི་དུས་ཚོད་ཁོ་ན་དམ་འཛིན་གྱིས་དཔེར་བརྗོད་རེ་རེ་བཞིན་ཆགས་མེད་དུ་བྲིས། དེའི་རྗེས་སུ་བསྟོད་པ་དང་། སྐབས་ཀྱི་སེམས་ཚོར་བརྗོད་བྱར་བྱས་པའི་ཚིག་བཅད་དམ་དུམ་ནས་འགོ་བཙུགས་སྟེ་རིམ་གྱིས་བསམ་བློ་དང་། ཚིག་སྦྱོར། མཛེས་ཆ། ཁ་ཕྱོགས་སོགས་སྐས་རིམ་བརྒྱུད་དེ་མདུན་སྐྱོད་བྱས། འདི་ནི་བདག་རྩོམ་རིག་གི་ལམ་བུར་སྙེག་པའི་ཐོག་མའི་བརྒྱུད་རིམ་ཡིན།
རྩོམ་ཡིག་སྤེལ་སའི་དུས་དེབ་དང་ཚགས་པར་ཁག
སྤྱི་ལོ་༢༠༠༣ ལོ་ནས་བདག་གི་རྩོམ་ཡིག་ཁག་དུས་དེབ་དང་ཚགས་པར་ཁག་ཏུ་འགྲེམས་འགོ་བརྩམས། བདག་གི་རྩོམ་ཡིག་བཀོད་མྱོང་བའི་དུས་དེབ་ཁག་ནི། ༡) རྩམ་པ་དུས་དེབ་དང་། ༢) ལྡུམ་ར། ༣) དུས་འགྱུར། ༤) རྫ་ཆུའི་རླབས་སྒྲ། ༥) ཁ་བ་དཀར་པོ། ༦) མཐོ་སྒང་གི་ཉི་ཟེར། ༧) ཆིག་སྒྲིལ། ༨) སྐྱ་རེངས། ༩) དཔྱིད་ཀ།༡༠) ཟླ་འོད་གཞོན་ནུ། ༡༡) ཅང་ཤེས་རྨིག་སྒྲ། ༡༢) བོན་སྒོ། ༡༣) དུས་ཀྱི་ངུར་སྨྲིག ༡༤) རོལ་མཚོའི་རྦ་རླབས། ༡༥) ཏེ་སེའི་འོད་སྣང་། ༡༦) གང་ལྗོངས་སློབ་གསོ། ད་དུང་མིང་མ་ངེས་པའི་དུས་དེབ་ཁག་ཅིག་བཅས་དུས་དེབ་དེ་དག་གི་འདོན་ཐེངས་སྔ་ཕྱི་དག་ཏུ་ཁོ་བའི་རྩོམ་ཡིག་སུམ་ཅུ་སོ་གཉིས་བཀོད་ཡོད། ཚགས་པར་ཁག་ནི། ༡) བོད་ཀྱི་བང་ཆེན། ༢) ནོར་ལྡེ། ༣) ལྷོ་ཕྱོགས་ཕོ་ཉ། ༤) སམ་བྷོ་ཊ། ༥) ལྗང་རླུང་། ༦) བྷོ་ཊི། ༧) བཀའ་བློན་ཁྲི་བ། ༨) ཀུན་སྤྱོད་ཚགས་པར་བཅས་ཀྱི་འདོན་ཐེངས་སྔ་ཕྱི་དག་ཏུ་ཁོ་བོའི་རྩོམ་ཡིག་སུམ་ཅུ་སོ་གཉིས་བཀོད་ཡོད། དེ་མིན་ཆེད་དེབ། (རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་ས།)དང་། (གངས་རིའི་མགོན་པོ་དང་གངས་ཅན་པ།) (ཕྱིར་ལ་གཟིགས་དང་མིག་ཆུས་མཆོད།) (མཆོད་སྤྲིན་དབྱིངས་ཀྱི་སྙིང་པོ།) དེ་མིན་མིང་མ་དྲན་པའི་དུས་དེབ་དང་ཚགས་པར་ཁག་ཅིག་བཅས་དུས་དེབ་དང་ཚགས་པར་རིགས་མ་འདྲ་བ་སུམ་ཅུ་བརྒལ་བའི་འདོན་ཐེངས་སྔ་ཕྱི་དག་ཏུ་རྩོམ་ཡིག་ཁག་མ་འདྲ་བ་དྲུག་ཅུ་ལྷག་འགྲེམ་སྤེལ་བྱས། སྤྱི་ལོ་ ༢༠༡༢ ལོ་ཙམ་ནས་དྲ་ལམ་བཀོལ་སྤྱོད་ཀྱི་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་དུས་མཚུངས་སུ་བོད་ཀྱི་བང་ཆེན་དྲ་ཚིགས་དང་། དུས་བབ་དྲ་རྒྱ། མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས། ཆོས་གྲོགས་དྲ་བ། ཁ་བརྡ་དྲ་ཚིགས་སོགས་སུ་དཔྱད་རྩོམ་གཙོ་བོར་གྱུར་བའི་རྩོམ་ཡིག་གྲངས་ཉིས་བརྒྱ་ལྷག་འགྲེམས་སྤེལ་བྱས།
དེ་རིང་གི་གྲུབ་འབྲས།
