སྤྱན་ཆེན་པོ།
———འདས་པོ་རྔ་བ་ཆོས་གྲགས་ལ།
གླེགས་བམ་འཁུར་བའི་རྒྱང་བཞུད་ཀྱི་བཙུན་ཆུང་དེ
མཚན་མོའི་ཧྲག་བར་ནས་ཐོལ་གྱིས་མངོན་པའི་
ལག་ཟུང་དམར་པོ་དེའི་སྐྱོ་རོགས་སུ་གྱུར་བས
གངས་རིའི་ཕྱི་ནང སླར་ཡང་ཆང་ཕོར་གྱི་ཁ་ན་སྐད་ངག་འཛེར་འཛེར་ངང
ཕྱི་རོལ་གྱི་ཁ་དབུགས་བརྔུབས་ནས
ཆེས་མཐོ་བའི་རི་ཚོགས་ཀྱི་རྩེར་སྙེག་དུས
གླེགས་བམ་མཐུག་པོ་དེ་ཀློག་མཁན་ནི་ཁྱོད་ཁོ་ན་ཡིན་པས
མཐོ་སྒང་ནས་དགུན་གྱི་མེ་ཏོག་ཅིག་བཞད་པ་སུས་ཀྱང་ཤེས་མེད
ཐ་སྙད་ཀྱིས་མི་ཐེག་པའི་ཉི་འོད་ཁྱོད་བཞུད་སྔ་སོང་བས
མུན་ནག་གི་བྲང་གཞུང་དུ་ཅེར་རེར་བལྟས་ན
འདར་སུག་སུག་བྱེད་པ་ནི
ཁྲག་ཐིགས་ནག་པོ་འགའི་སྣང་བརྙན་ལས་མ་ཡིན་ནོ
༢༠༡༥-༢-༢༣