བདག་རྩོམ་རིག་གི་ལམ་བུ་འདིར་ཞུགས་པའི་སྟ་གོན་བརྩམས་པ་ནས་ད་བར་དུ། སྤྱི་ཚོགས་དང་། ཁོར་ཡུག་གི་གནོན་ཤུགས་གང་མང་ཞིག་གིས་བཙིར་ཡོང་བ་དང་། ཁྱད་པར་དུ་བདག་ལ་སྙིང་ཉེ་བའི་རྒྱང་རིང་ཐུང་གི་གྲོགས་པོ་མང་པོ་ཞིག་གིས་ཤ་ཚས་ཀུན་ནས་བསླངས་ཏེ་ལམ་ཁ་འདིར་ཞུགས་མི་རུང་བའི་རེ་སྐུལ་བྱས་ཤིང་། རྩོམ་རིག་གི་ལམ་བུ་འདིས་ནང་བསྟན་རིག་གཞུང་གི་ཚད་མཐོའི་སློབ་གཉེར་ལ་འགལ་རྐྱེན་དུ་འགྱུར་བའི་བསམ་ཚུལ་ཡང་དང་བསྐྱར་དུ་ཐོས་འཛིན་གྱི་བུ་གར་བསྐྱལ། གདན་ས་ཆེན་མོའི་འདུ་ཤེས་འཛིན་སྟངས་སམ་གཞི་རིམ་མི་མང་གང་ཞིག་གི་རྒྱུན་སྲོལ་བསམ་བློའི་འཛིན་སྟངས་ཏེ། རྩོམ་ཡིག་འབྲི་བ་ནི་སྤྱི་ཚོགས་ཀྱི་གཤེད་མ་དང་། ཕུང་ཀྲོལ་མཁན་དུ་བསམ་ནས་བདག་ལམ་ཁ་འདི་ལས་ཕྱིར་བཤོལ་གྱི་སྦྱོར་བ་ཡང་ཡང་བཤམས། དེ་ལྟར་ཡང་རང་གཤིས་དང་། དགའ་མོས་ནི་རང་ཉིད་ཁོ་ན་ལ་དབང་བའི་བསམ་བློ་འདིས་ཁོང་ཅག་གི་རེ་བ་དང་ལྷག་བསམ་ཆུད་ཟོས་སུ་བཏང་ནས་བརྩོན་པའི་གོམས་སྟབས་ཀྱིས་རྩོམ་རིག་གི་ལམ་བུར་ཤུགས་ཀྱིས་བསྙེགས། གཅིག་བྱས་ན་བདག་གི་མཁྲེགས་འཛིན་འདུ་ཤེས་དེས་བདག་ལ་སྙིང་ཉེ་ཞིང་རྩོམ་རིག་གི་དགེ་མཚན་མི་ཤེས་པའམ་ནང་རིག་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཞོར་དུ་རྩོམ་རིག་ལ་བློ་ཁ་ཕྱོགས་མི་རུང་བར་སེམས་མཁན་གྱི་གྲོགས་པོ་དང་། གཉེན་ཉེ་མང་པོ་ཞིག་ལ་སྡུག་བསྔལ་དང་ཡིད་ཆད་སྦྱིན་ཡོད་སྲིད་མོད། གང་ལྟར་མཐའ་མ་དེར་རང་གི་དགའ་མོས་དང་དད་སེམས་འདིས་དམིགས་ཡུལ་ལ་མདུན་བསྐྱོད་བྱས།
སྤྱི་ལོ་༢༠༠༨ ལོར་རྩོམ་དེབ་དང་པོ་(གངས་ལྷའི་ཞབས་རྗེས་སྙེག་པའི་བརྩེ་སེམས།) སྤྱི་ཚོགས་ཐོག་འགྲེམས་སྤེལ་ཐུབ་པ་བྱུང་བ་དེས་བདག་གི་རྩོམ་རིག་གི་ལམ་བུ་འདིར་དུང་ཞེན་དང་སྤོབས་པ་ཆེས་ཆེར་འཕེལ་བར་གྱུར། རྩོམ་དེབ་དེ་ནི་སྙན་ངག་དང་དཔྱད་རྩོམ་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ཞིང་ཤོག་ངོས་༣༠༠ ལྷག་ཡོད། བརྒྱུད་རིམ་འདིའི་ཁྲོད་ནས་རང་ཉིད་ལ་སྦྱོང་བརྡར་རམ་རང་གི་རྩོམ་ཡིག་ལ་ཚོད་ལྟ་ལྟ་བུའི་ཆེད་དུ་འགྲན་རྩོམ་ཁག་ལ་ཆ་ཤས་ལེན་པའི་འགོ་བརྩམས་པ་ཡིན། བདག་འགྲན་རྩོམ་འབྲི་མཁན་གྱི་གྲས་སུ་ཐོག་མར་ཞུགས་པའི་རྩོམ་ཡིག་སྟེ། (རེ་བའི་སྲུང་བའི་བོད་)ཅེས་པའི་རྩོམ་ཡིག་དེར་ཨང་རྩེར་སོན་གྱི་བྱ་དགའ་མ་ཐོབ་མོད། འགྲན་རྩོམ་ཡོངས་ཀྱི་ཨང་བརྒྱད་པ་དང་རྩོམ་ཡིག་ལེགས་ཤོས་ཀྱི་གྲས་སུ་བདམས་ཏེ་(རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་ས།) ཞེས་པའི་ཆེད་དེབ་ཏུ་འགོད་ཐོན་བྱུང་བ་དེས་རང་གི་རྩོམ་ཡིག་གི་ཆུ་ཚད་ཀྱི་ཚད་གཞི་ཅུང་མཐོ་བའི་ཕྱོགས་སུ་འགྲོ་བཞིན་པའི་ངེས་རྙེད་ལྟ་བུ་བྱུང་། དེ་རྗེས་དབུ་མའི་ལམ་གྱི་ཡོངས་ཁྱབ་རྩོམ་ཡིག་འགྲན་བསྡུར་ཁྲོད་གུས་པའི་རྩོམ་ཡིག་(དབུ་མའི་ལམ་དང་མ་འོངས་བོད་ཀྱི་མདུན་ལམ་)ཞེས་པ་དེར་རྩོམ་ཡིག་ཡོངས་ཀྱི་ཨང་གཉིས་པའི་བྱ་དགའ་ཐོབ།
སླར་ཡང་(གསེར་འོད་ལམ་ལམ་དུ་འཚེར་བའི་མུ་ཏིག་རྡོག་པོ་) ཞེས་པའི་རྩོམ་ཡིག་དེར་ཨང་རྩེ་གྲས་ཀྱི་བྱ་དགའ་ཐོབ། དེ་རྗེས་(གོ་ལའི་མཐའ་གྲུ་བརྒལ་བའི་སྙིང་སྟོབས་ཀྱི་མེ་ལྕེ་) ཞེས་པའི་རྩོམ་ཡིག་དེར་ཨང་དང་པོའི་བྱ་དགའ་ཐོབ། ༢༠༡༡ ལོར་ཅུང་ལེགས་རྩོམ་གྱི་ཕྱོགས་སུ་གཏོགས་པའི་དཔྱད་རྩོམ་རྣམས་ཕྱོགས་བསྡུས་ཀྱིས་དེབ་ཕྲེང་གཉིས་པ་(ཤེས་རབ་བླ་འབོད་) འགྲེམས་སྤེལ་བྱས། དེབ་འདིར་ཤོག་ངོས་༢༠༠ ཡོད། རྩོམ་དེབ་འདིར་ཆེན་པོ་དང་མཁས་པ་ག་གེ་མོས་གདེང་འཇོག་གང་འཚམ་གནང་ཞིང་། ཀློག་མཁན་མང་པོ་ཞིག་གིས་སྔ་ཕྱིར་འཕྲིན་ཡིག་དང་། ཁ་པར་བརྒྱུད་དགའ་བསུ་ཚད་མཐོར་ཞུས་པ་མ་ཟད། དེབ་རིགས་ལ་ཞེན་པ་ལོག་པའི་སྤྱི་ཚོགས་འདིར་དེབ་གྲངས་༤༥༠ ལྷག་བྲིན་རྒྱུགས་བྱུང་བ་དེས་རང་གིས་རང་ལ་ཧ་ལས་པ་ལྟ་བུ་བྱུང་། དུས་མཚུངས་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་དང་། དཔྱད་རྩོམ་དུས་དེབ་ (དུས་འགྱུར) རྩོམ་སྒྲིག་པ་སོགས་ཀྱིས་སྔ་ཕྱིར་གུས་པའི་རྩོམ་ཡིག་ལ་གདེང་འཇོག་དང་བསྔགས་བརྗོད་གནང་བ་དང་། རྩོམ་ཡིག་མང་པོ་ཞིག་དྲ་ཚིགས་ཁག་གི་ལེགས་རྩོམ་གྱི་གྲས་སུ་ཡང་ཡང་བདམས། དྲ་ཚིགས་རྩོམ་སྒྲིག་པ་འགའ་ཤས་ཀྱིས་བཤུས་ནས་ཁུར། རྩོམ་སྒྲིག་པ་ཕལ་མོ་ཆེས་རྩོམ་འབྲིའི་རེ་སྐུལ་ཡང་ཡང་གནང་བ་སོགས་གུས་པའི་རྩོམ་འབྲིའི་ལས་བྱ་ལ་གྲུབ་འབྲས་གང་འཚམས་ཐོན་པའི་རྟགས་མཚན་མངོན་པར་གྱུར། ༢༠༡༣ ལོར་དེབ་ཕྲེང་གསུམ་པ་དཔྱད་བརྗོད་སྙན་ངག་ (རྟོག་འགྱུའི་ང་རོ་) པར་སྐྲུན་ཟིན་པ་དང་འདིས་ཀྱང་ཀློག་པོ་གང་མང་ཞིག་གི་ཐུགས་རེ་སྐོང་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།
བསམ་བློའི་ཁ་ཕྱོགས་ལ་འགྱུར་ལྡོག
རྩོམ་རིག་གིས་འཚོ་བའི་བདེ་སྐྱིད་མཁོ་སྤྲོད་དང་། སྤྱི་ཚོགས་སྣེ་འཁྲིད་བྱེད་པའི་དོན་དངོས་ཀྱི་བསམ་བློ་འདི་ད་ལྟའི་བོད་ཀྱི་སྤྱི་ཚོགས་ལ་ཆ་མཚོན་ན་ཆེས་ཉུང་ཉུང་རེད། ལྷག་པར་དུ་ནང་ཆོས་ཁོ་ན་མཆོག་ཏུ་གྱུར་བ་ལས་གཞན་པའི་སློབ་སྦྱོང་གལ་ཆུང་དང་། མཁོ་མེད་དུ་ལྟ་བའི་འདུ་ཤེས་འཛིན་པའི་སྤྱི་ཚོགས་འདིར་རིག་གནས་སློབ་སྦྱོང་དང་། རྩོམ་འབྲི་ལས་བྱ་མཆོག་ཏུ་མཐོང་ཞིང་བསྔགས་པ་ཧ་ཅང་་ཉུང་། བདག་ཐོག་མར་རྩོམ་ཡིག་འབྲི་རྩོམ་གྱི་ལས་ལ་ཞུགས་སྐབས་ད་ལྟའི་བོད་ཀྱི་རྩོམ་འབྲི་བ་ཕལ་མོ་ཆེ་ལྟར་རྩོམ་ཡིག་འབྲི་བ་ནི་ལེགས་ཉེས་དབྱེ་འབྱེད་དང་། རྒྱབ་ལྗོངས་བརྩད་འཚོལ། ཕྱོགས་ཡོངས་ལ་དཔྱད་ཞིབ། མཇུག་འབྲས་ཐོབ་བྱའི་དགེ་སྐྱོན་སོགས་ལ་ཆེར་མི་ལྟ་བར་མི་སྣ་ཆེན་པོ་དང་མཐོ་རིམ་མི་སྣ། བླ་མ། དགོན་སྡེ། ཆོས་ལུགས་སོགས་ལ་སྐྱོན་བརྗོད་ཐུབ་ན་རྩོམ་པ་པོ་ཡིན་བསམ་པ་དང་། གང་ཞིག་ཐེར་འདོན་དང་། དགག་སྒྲུབ། ངན་བརྗོད་སོགས་བྱེད་པ་ནས་འགོ་འཛུགས་དགོས་པའི་བསམ་བློའི་ཤུགས་རྐྱེན་དེ་ང་ལ་ཡང་རང་བཞིན་གྱིས་བསླེབས། ད་དུང་གང་ཞིག་ལ་དགའ་ཚུལ་དང་། སུ་ཞིག་གི་བརྩེ་བའི་རྣམ་འགྱུར་སོགས་བརྗོད་བྱར་བྱས་པའི་ལད་ཟློས་རང་བཞིན་གྱི་སྙན་ངག་དམ་དུབ་རེ་བྲིས་ནས་རྩོམ་པ་པོ་ཡིན་སྙམ་པའི་ང་རྒྱལ་དེ་ཡང་ལན་དུ་མར་དང་ལེན་བྱེད་མྱོང་། དུས་ཀྱི་འཁོར་འགྲོས་དང་བསྟུན་ནས། རིན་ཐང་ཅན་གྱི་རྩོམ་ཡིག་མང་པོ་ཞིག་གིས་བདག་གི་བློ་གྲོས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཤུགས་ཆེན་ཞིག་བཏང་སོང་། དེ་དག་ནི་མགོན་པོ་ཀླུ་སྒྲུབ་དང་། རྒྱལ་སྲས་ཞི་བ་ལྷ། དཔལ་ཆོས་ཀྱི་གྲགས་པ་སོགས་རྒྱ་གར་གྱི་ནང་ནང་བསྟན་རིགས་པའི་མཁས་དབང་ཁག་དང་། རྗེ་ཙོང་ཁ་བ་ཡབ་སྲས་སོགས་བོད་ཀྱི་ནང་བའི་མཁས་པ་ཁག ཁྱད་པར་དུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་དང་། ས་སྐྱ་པཎྜ་ཏ། ཁས་དབང་ཟབ་གདོང་རིན་པོ་ཆེ་སོགས་ཀྱི་བཀའ་རྩོམ་དང་། བཀའ་སློབ་ཁག་ཡིན། ད་དུང་བསམ་བློ་བར་གྲགས་པའི་ཤར་ནུབ་ཀྱི་མཁས་པ་དང་། ཚན་རིག་པ་མང་པོ་ཞིག་གི་རྩོམ་ཡིག་དང་གཏམ་བཤད་དག་ཚུད་ཡོད།
རིན་ཐང་སྟོང་གིས་ཕྱུག་པའི་རྩོམ་ཡིག་འདི་དག་གིས་ང་ལ་ཡང་ཡང་དྲན་སྐུལ་བྱས་པ་ནི། ཚོར་སྣང་གི་ཆེད་དུ་རྩོམ་ཡིག་འབྲི་བ་མ་ཡིན་པར་སྤྱི་ཚོགས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་དགོས་པ་དང་། དགག་སྒྲུབ་ཀྱི་ཆེད་དུ་རྩོམ་ཡིག་འབྲི་བ་མ་ཡིན་པར་གྲུབ་འབྲས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་དགོས་པ། ངན་བརྗོད་ཀྱི་ཆེད་དུ་རྩོམ་ཡིག་འབྲི་བ་མ་ཡིན་པར་ཕྱོགས་གཉིས་ལྟ་བའི་བློ་གྲོས་ཀྱིས་རྩོམ་ཡིག་འབྲི་དགོས་པ། གང་ཟག་གི་ཆེད་དུ་རྩོམ་ཡིག་འབྲི་བ་མ་ཡིན་པར་གནས་ལུགས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་དགོས་པ་སོགས་ཆེས་མང་པོ་ཞིག་གི་བསམ་བློའི་ལེགས་སྐྱེས་བསྩལ་བྱུང་། བསམ་བློའི་ལེགས་སྐྱེས་འདི་དག་བདག་ལ་ཐོབ་པ་ནས་བཟུང་ངའི་མཛེས་པའི་སྨྱུག་ཁ་ཡང་སྒེར་གྱི་བརྩེ་དུང་ནས་སྤྱི་ཚོགས་སྣེ་འཁྲིད་ཀྱི་ཕྱོགས་སུ་འཕོས་པ་དང་། དཔྱོད་མེད་ངན་བརྗོད་ལས་ལེགས་ཉེས་དྲང་བརྗོད་ཀྱི་ཕྱོགས་སུ་འཕོས་བར་གྱུར། བསམ་བློའི་འགྱུར་བ་འདིས་ད་ལྟའི་ངའི་རྩོམ་ཡིག་གི་རིན་ཐང་ཡོད་ཚད་ཀྱི་རྨང་གཞི་བྱས་ཡོད། རིན་ཐང་ཅན་གྱི་རྩོམ་ཡིག་དག་གིས་ང་ལ་སྐྱོན་བརྗོད་རྩོམ་ཡིག་འབྲི་མི་ཉན་པར་བསྟོད་བསྔགས་ཁོ་ན་བརྩེག་དགོས་པའི་ལངས་ཕྱོག་གནང་བ་མ་ཡིན་པར། ལེགས་ཉེས་ཀྱི་ཕྱོགས་གཉིས་ཀ་གླེང་དགོས་པ་དང་། དེ་ཡང་རྒྱུ་མཚན་དང་། རྒྱབ་ལྗོངས། ལེགས་པའི་མཇུག་འབྲས་ལྡན་པའི་གཞི་རྩའི་བསམ་བློའི་ཁ་ཕྱོགས་ཀྱིས་སྨྱུ་གུ་བཟུང་ནས་ལམ་དུ་ཆས་དགོས་པའི་མན་ངག་གནང་བ་རེད།
ནོར་འཁྲུལ་དང་སྟོང་ཆ།
ད་བར་བྲིས་པའི་རྩོམ་ཡིག་དག་ལ་ཕྱིར་མིག་དང་བསྐྱར་ཞིབ་བྱེད་སྐབས་སྐྱོན་དང་ནོར་འཕྲུལ་གྱི་ཆ་མང་པོ་ཞིག་ཀྱང་མཐོང་སྣང་དུ་ཤར་འོང་བ་དང་། དེ་དག་ལེགས་བཅོས་ཀྱི་བསམ་བློ་དང་། ངོ་གནོང་གི་ཚོར་བ་རེ་ཡང་ངང་གིས་སྐྱེ་བཞིན་འདུག ད་བར་བདག་གི་བྲིས་རྩོམ་དག་གི་ཁྲོད་དུ་ཆེས་ནོར་འཁྲུལ་ཆེ་ཤོས་གཅིག་ནི་ཡིག་ནོར་ཤོར་བ་དག་ཡིན། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་རྩོམ་ཡིག་ཁག་གི་ཡིག་ནོར་གྱི་ཁ་གྲངས་ལ་ལྟོས་ནས་བལྟས་ན་ཁོ་བོའི་ཡིག་ནོར་གྱི་གྲངས་ཀ་མང་པོ་ཞིག་མིན་མོད། འོན་ཀྱང་རྩོམ་དེབ་སྔ་ཕྱི་གཉིས་ཀྱི་ནང་དུ་བལྟས་བལྟས་རིག་རིག་ལ་ཡིག་ནོར་ཁ་ཤས་ཤིག་ཤོར་འདུག་པ་དང་། དུས་རྒྱུན་དུས་དེབ་དང་དྲ་ཚིགས་ཁག་ཏུ་བཀོད་པའི་རྩོམ་ཡིག་ཁག་ཏུའང་ཡིག་ནོར་ཁ་ཤས་ཤོར་འདུག དེ་ནི་ཕྱོགས་གཅིག་ནས་རང་ཉིད་ཀྱིས་བརྡ་དག་རིག་པར་ནང་བྱན་མ་ཆུད་པའི་མངོན་རྟགས་ཤིག་དང་། ཕྱོགས་གཞན་ཞིག་ནས་ལེགས་ཞིབ་དོ་ནན་གྱིས་མ་འདང་བའི་གནད་དོན་ཞིག་ཀྱང་རེད། རྩོམ་ཡིག་འབྲི་བ་ནི་སྤྱི་ཚོགས་དང་། སྣེ་འཁྲིད་ཀྱི་ཆེད་དུ་ཡིན་པའི་བསམ་བློའི་འདིའི་ཐོག་ནས་བལྟས་ན་ཚིག་སྦྱོར་སྒྲིག་ཤེས་པ་ཙམ་གྱིས་མི་ཆོག་པར་རྩོམ་འབྲིའི་རྒྱབ་ལྗོངས་ན་གོ་རྟོགས་དང་། ཉམས་མྱོང་། དམིགས་རྒྱང་། ལོ་རྒྱུས། ཆབ་སྲིད། དེང་དུས་ཀྱི་ཤེས་ཡོན་སོགས་ལ་དཔྱོད་ཤེས་ཀྱི་མིག་དང་། ལེགས་འབྱེད་ཀྱི་བློ་གྲོས་ཡོད་དགོས་པ་སྨྲོས་མེད་རེད།
དེ་བས་ཁོ་བོར་མཚོན་ན་འདི་དག་གི་གོ་རྟོགས་ཧ་ཅང་ཞན། དེ་ལྟར་ཡང་གང་ལ་ཡང་དོ་སྣང་ཆེ་བ་དང་། ནང་དོན་རིགས་པའི་ལྟ་གྲུབ་ཀྱི་སྒྲོབ་གཞི་དང་། བསམ་བློའི་མཛུབ་སྟོན་དག སྤྱི་ཚོགས་དང་། མི་རིགས། མི་སྒེར་བཅས་ལ་ཕྱོགས་འགྲོས་བྱེད་པའི་བློ་མིག་གི་ནུས་པ་ཅུང་ཙམ་ཡོད་པ་དང་། ལྷན་བཅས་ཀྱི་རྣམ་རིག་གི་ནུས་པ་ཅུང་ཙམ་ཡོད་པའི་གཞི་རྟེན་འདིའི་ཐོག་ནས་ད་བར་དུ་མདུན་སྐྱོད་ཀྱི་འོག་ངོགས་བཙལ་བ་ཡིན། རེད་དེ། རི་རྒྱལ་ལྟ་བུའི་བསམ་བློ་དང་ཉམས་མྱོང་སོགས་ཀྱི་སྟོང་ཆ་གང་ཞིག་གིས་བདག་གི་མགོ་མཇུག་བར་གསུམ་གནན་ཡོད་པ་ཡང་དང་ལེན་བྱེད་ཀྱི་ཡོད། ད་བར་རྩོམ་ཡིག་འགྲེམས་སྤེལ་གྱི་རྒྱུད་རིམ་ཁྲོད་དུ་ཁོ་བོར་བསྟོད་བསྔགས་ཀྱི་མཆན་བུ་འབྲི་མཁན་དང་། སྐྱོན་བརྗོད་ཀྱི་མཆན་བུ་འབྲི་མཁན་གཉིས་ནི་བལྡབས་ཀྱིས་བསྟོད་པ་བྱེད་མཁན་གྱི་མང་མོད། སྐྱོན་བརྗོད་བྱེད་མཁན་ཡང་གང་འཚམ་བྱུང་། བློ་ཕམ་པ་ཞིག་ལ་སྐྱོན་བརྗོད་བྱེད་མཁན་དེ་དག་གིས་“ཁྱེད་རང་ང་རྒྱལ་ཆེ་ས་རེད”། “ཁྱེད་རང་གིས་ཇུས་གཏོགས་བྱེད་རྒྱུ་མང་དྲགས་སོང”། “ཁྱེད་རང་ལ་ཆོས་ལུགས་ཀྱི་བསམ་བློ་འདུག”ཟེར་ནས་མི་གཞིའི་ཁྱད་པར་གྱི་བྱེ་བྲག་རེ་རེ་ལ་སྐྱོན་བརྗོད་བྱེད་པ་མ་གཏོགས་གང་ཞིག་བརྗོད་པ་དེར་ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་པ་བཏོན་ནས་གང་ཡང་མ་བརྗོད་པས་དེ་དག་གི་སར་ནས་བསམ་བློའི་སློབ་སྟོན་གང་ཡང་ལེན་རྒྱུ་མ་བྱུང་།
བདག་གི་རྩོམ་ཡིག་ངོས་ལེན་མི་བྱེད་པའི་རྩོམ་སྒྲིག་པ།
ད་བར་བདག་གིས་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་། ཚགས་པར་གྲགས་ཆེ་ཆུང་མང་པོ་ཞིག་ལ་་རྩོམ་ཡིག་བསྐུར་བ་ཡིན། དེ་དག་ལས་གཞར་ཡང་བདག་གི་རྩོམ་ཡིག་ངོས་ལེན་མི་བྱེད་མཁན་གྱི་རྩོམ་སྒྲིག་པ་ནི་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་གཅིག་བུ་རེད། ངས་དུས་བབ་རྩོམ་སྒྲིག་ཁང་ལ་དཔྱད་རྩོམ་ཁོ་ནའི་རིགས་སུ་གཏོགས་པའི་རྩོམ་ཡིག་བཅུ་ཕྲག་བརྒལ་བ་སྔ་ཕྱིར་བསྐུར་བ་ཡིན། འོན་ཀྱང་ངས་ཤེས་ཚོད་ལ་དུས་བབ་ཚགས་ཤོག་ཏུ་ཁོ་བོའི་རྩོམ་ཡིག་གཅིག་ཀྱང་འགོད་ཐོན་མ་བྱུང་། མཚམས་རེར་རྩོམ་ཡིག་འགོད་ཐུབ་མིན་གྱི་སྐད་ཆ་འབྲི་སྐབས་ད་དུང་ཐག་མ་ཆོད་ཟེར་པའི་ལན་རེ་འབྱོར་ཡོང་གི་འདུག དུས་རྒྱུན་ང་དང་ཐག་ཉེ་རྒྱང་གི་རྩོམ་གྲོགས་མང་པོ་ཞིག་གིས་ང་ལ“ཁྱེད་རང་གི་རྩོམ་ཡིག་ཡག་པོ་འདུག དུས་བབ་ཚགས་པར་དུ་བཀོད་དང་ཡག་པོ་ཡོད་རེད”ཟེར་གྱི་འདུག མཚམས་ཤིག་ལ་ཁོང་ཚོས་ང་ལ“ཁྱེད་རང་གིས་དུས་བབ་ཚགས་པར་དུ་རྩོམ་ཡིག་མི་བཀོད་པ་ནི་ཁྱེད་རང་ཞེན་ཁོག་ཆེ་བའི་མཚོན་རྟགས་རེད”ཅེས་འགྲེལ་བཤད་བྱས་བྱུང་། འོན་ཀྱང་ངས་ད་བར་དུ་ཁོང་ཚོར་གསལ་བཤད་གང་ཡང་བྱས་མེད། དེ་རིང་ཁྱེད་ཅག་གིས་རྩོམ་ཡིག་འདི་བཀླགས་པ་བརྒྱུད་ངས་ཞེན་ཁོག་གིས་དུས་བབ་ཚགས་པར་དུ་རྩོམ་ཡིག་མ་བསྐུར་བ་མིན་པ་ཤེས་ཐུབ་པའི་རེ་བ་ཡོད། ང་རང་གིས་ངོས་འཛིན་བྱེད་སྟངས་ནི་ཁོ་བོའི་རྩོམ་ཡིག་གི་ཆུ་ཚད་ཀྱི་ཚད་གཞི་དམའ་དྲགས་ནས་བོད་ཀྱི་དུས་བབ་ཚགས་པར་གྱི་རྩོམ་སྒྲིག་པས་ཚགས་ཤོག་ཏུ་མ་བཀོད་པར་ངོས་འཛིན་བྱེད་ཀྱི་ཡོད།
རྩོམ་ཡིག་འདིའི་དགོས་དོན།
ཁྱེད་ཅག་གིས་རྩོམ་ཡིག་འདི་ཀློག་སྐབས་གཅིག་བྱས་ན་རང་གིས་རང་བསྟོད་བྱེད་བཞིན་ཡོད་པའི་སྣང་བ་ཞིག་འཆར་སྲིད། དེ་ནི་ཁྱེད་རང་གིས་ནོར་བ་རེད། གང་ཡིན་ཟེར་ན་ངས་རྩོམ་ཡིག་འདིར་རང་གི་དགེ་སྐྱོན་གཉིས་ཀ་གླེང་ཡོད། དེས་ན་རང་གིས་རང་གི་དགེ་སྐྱོན་གཉིས་ཀ་གླེང་བ་ནི་རང་ཉིད་གླེང་མཁན་མེད་པར་ཨུ་ཐུག་པ་རེད་སྙམ་སྲིད། དེ་ཡང་ཁྱེད་རང་ནོར་བ་རེད། གང་ཡིན་ཟེར་ན་རང་ལ་རྒྱུས་ཆེ་ཤོས་ནི་རང་ཉིད་ཁོ་ན་ཡིན། བྱ་བ་གང་ཞིག་དང་། ལས་ཀ་གང་ཞིག་ཡིན་ཡང་སྔར་སོང་ལ་ཕྱིར་མིག་དང་། མ་འོངས་པར་ཕུགས་བསམ། ནོར་འཁྲུལ་ལ་ལེགས་བཅོས་བྱེད་པ་ནི་མདུན་སྐྱོད་ཀྱི་ཐབས་དམ་པ་ཞིག་རེད། དེ་བས་ཁོ་བོས་ཀྱང་རང་གི་སྔར་སོང་ལ་ཕྱིར་མིག་བལྟས་ནས་ནོར་འཕྲུལ་ལ་ལེགས་བཅོས་བྱེད་བསམ་པ་དང་། རང་གིས་མ་འཇོན་པ་ཚང་མ་ཁོར་ཡུག་ཁོ་ན་ལ་ཁག་དཀྲི་བྱེད་པའི་བསམ་བློ་ཅན་ཚོར་དོན་དངོས་ཀྱི་གསལ་བཤད་ཅིག་བྱེད་བསམ་པ་ཡིན།
༢༠༡༣/༤/༡༩ ལ་བྲིས།
བོད་ཀྱི་རྩོམ་པ་པོ་ཡིན་པའི་ཁྱབ་བསྒྲགས་ཡག་ཐག་ཆོད་ཅིག་གནང་སོང་། འཚམས་འདྲི་ཡོད།
ཁྱེད་རང་གི་ལྟ་སྟངས་དེ་འདྲ་ཡོང་བའི་ཚོད་དཔག་སྡོན་ནས་ཡོད་ལ། དེའི་ལན་ཡང་མཉམ་དུ་བརྒྱབས་ཡོད། རང་གི་དགོངས་ཚུལ་གསུངས་པར་དགའ་བསུ་ཞུ།
བསམ་ཕོད་པ། བཤད་པ་ཕོད་པ། སྒྲུབ་ཕོད་པའི་རྩོམ་པ་པོའི་དཔུང་ཁག་ཉིད་འདྲ་བ་ནི་དུས་ཉི་ཤུ་རྩ་གཅིག་པའི་རྩོམ་པ་པོའི་ཁྱད་ཆོས་རེད་འདོད།
སྐུ་ཉིད་ཀྱི་རྩོམ་རིག་ལམ་བུའི་ཐོག་ནས་སློབ་སྦྱོང་ཞུ་འོས་པ་མང་པོ་ཞིག་མཐོང་སོང་། ལྷག་པར་དུ་ཚགས་པར་དང་དུས་དེབ་ཁག་ལ་རྩོམ་གྱི་ཞལ་འདེབས་གང་མང་གནང་འདུག་པ་རྗེས་སུ་ཡི་རངས་ཞུ། གུས་མོ་ནི་རང་ཉིད་ཀྱི་རྩོམ་ཡིག་བསྐུར་ཀྱང་། གཞན་གྱིས་འགོད་སྤེལ་བྱེད་ཀྱི་མ་རེད་སྙམ་ནས་འཁུམས་སྡོད་མཁན་ཞིག་ཡིན།
ང་ཡང་ཀྱག་ཀྱོག་གི་ལམ་བུ་འདི་འདྲ་ཞིག་བརྒྱུད་ནས་ཡོང་བའི་མགྲོན་པོ་ཁེར་རྐྱང་ཞིག་ཡིན།
ཚེ་རིང་ལྷ་མོ་ལགས་དེང་སང་ཕོ་མོ་འདྲ་མཉམ་རེད་ཁུམས་དགོས་པ་ཡོད་པ་མ་རེད། རང་གི་རྩོམ་དེ་རིགས་བསྐུར་ན་ཏན་ཏན་འཇུག་གི་རེད། ང་ཡང་ཁྱེད་ཀྱི་རྩོམ་དེ་རིགས་ཆ་ཚང་ཀློག་མཁན་ཞིག་ཡིན་སྙན་པོ་འབྱུང་གི་འདུག
ཀླུ་སྨྱོན་ལགས་ལ་ད་ཨ་རིའི་ན་ཚ་དེ་འགོས་ཡོད་ས་རེད། ཁེར་རྐྱང་གི་སེམས་ནད་ཀྱི་སྐྱོ་སྣང། lonely fleeing
ན་གཞོན་རྩོམ་པ་བོ་སེར་ཤུལ་རིན་ཆེན་དོན་གྲུབ་ལགས་སུ་བཀྲ་ཤིས་བདེ་ལགས་ཞུ། ཁྱེད་ཀྱི་འབོལ་རྩོམ་འདི་ལ་མི་གཤིས་ཀྱི་དྲི་མ་ཞིམ་པོ་ཞིག་གིས་ཡོངས་སུ་ཁྱབ་འདུག ཁྱེད་ཀྱི་མིང་འདི་ལོ་ཤས་གོང་ནས་དུས་དེབ་དང་ཚགས་ཤོག་མང་བོ་ཞིག་གི་ཐོག་ནས་ཡང་ཡང་མཐོང་བྱུང་།
མུ་མཐུད་དུ་ཤུགས་རྒྱོབས།
སེར་ཤུལ་རིན་ཆེན་དོན་གྲུབ་ལེགས། ནང་རིག་པ་ལ་སྦྱོང་བཞིན་རྩོམ་ཡིག་མང་པོ་དུས་དེབ་དང་གསར་ཤོག་རྣམས་སུ་བསྐུར་ཏེ་སྤར་པར་ངོ་མཚར་ཆེ་ཞུ།
་
བདག་ནི་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་དག་སྲུང་བ་ལ་བརྩོན་མཁན་ཞིག་ཡིན་པས། འདི་མི་ཞུ་ཐབས་མེད་བྱུང་། སྔར་གྱི་དཔེ་ཆ་རྣམས་དང་མི་མཐུན་པའི་དག་ཆ་འགའ་ཞིག་མཐོང་བ་ལས་གཅིག་ནི། ཡོངས་གྲགས་ཀྱི་སྔར་གྱི་གཞུང་དཔེ་ན་མེད་པའི་བྱ་ཚིག་འདས་པ་ཞིག་ལ་བ་ཡི་སྔོན་འཇུག་ཡོད་པ་དེ་སྔར་གྱི་ལུགས་ལ་རྩི་མི་དགོས་པའི་སྲོལ་གསར་པའི་ལུགས་ཡིན་པ་གོར་མ་ཆག་གོ །
བོད་ཀྱི་དུས་བབ་ཚགས་པར་ནང་ཁོ་རང་གི་རྩོམ་ཡིག་བཀོད་མ་སོང་ཟེར་ནས་བློ་ཕམ་འདྲ་ཞིག་བྱས་འདུག ཁག་ཡོད་པ་མ་རེད་སྙམ། ཁྱོད་ཀྱི་གྲྭ་ཤག་ནང་གི་དེབ་དང་ཚགས་པར་ཁག་ལ་ཅིག་ལྟོས་དང་། བོད་ཀྱི་དུས་བབ་ཀྱིས་ཁྱོད་ཀྱི་ཀུན་སློང་སྔ་མོ་ནས་ཤེས་ཚར་ཡོད་པ་རེད།
རྩོམ་པ་པོ་ལགས། ཁྱེད་ཀྱིས་སློབ་སྦྱོང་བྱས་ཚུལ་གྱི་ནང་དུ་རྒྱལ་དབང་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་གསུང་ལ་སློབ་སྦྱོང་བྱས་ཚུལ་གསུངས་འདུག རྒྱལ་དབང་སྐུ་ཕྲེང་བཅུ་པ་འདི་དགུང་ལོ་ཧ་ཅང་གཞོན་དུས་འདས་པ་རེད། ཁོང་ལ་གསུང་རྩོམ་འདྲ་ཡོད་པ་གོ་མ་མྱོང་། དེའི་སྐོར་ཞིག་གསུངས་དང་།
སྤོབས་པ་བྱོན་པ་ལེགས། ང་ཡིན་ན་ཁྱེད་ཀྱིས་བཞི་འབྲི་རྒྱུ་ཆད་འདུག་ཞུ་ཐུབ་ཙམ་རེད། མ་གཞི་ནས་སྤོབས་པ་མེད་ན་རང་རང་རེད། ཧ་ཧོ་ཞུ་སྟངས་ཙམ་ལ་ཡང་མཐའ་ཡས་པ་རེད་འདུག
དྲ་གྲོགས་རྣམ་པ་ལ་འཚམས་འདྲི་ཞུ། དགོངས་སེལ་ཞུ་རྒྱུ་ཞིག་ལ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཞེས་འབྲི་བསམ་པ་ལས་སྐུ་ཕྲེང་བཅུ་བ་ཞེས་བྲིས་འདུག དེ་ནས་དྲ་གྲོགས་རྣམ་པས་མཁྱེན་དགོས་པ་ཞིག་ལ་གོང་གི་དེབ་ཀྱི་པར་དེ་ཚོ་ང་རང་གི་རྩོམ་ཡིག་བཀོད་སའི་དེབ་དང་ཚགས་པར་ཡིན་གྱི་ངའི་སློབ་གཞི་དག་ནི་མ་ཡིན་ནོ།། དུས་བབ་ཚགས་པར་དུ་ཁོ་བོའི་རྩོམ་ཡིག་མ་བཀོད་པ་དེར་བློ་ཕམ་གང་མེད། ངས་དུས་བབ་ཚགས་པར་དུ་རྩོམ་ཡིག་འགོད་ཀྱི་མི་འདུག་བསམ་པའི་ཉེ་རྒྱང་གི་གྲོགས་པོ་ཚོར་གསལ་བཤད་བྱས་པ་ཙམ་ཡིན།